རྫ་ཚེ་རིང་བཀྲ་ཤིས།
༡༽ གླེང་གཞི།དེ་རིང་ནི་གུས་པས་དད་གུས་ཆེན་པོ་ཞུ་ཡུལ་གྱི་རྫོགས་ཆེན་གྱི་རྣལ་འབྱོར་བ་དང་། ཞིང་བོད་ལོ་རྒྱུས་སྨྲ་བའི་མཁས་དབང་། བོད་ཀྱི་ཆོས་དང་རིག་གཞུང་ལ་བཀའ་དྲིན་གྱིས་བསྐྱངས་མྱོང་བའི་མི་རིགས་ཀྱི་སྤོབས་པ་སྟེ། ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ཉིད་སྐུ་ཞི་བར་གཤེགས་ནས་ཉིན་བཞི་ཟིན་གྱི་འདུག
སྤྱིར་གུས་པ་དེང་སྐབས་རེ་ཞིག་མཚམས་ལྟ་བུ་ཞིག་ཏུ་ཡོད་མུས་ཡིན་ན་ཡང་། གཟའ་ཉི་མ་འཆར་ཅན་ལ་ནི་རང་གིས་རང་ལ་གུང་སེང་སྤྲད་ནས། ངན་གོམས་ལངས་ཤོར་གྱི་འགྲོ་སྟངས་ལྟར་གཞི་བྱེས་དང་རྒྱལ་ཕྱི་ནང་གི་སྐབས་དོན་དག་ཆེ་ཕྲ་དང་། དྲ་དམངས་ཀྱི་འུར་སྒྲ་དེ་ཚོ་ལ་ཡང་ཉན་ཙམ་ཉན་ཙམ་རེ་བྱ་བཞིན་ཡོད་ལ། ལག་པ་མ་སྒུལ་ཐབས་མེད་ཀྱི་ཚོར་བ་ཐུན་ཐུན་འདྲ་སྐྱེས་ན། འཕྲལ་འཕྲལ་རྩོམ་ཡིག་ཏུ་འབེབ་བཞིན་ཡོད།
བདུན་ཕྲག་སྔ་མའི་གཟའ་ཉི་མར་ཡང་། ཕྱི་དྲོའི་ཆ་ལ་དཀྱུས་གཅིག་ཏུ་འདུག་ས་གཅིག་ཏུ་བསྡད་ནས་བརྗོད་གཞི་མི་འདྲ་བ་གཞི་དང་འབྲེལ་བའི་རྩོམ་ཡིག་རིང་པོ་ཞིག་ལུ་གུ་རྒྱུད་དུ་བྲིས་ནས་འཕྲལ་དུ་《 བོད་ཀྱི་བང་ཆེན་ 》 ལ་བཏང་བ་ཡིན། རྩོམ་སྒྲིག་པས། ཁྱོད་ཀྱི་དེ་རྩོམ་ཡིག་ཅིག་རེད་མི་འདུག དེབ་ཅིག་རེད་ཅེས་ཀུ་རེ་དང་སྦྲགས་ནས་གསུངས་བྱུང་། དེ་ནས་ཁོང་གི་དགོངས་ཚུལ་ལྟར། རྩོམ་ཡིག་དེ་ཡང་རྩོམ་ཡིག་མི་འདྲ་བ་བཞི་རུ་བཟོས་པ་ཡིན། དེ་འདྲའི་ཚིག་ཉོག་མང་པོ་ཆགས་ཟིན་པ་དེར་ང་རང་ཡང་ཧང་སང་སོང་། གང་ལྟར་འདི་ནི་ངའི་གོམས་གཤིས་རེད།
ཐེངས་འདིར་ཡང་། དྲ་གྲོགས་མང་པོ་ཞིག་གིས་ཉི་ཟླ་ས་ལ་ལྷུང་བ་དང་། གཟི་ཡི་ཀ་བ་ཆག་པ་སོགས་ཀྱི་བརྗོད་ཚིག