བོད་མིའི་སྒྲིག་འཛུགས་ནས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ནང་བཞིན་གྱིས་གསར་འབྱོར་ཚོར་མཐུན་རྐྱེན་བསྐྲུན་པ་ཉུང་དྲགས་མེད་ཀྱང་མུ་མཐུད་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁོར་ནས་ས་ཁང་རག་པར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་སོང་། དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ ༣ པའི་ཉིན། ཁ་སང་གི་ལས་རིམ་མཇུག་སྐྱོང་གནང་སྟེ་ནང་སྲིད་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྐབས། སྤྱི་འཐུས་ཁག་ཅིག་ནས་བོད་མི་གསར་འབྱོར་བ་རྣམས་ལ་སྡོད་ཁང་གསར་རྒྱག་སྐོར་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་མདོར་བསྡུས་ནང་གསལ་མེད་པ་དང་། གསར་འབྱོར་བ་ནི་གཞིས་བྱེས་གཉིས་བར་ན་བར་ལྷག་ཅིག་ཆགས་ཏེ་འཚོ་བའི་གནས་སྟངས་དཀའ་ལས་ཁག་པོ་ཆགས་ཡོད་པ་དང་། ནམ་ཞིག་ལ་གསར་འབྱོར་བ་མེད་པ་ཆགས་དུས་ཁང་པ་བརྒྱབ་ནའང་ཕན་ཐོགས་མེད་སྟབས། ད་ལྟ་བཀའ་ཤག་ནས་གསར་འབྱོར་ཚོར་སྡོད་ཁང་གསར་རྒྱག་སོགས་ཀྱི་འཚོ་བའི་མཐུན་རྐྱེན་བསྐྲུན་ཐབས་དགོས་སྐོར་སོགས་དགོངས་ཚུལ་དང་འབོད་སྐུལ་ཞུས་སོང་།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དེའི་ཐད་ལན་འདེབས་གསལ་བཤད་གནང་སྐབས། བོད་ནས་འབྱོར་མཁན་ཡོད་པའི་སྐབས་ལ་ཆ་རྐྱེན་བསྐྲུན་དགོས་ཀྱི་འདུག མི་མེད་དུས་བཟོ་སྐྲུན་བྱས་པ་ཡིན་ནའང་ཕན་ཐོགས་གང་ཡང་མེད་ཅེས་པ་དངོས་ཡོད་རང་རེད། ཐུབ་མ་ཐུབ་ཟེར་རྒྱུ་དེ་གནས་སྟངས་གཅིག་རེད། བྱས་མ་བྱས་ཟེར་རྒྱུ་དེ་གནས་སྟངས་གཅིག་རེད། མཐུན་རྐྱེན་འཛོམས་མ་འཛོམས་ཟེར་རྒྱུ་དེ་གནས་སྟངས་གཅིག་རེད། གནས་སྟངས་མང་པོ་ཞིག་ལ་གཟིགས་དགོས་ཡོད་དུས། བཀའ་ཤག་གི་ལས་ཡུན་ལོ་གཉིས་དང་ཕྱེད་ཀའི་ནང་ཁྱིམ་ཚང་ ༡༣༣༠ ཙམ་འདུག་ཟེར་བ་དེའི་ནང་ལོགས་ནས་ནང་གསེས་ཆ་རྐྱེན་དབྱེ་བ་བྱས་ཏེ། ཆ་རྐྱེན་ཚང་བ་རྣམས་ལ་ཏན་ཏན་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་སྤྱི་འཐུས་ཁག་ཅིག་གིས། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། བོད་མིའི་མཉམ་འབྲེལ་ཁག་གི་གནས་སྟངས་ཉམས་ཆགས་སུ་ཕྱིན་ཡོད་པ། དེ་བཞིན། གཞིས་ཆགས་ཁག་ཅིག་གི་ནང་འགྲོ་ལམ་སོགས་ཀྱི་གནས་སྟངས་ཡག་པོ་མེད་པའི་