ཟིལ་ཆེ་བ། ཧ་ལས་པ། ཧང་སང་བ། ཡིད་སྐྱོ་བ་དེ་འདྲ་སྤྱད་ནས་མྱ་ངན་ཞུ་ཚིག་གཅིག་རྗེས་གཉིས་འཐུད་དུ་འབྲི་བཞིན་འདུག་པ་ཚང་མས་གཟིགས་ཡོད་ངེས་རེད། ངས་ཀྱང་རང་གི་སེམས་ལ་བཅོས་མིན་གྱི་ཕངས་སེམས་ཤིག་སྐྱེས་པ་དང་མཉམ་དུ། འདས་པའི་དུས་རིམ་འགའ་ཞིག་གི་ནང་གུས་པས་རིན་པོ་ཆེ་མཆོག་སྐུ་དངོས་སུ་མཇལ་བའི་བརྒྱུད་རིམ་གྱི་ཕྱོགས་ལ་ཕྱིར་དྲན་ཞིག་ཞུ་ཆེད། སྤྱི་ལོ་༢༠༡༡ཟླ༤ཚེས་༨ཉིན་སྤེལ་བའི་རང་རྩོམ། 《 ཆོས་རྒྱལ་ནམ་མཁའི་ནོར་བུ་མཇལ་བ་ལས་འཕྲོས་པའི་གཏམ་ 》ཞེས་པ་དེ་ཡང་བསྐྱར་མགོ་ནས་མཇུག་གི་བར་ཚར་གཅིག་བཀླགས་པ་ཡིན།
༢༽ རང་རྩོམ་ཞིག་ལས་ཁོང་ལ་ཕྱིར་དྲན་ཞུ་བ།
རྩོམ་ཡིག་དེ་ནི་ངས་སྐབས་དེར་ཁ་བརྡ་དྲ་ཐོག་ཏུ་བཀོད་པ་ཡིན་ལ། ད་དུང་དེའི་རྩོམ་ཡིག་དེའི་མཇུག་ཏུ་ཞབས་མཆན་རིང་ཐུང་མི་འདྲ་བ་ཉིས་བརྒྱ་ལྷག་ཅིག་བཏབ་འདུག་པ་ལ་ཡང་མི་བཤེར་བམ་པ་ཙམ་ཞིག་བྱས། མཆན་འགའ་རེ་ནི་ཚེགས་ཁྱིམ་བརྒྱ་ནས་ཉིས་བརྒྱའི་བར་ཡོད་པའི་དཔྱད་བརྗོད་རིང་པོ་དེ་འདྲའང་ཡོད་པ་དང་། དེ་དག་གི་བརྗོད་བྱ་མང་པོ་ཞིག་ནི་ནམ་མཁའི་ནོར་བུ་བན་བོན་གང་ལ་གཏོགས་པ་ནས་འཕྲོས་པ་ཞིག་དང་། དེ་དང་འབྲེལ་བཏགས་ཏེ། བོན་དང་བན་དེ། ཧ་ཤང་དང་རྫོགས་ཆེན་སོགས་ལས་འཕྲོས་པའི་གླེང་མོལ་ཧ་ཅང་རིང་པོ་ཞིག་རེད། ལོ་ངོ་བརྒྱད་ཀྱི་སྔོན་གྱི་དྲ་གྲོགས་དག་དང་མཉམ་དུ་ཁ་བརྡ་མང་པོ་བྱས་པ་དེ་དག་མཐོང་བ་དང་དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ཞིག་རེད་ཨང་སྙམ་པའི་བསམ་བློ་ཡང་འཁོར་བྱུང་།
ངས་རང་གི་རྩོམ་ཡིག་དེ་དང་། ཞབས་མཆན་དེ་དག་དེ་ལྟར་སླར་ཡང་བཀླགས་པ་དང་། གུས་པས་རིན་པོ་ཆེ་ཁོང་གི་སྐུའི་དབྱིབས་དང་ན་བཟའ་བཞེས་སྟངས། གསུང་གི་གདངས་དང་བཀའ་མོལ་གནང་སྟངས། ཐུགས་ཀྱི་གཤིས་ཀ་དང་མཁྱེན་པའི་རྩལ་སོགས་ལ་ཞིབ་ཅིང་ཕྲ་བའི་དོ་སྣང་དང་བཅས་ཏེ་ཡིག་ཐོག་ཏུ་བཀོད་འདུག་པ་མཐོང་བས་རང་ཉིད་ཀྱི་དྲན་ངོགས་ཀྱི་རིན་པོ་ཆེའི་སྣང་བརྙན་དེ་སླར་ཡང་གསལ་དུ་བཏང་བྱུང་།
༣༽ ཁོང་གི་བཀའ་ཆོས་གནང་སྐབས་ཀྱི་རྣམ་པ།