སྐོར་ལ་དོགས་འདྲི་ཞུས་པར་ནང་སྲིད་བཀའ་བློན་མཆོག་གིས། གཞིས་ཆགས་སྲ་བརྟན་ནི་བོད་མིའི་སྒྲིག་འཛུགས་གནས་མི་གནས་ཀྱི་གཞི་རྩ་ཆགས་ཡོད་པ་དང་། གཞིས་ཆགས་སྲ་བརྟན་མེད་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ཁོ་ན་སྲ་བརྟན་གནས་ཐབས་མེད་པར་བརྟེན། གཞིས་ཆགས་སྲ་བརྟན་ཡོང་རྒྱུ་ནི་ནང་སྲིད་ལས་ཁུངས་གཅིག་པུའི་ལས་དོན་ཞིག་མ་ཡིན་པར་དམངས་གཙོའི་ཀ་བ་གསུམ་ལ་ནུས་པ་གང་ཡོད་པ་དེ་འདོན་དགོས་པའི་དུས་ཚོད་ཅིག་སྔ་མ་དྲགས་ནའང་ཕྱི་དྲགས་མེད་སྐོར་དང་། མཉམ་འབྲེལ་གཙོས་གཞིས་ཆགས་ཁག་ཅིག་གི་གནས་སྟངས་ཡར་རྒྱས་གཏོང་ཐུབ་ཀྱི་མེད་པ་ནི་མི་ཆ་མེད་པས་རྐྱེན་གྱི་ཡིན་སྐོར་གསུངས་སོང་།
དེ་བཞིན་བྷན་ད་ར་གཞིས་ཆགས་ཀྱི་ལམ་ཁའི་དཀའ་ངལ་སྐོར་ལ་ཁོང་གིས། རྒྱ་གར་གཞུང་ནས་ས་གནས་དེར་ཆུ་མཛོད་ཅིག་བརྒྱབས་ཡོད་སྟབས། ཁྲིམས་ལུགས་ལྟར་ཆུ་མཛོད་ཆེན་པོ་སོགས་ཀྱི་ཉེ་འཁྲིས་སུ་འཛུགས་སྐྲུན་བྱེད་མི་ཆོག་པར་བརྟེན། བྷན་ད་ར་གཞིས་ཆགས་ཀྱི་ལམ་ཁ་འཕྲལ་སེལ་བཟོ་སྐྲུན་མ་གཏོགས་གཞན་བྱ་ཐབས་མེད་སྐོར་སོགས་གསུངས་སོང་།
ཡང་སྤྱི་འཐུས་ཁག་ཅིག་ནས་གསར་འབྱོར་ཚོ་བོད་ནས་༧གོང་ས་མཆོག་ལ་མཇལ་བའི་ཆེད་དུ་རྒྱ་གར་ལ་ཡོང་བ་ཡིན་པས་བཞུགས་སྒར་ཉེ་འཁྲིས་སུ་གང་ཐུབ་ཀྱིས་གནས་ཐབས་བྱེད་ཀྱི་ཡོད་ནའང་། དྷ་རམ་ས་ལར་ཁ་བྲལ་ཏེ་སླར་ཡང་རྒྱ་གར་བྱང་ཤར་ཁུལ་དུ་འགྲོ་དགོས་བྱུང་ཚེ། ཁོ་ཚོའི་འཚོ་གནས་ལ་གྱོང་གུད་ཐེབས་ཀྱི་ཡོད་པར་བརྟེན། བཞུགས་སྒར་རང་མིན་ནའང་དྷ་སའི་ཉེ་འཁོར་སོགས་ནས་སྡོད་ཁང་མཁོ་སྤྲོད་ཅིག་གནང་ཐབས་དགོས་གལ་ཆེ་སྐོར་དང་། གསར་འབྱོར་བ་བརྒྱ་ཆ་ ༩༠ ཡིས་ཧི་མ་ལའི་རི་རྒྱུད་བརྒལ་ཏེ་རྒྱ་གར་ནང་ཡོང་དོན་ནི་བོད་ཀྱི་འཐབ་རྩོད་ཆེད་ཡིན་ནའང་། ཉེ་བའི་ལོ་ཤས་ནང་ལོ་ན་ ༡༨ འོག་གི་བོད་ནས་གསར་དུ་འབྱོར་བ་རྣམས་བོད་ཁྱིམ་སློབ་གྲྭར་བཏང་སྟེ་ལོ་གཅིག་གི་རྗེས་ཡིག་རྒྱུགས་མ་ལོན་པར་སློབ་ཕྲུག་ ༧༠ དང་ ༨༠ ཡས་མས་ལྷག་འགྲོ་ཡི་ཡོད། དེར་བརྟེན། བོད་ནས་བཀའ་ཤག་ནས་གང་ཐུབ་ཀྱིས་སྡོད་གནས་ངེས་མེད་དུ་གྱུར་བའི་གསར་འབྱོར་བ་ཚོའི་བདེ་སྡུག་ལ་ལྟ་རྟོག་བྱེད་རྒྱུ་ནི་གཞིས་ཆགས་སྲ་བརྟན་ལས་གལ་ཆེ་སྐོར་སོགས་བརྗོད་སོང་།