སྐབས་དེར་ངས་ཁོང་ལ་གཟབ་ནན་གྱི་མིག་གིས་མཇལ་འདུག་པ་དང་། གཟབ་ནན་གྱི་རྣ་བས་ཉན་འདུག་ལ། ཡིད་ཀྱང་རྩེ་གཅིག་ཏུ་བསྒྲིམས་ནས་ཡོངས་སུ་ཁོང་གི་བཀའ་མོལ་ལ་ཕྱོགས་འདུག སྐབས་དེའི་ཡུལ་ངོས་ཀྱི་སྣང་བརྙན་ཐད། ངས་ཟིན་བྲིས་རྩོམ་ཡིག་དེར་འདི་འདྲ་ཞིག་བྲིས་འདུག་སྟེ། “དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་བཞིན་པ་དང་། བཀའ་མོལ་གསུང་སྐབས་དབུ་ཅུང་ཟད་འདར་ཞིང་། སྐུ་སྟོད་ལ་སྤྱིར་བཏང་གི་ནང་ལྭ་གསུམ་བརྩེགས་ནས་གསོལ་འདུག སྐུ་སྨད་ལ་རས་དམར་པོའི་ནབ་དོར་སྲབ་མོ་ཁེར་རྐྱང་པུས་མོ་མན་ལ་སླེབས་ཙམ་ཞིག་ལས་གཞན་གང་ཡང་མནབ་མི་འདུག རྒྱས་སྤྲོས་ཅི་ཡང་མེད་པའི་དེང་ལུགས་ཀྱི་ནབ་བཟའ་བཞེས་སྟངས་དེ་ནི་ཞོགས་པ་སྔ་པོར་གྲོང་ཁྱེར་སྤྱི་གླིང་གི་ལྕང་སྡོང་དག་གི་འགྲམ་ཏུ་གཟུགས་པོ་སྦྱོང་བཞིན་པའི་སྒྲེས་སོང་ཞིག་དང་ཧ་ཅང་འདྲ། དབུ་སྐྲ་འཇམ་པོར་ཤད་ནས་སྐུ་རྒྱབ་ཏུ་བཅིངས་ཡོད་ཅིང་། དབུ་སྐྲའི་ནང་དུ་སྐྲ་ནག་པོ་ཉག་མ་གཅིག་ཀྱང་མེད་པ་ལྟ་བུ་དཀར་སེང་ངེ་བར་འདུག ཞལ་ལ་གཉེར་རིས་ཧ་ལམ་མེད་ཅིང་། ཞལ་གྱི་མདངས་དང་བཀྲག་ནི་ལྟ་བས་ཆོག་མི་ཤེས་པ་ཞིག་སྟེ། དགེ་བསྙེན་ཆེན་པོ་འབྲོམ་སྟོན་པ་ཡང་འདི་འདྲ་ཞིག་མེད་དམ་སྙམ་པ་འཆར།
འདི་ལོ་སྐུ་ལུས་ལ་གཤག་བཅོས་ཞུས་ཡོད་འདུག་ཀྱང་། བཀའ་མོལ་གསུང་སྐབས་སོགས་ལ་མ་བདེ་བའི་རྣམ་པ་ཡེ་མེད་པ་དང་གསུང་གདངས་ཤིན་ཏུ་ཆེ། ནང་ཆོས་ཀྱི་ཆེད་སྤྱོད་ཀྱི་ཐ་སྙད་དང་ལུང་འདྲེན་བོད་སྐད་ཐོག་སྐྱོར་གནང་མཛད་སྐབས་ཁམས་སྡེ་དགེའི་སྒྲ་གདངས་ཀྱི་རྣམ་པ་ཤིན་ཏུ་གསལ། མཚན་མོ་ཆུ་ཚོད་གཉིས་ལྷག་གི་བཀའ་ཆོས་དེ་དབུ་བཙུགས་པ་ནས་ཉན་མཁན་སུ་ལ་ཡང་ངལ་དུབ་ཀྱི་རྣམ་པ་སྤུ་ཙམ་མེད་པར་ཧ་ཅང་འཁྲུག་ཆ་དོད་པའི་ཕུལ་བྱུང་གི་གློག་བརྙན་ཞིག་ལྟ་བཞིན་པ་ལྟར་ཡུད་ཀྱིས་འདས། ང་ལ་མཚོན་ན་དབྱིན་སྐད་གཏན་ནས་མི་ཤེས་ཀྱང་ཁོང་གི་ཆགས་ཐོག་བྲལ་བའི་གསུང་གི་མཉམ་འགྱུར་དང་། བཟབ་ནན་ལས་སྤུ་ཙམ་མི་གཡོ་བའི་རྣམ་འགྱུར་རེ་རེ་ནི་སེམས་ལ་སྨྲ་རུ་མི་གཏུབ་པ་ཞིག་རེད།” ཅེས་བྲིས་སོ། །
༤༽ བཀའ་ཆོས་ཀྱིས་བློ་ཡིད་འཕྲོག་པ།
ད་དུང་ཁོང་གི་བཀའ་ཆོས་གནང་སྟངས་ཀྱིས་རང་ཉིད་ཀྱི་བློ་ཡིད་ཇི་ལྟར་འཕྲོག་པའི་སྐོར་ལ་ངས་ཟིན་བྲིས་དེར་མུ་མཐུད་བྲིས་པ། “ཁོང་གི་བཀའ་མོལ་དེ་དག་ནི་འགོ་བཙུགས་ཙམ་ནས་ཤ་འོད་དྲག་ཏུ་རྒྱུག་པ་ལྟར་ཚམ་ཚོམ་མེད་པ་དང་། ཕར་ལྟས་ཚོད་ལ་ཁོང་གི་དྲན་མཛོད་དུ་འཁྱིལ་བའི་མཁྱེན་རབ་ཀྱི་རྒྱ་མཚོ་ལས་ཐོན་པའི་ལེགས་བཤད་ཀྱི་རྦ་རླབས་དེ་དག་རེ་རེ་བཞིན་དུས་ཚོད་དང་བང་ཁ་འགྲན་པའི་སྒོ་ནས་ཧ་ཅང་མགྱོགས་པོའི་སྒོ་ནས་གསུང་ཅི་ཐུབ་བྱེད་ཀྱིན་ཡོད་པ་ལྟར་སྣང་ཞིང་། ཁོང་བཀའ་མོལ་གྱི་མཇིངས་སུ་ཞུགས་པའི་ངང་ཚུལ་དེ་ནི། སྦྱོང་བརྡར་ཧ་ཅང་ལེགས་པའི་རྒྱལ་སྤྱིའི་ལུས་རྩལ་པ་ཞིག་རྩེད་འགྲན་གྱི་ཡུལ་ས་ན་མཆིས་པ་དང་འདྲ། ཁོང་ལ་ཚིག་གི་བརྗོད་ལེགས་པ་དང་། དོན་གྱི་གནད་ཟབ་པ། ཀུན་གྱིས་གོ་སླ་བ་བཅས་ཀྱི་འཆད་སྟངས་ཕུལ་དུ་ཕྱིན་པ་ཞིག་ཡོད་པ་ལས་གཞན་པའི་ཁྱད་ཆོས་ཤིག་ནི། རང་ཉིད་ཀྱི་ཚད་དུ་སོན་པའི་རྟོགས་པ་དང་རྨད་དུ་བྱུང་བའི་མཁྱེན་རབ་ལ་ཐེ་ཚོམ་སྤུ་ཙམ་མེད་པ་དང་། རང་དབང་གི་བཙན་ས་ཟིན་པ། འཆད་མི་ཚར་བའི་གནད་འགག་ཁྲི་ཁྲི་འབུམ་འབུམ་གྱིས་གཅིག་གིས་གཅིག་བསུས་ཏེ། རྒྱུག་ར་ན་ཁ་རྡང་སྒྲིག་བཞིན་པའི་རྒྱུག་རྟ་བཟང་པོའམ། རག་ཁ་ཤོར་བའི་ཆུ་མཛོད་བཞིན་ཁོག་དཀའ་བ་ལྟ་བུའི་འཆད་སྟངས་ཤིག་ཡོད་པ་དེ་ནི་ཤེས་རབ་ཅན་གྱི་འཆད་པ་པོ་སུ་ཞིག་གི་ཐོག་ནས་ཀྱང་མཐོང་དཀའ་བ་ཞིག་རེད། ཡིད་ཕངས་པ་ཞིག་ལ་ཡུལ་ས་དངོས་ཀྱི་ཚོར་སྣང་ཅི་བཞིན་པ་ནི་བརྡ་སྤྲོད་ཀྱི་ཚད་གཞི་དམའ་བའི་ངའི་སྙུག་རྩེ་ནས་གཏན་ནས་བརྗོད་ཐུབ་ཀྱི་མི་འདུག” ཅེས་བྲིས་འདུག