དེའི་སྐོར་ལ་ནང་སྲིད་བཀའ་བློན་མཆོག་གིས། ཁོང་ནས་བལ་ཡུལ་སྣེ་ལེན་ཁང་དུ་ཕྱག་ལས་གནང་བ་བརྒྱུད་གསར་འབྱོར་བོད་མི་ཚོར་མཐུན་སྦྱོར་རོགས་རམ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ནང་བཞིན་བྱེད་ཀྱི་ཡོད་སྟབས། གཞུང་ངོས་ནས་གསར་འབྱོར་ཚོར་མཐུན་རྐྱེན་སྦྱོར་སྤྲོད་བྱས་པ་འཐུས་མེད་ནའང་ཉུང་དྲགས་མེད་སྐོར་དང་། གསར་འབྱོར་ཚོར་བཞུགས་སྒར་དུ་སྡོད་ཁང་གསར་རྒྱག་བྱེད་པར་དངུལ་ཡོད་ནའང་ས་ཆ་མེད་པའི་དཀའ་ངལ་ཡོད་ཀྱང་། དྷ་རམ་ས་ལའི་ཉེ་འཁོར་དུ་སྡོད་ཁང་འཛུགས་སྐྲུན་བྱེད་པར་ཐབས་ཤེས་ཡོད་ཚེ་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་ལ། གསར་འབྱོར་མང་ཆེ་བས་བཞུགས་སྒར་ཁུལ་དུ་སྡོད་ཁང་རག་ན་༧སྐུའི་བཞུགས་གནས་དང་ཐག་ཉེ་སྐོར་བཤད་ཀྱི་ཡོད་ཀྱང་། མ་འོངས་པར་ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ཚེ་ས་ཐག་རིང་པོ་མ་གཏོགས་ཐག་ཉེ་བོར་བསམ་བློ་གཏོང་མཁན་ཁག་པོ་ཡིན་སྐོར་གསུངས་སོང་།
དེ་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་སྤྱི་འཐུས་རྒྱུན་ལས་ནས་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ་བཅས་སྙན་སྒྲོན་ཞུས་རྗེས། དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་། བཀའ་ཤག་ནས་ལན་འདེབས་གསལ་བཤད་མགོ་འཛུགས་གནང་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
༄༅། ནང་སྲིད་བཀའ་བློན་བཀའ་དྲིན་ཆེ། བོད་མི་མང་གི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་གྱི་འདུག་་
ནམ་ཡང་ཁྱེད་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། སྐུ་ཚེ་རིང་པོར་བཞུགས་པའི་སྨོན་འདུན་ཞུ།
༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་རིང་ཐུགས་བརྩོན་སྔར་བཞིན་གནང་རོགས་གནང།
བཀྲིས་བདེ་ལེགས་ུ།
དྷ་ས་སྟོང་པར་གྱུར་དུས་ཁང་པ་བརྒྱབ་ན། རྒྱ་གར་གྱི་བ་ཕྱུགས་འཚོ་ས་ཡག་པོ་ཡོད་རེད།
དེའི་སྐོར་ལ་ནང་སྲིད་བཀའ་བློན་མཆོག་གིས།
གསར་འབྱོར་ཚོར་མཐུན་རྐྱེན་སྦྱོར་སྤྲོད་བྱས་པ་འཐུས་མེད་ནའང་ཉུང་དྲགས་མེད་སྐོར་དང་། མ་འོངས་པར་ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ཚེ་ས་ཐག་རིང་པོ་མ་གཏོགས་ཐག་ཉེ་བོར་བསམ་བློ་གཏོང་མཁན་ཁག་པོ་ཡིན་སྐོར་གསུངས་སོང་།
ཕྱི་དྲགས་མེད་ན་སྔ་དྲགས་མེད་ཟེར་བ་ཡིན་རྒྱུ་རེད།