སྤྱིར་མཚོ་སྔོན་དཔེ་སྐྲུན་ཁང་གིས་ཁོང་གིས་གསུང་འབུམ་པར་དུ་བསྐྲུན་ཡོད་འདུག་པས་དེར་ནི་རྣམ་ཐར་རྒྱས་བསྡུས་ཅི་རིགས་ཡོད་སྲིད་མོད། བོད་ཕྱི་ནང་གི་བོད་ཡིག་གི་གསར་ལམ་ཕལ་མོ་ཆེས་ཀྱང་ཡོང་ཁུངས་སྨོས་དང་མ་སྨྲོས་ཅི་རིགས་འདུག་པ་མ་གཏོགས། གུས་པའི་སྔར་བྲིས་པའི་རྩོམ་དེའི་མཇུག་གི་རིན་པོ་ཆེའི་ལོ་རྒྱུས་ཉིང་བསྡུས་དེ་ཉིད་ཚིག་རིས་ཇི་བཞིན་འདྲེན་བཀོལ་བྱེད་ཅིང་འདུག་པས་སོགས་མཐོང་བས། ཕྲན་གྱིས་སྐབས་དེར་དོ་གལ་ཆེན་པོ་བྱས་ནས་ཁོང་དང་མཇལ་བའི་ཟིན་བྲིས་དང་། ཁོང་གི་མཛད་རྣམ་དང་བཅས་པ་རྒྱ་བོད་ཡིག་རིག་གཉིས་ཆར་ལས་བཏུས་ཏེ་རིན་པོ་ཆེ་ཉིད་ལ་དངོས་སུ་སྤྱན་བསྟར་ཞུས་ཐོག དྲ་ལམ་དུ་ངོ་སྤྲོད་ཅུང་ཟད་ཞུ་བའི་གོ་སྐབས་བྱུང་བ་དེ་ནི་སྐུ་གཤེགས་ཚར་རྗེས་ཐེངས་དང་པོར་ཁོང་ལ་རྒྱུས་ལོན་བྱས་ནས་ཕངས་སེམས་སྐྱེ་བ་དག་དང་བསྡུར་ན། རང་ངོས་ནས་ནོར་བུ་ལ་ནོམ་ངོ་ཤེས་པའི་བྱ་བ་ཕྲན་བུ་ཞིག་བྱས་ཡོད་ཨང་སྙམ་པའི་དགའ་སྤོབས་ཡང་ཅུང་ཟད་ཅིག་བྱུང་།
༥༽ བོད་པ་དང་ནམ་མཁའི་ནོར་བུ།
ཁོང་ཐའེ་ཝན་ལ་ཕེབས་པའི་སྐབས་དེར། དེར་བཞུགས་པའི་བོད་ཀྱི་དགེ་འདུན་པ་དང་མི་མང་ཚོས་ཁོང་ལ་དོ་སྣང་གང་འདྲ་གནང་ཡོད་པའི་ཐད་ལ་ཡང་ངས་ཟིན་བྲིས་སུ་འདི་འདྲ་ཞིག་བྲིས་འདུག་སྟེ། “ཐའེ་ཝན་ན་ཡོད་པའི་བོད་པ་དག་གི་ནང་ལ་ཁོང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་ཏུ་བརྩིས་ནས་བཀའ་ཆོས་ཞུ་བར་གཅར་མཁན་དང་། བོད་ཀྱི་རིག་གཞུང་ལ་མཛད་རྗེས་རྨད་དུ་བྱུང་བའི་ངེས་པ་དོན་གྱི་གངས་ཅན་གྱི་ཁྱད་ནོར་ཞིག་ཏུ་རྩིས་ནས་འཚམས་ཞུར་གཅར་མཁན། ཡང་ན་ཁོང་ནི་རིག་པའི་ནོར་གྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་རྩིས་ནས་བཀའ་སློབ་ཞུ་མཁན་དང་རང་རང་གི་ཆོས་ཚོགས་སུ་གདན་ཞུས་བྱེད་མཁན་བཅས་ཀྱི་མཇལ་གཅར་མཁན་ཞིག་ཧ་ལམ་མི་འདུག” ཅེས་དང་། “ང་མདང་ནུབ་ཁོང་གི་བཀའ་ཆོས་ལ་བཅར། བཀའ་ཆོས་དེར་རྒྱ་རིགས་དང་ཕྱི་རྒྱལ་གྱི་མིས་ཚོགས་ཁང་ཧྲིལ་གྱིས་གང་ཞིང་། ཁོང་གི་བཀའ་ཆོས་དེ་འཛམ་གླིང་ཡོངས་སུ་ཐད་གཏོང་གིས་སློབ་མ་ཁྲི་སྟོང་མང་པོས་གསན་རྒྱུ་ཡིན་འདུག་ན་ཡང་། བོད་བརྒྱུད་ཀྱི་རྗེས་འཇུག་རྒྱའི་གྲྭ་བཙུན་རྒན་ཁོག་གཅིག་གཉིས་ཤིག་ལས་གཞན་པའི་བོད་ཀྱི་བླ་མ་དང་གྲྭ་པ་ནི་ང་གཅིག་པུ་རེད།” ཅེས་གསལ། མདོར་ན་སྐབས་དེར། ཁོང་གི་བཀའ་ཆོས་གནང་ས་དང་གཏམ་བཤད་བྱེད་སར་ཐའེ་ཝན་གྱི་བོད་རིགས་ཕལ་ཆེར་མི་གཅིག་ཀྱང་ཡོང་མཁན་མེད།
བོད་ནང་དུ་ཡང་། བོད་རིག་པའི་ཁྱབ་ཁོངས་སྤྱི་དང་། ཁྱད་པར་པེ་ཅིན་སོགས་ཀྱི་བོད་རིག་པའི་མཁས་པ་རྒན་པ་དག་གིས་ནི་ཁོང་ལ་ཧ་ཅང་གདེངས་འཇོག་བྱ་བཞིན་ཡོད་པར་མ་ཟད། ཕལ་མོ་ཆེ་ཞིག་ཁོང་གི་སློབ་མར་ཡང་སོང་ཡོད་མོད། མི་མང་གི་ཁྲོད་དུ་ནི་ཁོང་ངོ་ཤེས་མཁན་ཧ་ཅང་ཉུང་ལ། གྲྭ་བཙུན་དག་གི་ཁྲོད་དུ་ནི་ཁོང་ལ་ལྟ་སྟངས་ཡག་པོ་མེད་མཁན་ཡང་ཡོད། དེ་ནི་དངོས་ཡོད་རེད།
༦༽ སྐུ་དངོས་ལ་བཅར་འདྲི་དང་བཀའ་མོལ་ཞུས་པ།
གུས་པ་ཁོང་དང་མཇལ་བའི་བརྒྱུད་རིམ་དེ་དེ་ལྟར་ཐུང་ཐུང་ཞིག་ཡིན་ན་ཡང་། ཐའེ་ཝན་རང་ནས་སྔ་ཕྱི་དུས་ཚོད་མི་འདྲ་བར་ཐེངས་གཉིས་ལ་མཇལ་ཞིང་། ཐོག་མར་མཇལ་བ་དེ་སྤྱི་ལོ་༢༠༡༡ཟླ་བ་༤པའི་ནང་རེད། སྐབས་དེར་གུས་པ་ཁོང་གི་བཀའ་ཆོས་དང་གསུངས་བཤད་ལ་བཅར་བར་མ་ཟད། ཁོང་སྒེར་གྱི་བཞུགས་གནས་སུ་ཡང་བཅར་ནས་བཀའ་མོལ་ཞིབ་ཏུ་ཞུས་པ་ཡིན། ཁོང་གིས་ཀྱང་། ཆོས་དང་རིག་གནས་ཀྱི་ཕྱོགས་དང་། ཁོང་སྐུ་སྒེར་གྱི་སྐུ་ཚེ་དང་འབྲེལ་བའི་བཀའ་མོལ། ཞིང་བོད་ལོ་རྒྱུས་ཞིབ་འཇུག་གི་བརྒྱུད་རིམ་དང་དེའི་ཁྲོད་དུ་འཕྲད་པའི་དཀའ་རྙོག་སོགས་རེ་རེ་ནས་ལྷུག་པོར་གསུངས་བྱུང་།
ཁྱད་པར་དུ་གུས་པས་བོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཕྱོགས་ལ་ཁོང་གི་གཟིགས་ཚུལ་དངོས་མ་གང་ཡིན་བཀའ་འདྲི་གལ་ཆེན་འགའ་ཞིག་ཞུས་ཤིང་།སྐབས་དེར་སྐད་ཆའི་ནང་དོན་སྒྲ་འཇུག་ཏུ་ཡོད་པ་ཁག ༼ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ་༽དང་། ༼ནམ་མཁའི་ནོར་བུས་རང་ཉིད་ཀྱི་འདས་དོན་དྲན་པ།༽༼ ནམ་མཁའི་ནོར་བུས་ཉེ་དུས་ཀྱི་ཕྱག་ལས་བརྗོད་པ་༽སྟེ་དོན་ཚན་གསུམ་དུ་བགོས་ནས་ཡི་གེར་བཀོད་ཐོག ཐུན་མོང་གི་ཁ་བྱང་ལ། ༼ནམ་མཁའི་ནོར་བུ་ལ་བོན་དྲིས་པ་༽ཞེས་བཏགས་པའི་བཅར་འདྲི་རིང་པོ་དེ་དུས་ཐོག་དེ་ཙམ་དུ་བོད་ཕྱི་ནང་གི་གཟིགས་པ་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན། (རྩོམ་ཡིག་འདི་སྐབས་དེར་སེང་རྡོར་དྲ་བ་སོགས་སུ་བཀོད་ན་ཡང་། ད་ཆ་དུམ་བུ་གཉིས་པ་དང་གསུམ་པའི་དཔེ་མི་འདུག་ལ། དྲ་ལམ་ནས་ཀྱང་མ་རག་པས་ཡོད་མཁན་ཡོད་ན་གུས་པར་གནང་རོགས)
བཀའ་མོལ་དེ་ཉིད་ཡིག་ཐོག་ཏུ་འགོད་དགོས་པའི་རྒྱུ་མཚན་ཡང་། ཁོང་ནི་དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་སྒོ་ནས་རྒྱལ་སྤྱིའི་རང་བཞིན་གྱི་བོན་དང་འབྲེལ་བའི་ལོ་རྒྱུས་ཉམས་ཞིབ་པ་ཆེས་གལ་ཆེ་ཤོས་དེ་ཡིན་པས་ཁོང་གི་གཟིགས་ཚུལ་དེ་དག་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་ངེས་སྙམ་པ་དང་གཅིག དེ་དང་ཆབས་གཅིག ཁོང་སྒེར་གྱི་ལྟ་བ་དང་ཆོས་བརྒྱུད་སོགས་ལ་ཡང་འོས་འཚམས་མིན་པའི་གོ་ནོར་དང་བཤད་སྲོལ་ཅི་རིགས་ཡོད་པ་དེ་ཚོ་ལ་ཁ་གསལ་ཡོང་བའི་ཆེད་དུ་ཁོང་གིས་གང་གསུངས་པའི་འཕྲོས་མོལ་དག་མ་སྐུལ་དང་བླངས་ཀྱིས་ཡི་གེར་བཀོད་པ་དེ་འདྲ་ཞིག་ཡིན།
༧༽ སྐུ་ཚེའི་མཛད་པ་གལ་ཆེན་དང་ལོ་རྒྱུས་ཀྱི་གཟིགས་ཚུལ།
ཁོང་གི་སྐུ་ཚེ་གང་པོར་བོད་ཀྱི་རིག་གཞུང་ཞིབ་འཇུག་དང་། ལོ་ཉི་ཤུ་རྩ་གྲངས་ཀྱི་སྔོན་ནས་རྫོགས་ཆེན་གྱི་འདུས་སྡེ་ཆེན་པོ་མང་པོ་གང་སར་བཙུགས་ནས་རྫོགས་ཆེན་གྱི་བསྟན་པ་ཁྱབ་སྤེལ་གྱི་ཕྲིན་ལས་རྒྱ་ཆེན་པོ་ཞིག་བསྐྱངས་མགོ་ཚུགས་པ་རེད། དེ་ནི་ཁོང་གི་སྐུ་ཚེའི་མཇུག་གི་མཛད་པ་གཙོ་བོ་དེ་རེད། ཡིན་ན་ཡང་། ཁོང་གིས་སྐབས་དེར་ཡང་རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་བི་མ་མི་ཏྲའི་རྒྱ་འགྲེལ་ཆེན་མོ་དཔེ་བསྡུར་སོགས་ཉམས་ཞིབ་དང་འབྲེལ་བའི་ཕྱག་ལས་ཀྱང་གནང་ཡོད་པར་མ་ཟད། ཁོང་གིས་རྗེས་སུ་སྒྲ་ཐལ་འགྱུར་རྩའི་རྒྱུད་ཀྱི་འགྲེལ་ཆེན་དཔེ་བསྡུར་མའི་མ་དཔེ་ཞིག་ཀྱང་གནང་བྱུང་།
ཁོང་གིས་ཁ་གསལ་པོའི་སྒོ་ནས་བོན་གྱི་རྫོགས་ཆེན་དེ་རྫོགས་ཆེན་ཡང་དག་ཏུ་ཁས་ལེན་གྱི་ཡོད་པས། ཁོང་གིས་བོན་གྱི་བླ་མ་དེ་འདྲའི་འདུན་ནས་རྫོགས་ཆེན་གྱི་ཁྲིད་ལུང་དེ་འདྲ་ཡང་ཞུས་ཡོད་པར་གྲགས་མོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཀྱང་གཏེར་མཛོད་དུ་བོན་གྱི་ཆོས་སྐོར་མང་པོ་ཞིག་བཅུགས་ཡོད་པས། རིན་ཆེན་གཏེར་མཛོད་ཆེན་མོ་ཞུས་ཚར་མཁན་ཞིག་ཡིན་ན་བོན་གྱི་དབང་ཆོས་མ་ཞུས་པ་ཞིག་མེད་པ་ལྟ་བུ་ཆགས་ཡོད་པ་འདི་ངེས་པར་དྲན་དགོས་པ་ཞིག་ཡིན། དེ་ཙམ་གྱིས་ཁོང་གི་རྩ་བའི་ཆོས་བརྒྱུད་ང་ཉམས་ལེན་གྱི་ཕྱག་བཞེས་ལ་སྡོམ་ཚིག་འཇོག་ཐུབ་པ་ཞིག་མིན། སྐད་ཆ་དྲང་མོ་བཤད་ན་དེ་འདྲ་ཞིག་རེད།
དེས་ན་ཕྲན་གྱིས་ཤེས་གསལ་ལྟར་ན། ཁོང་གི་རྩ་བའི་ཆོས་བརྒྱུད་དང་ཉམས་བཞེས། རྒྱུན་གྱི་ཆོས་ཚོགས་ཁག་གི་ཡོངས་ཁྱབ་ཀྱི་གཅིག་གྱུར་གྱི་ཞལ་འདོན་ཡན་ཆོད་རྙིང་མ་དང་། དེའི་ནང་ནས་སྙིང་ཐིག་རང་གནང་བཞིན་ཡོད་པར་མ་ཟད། ཁོང་གི་ཡོངས་གྲགས་རྫོགས་ཆེན་གྱི་བརྒྱུད་པ་ཡང་ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ནས་བརྒྱུད་དེ་ཉག་བླ་བྱང་ཆུབ་རྡོ་རྗེ་ལས་ཞུས་པ་ཡིན་པར་དངོས་སུ་ཞལ་གྱིས་བཞེས་གནང་མྱོང་། དེ་རིང་ངས་ཁོང་གི་ཆེད་དུ་དག་འབུད་ཞུ་གིན་མེད་ལ། དེ་ནི་དགོས་ངེས་ཞིག་མ་རེད་ལ། ཐ་ན་དེ་ནི་དུས་ལས་ཡོལ་བའི་སྐད་ཆ་ཞིག་རེད། མ་གཞི་ངའི་ཆོས་གྲོགས་དེ་འདྲའི་ནང་ན་ཡང་། ཁོང་གིས་རྙིང་མའི་རྫོགས་ཆེན་གྱི་ཁུངས་བོན་པར་གཏུགས་འདུག དེ་ཧ་ཅང་རྫབས་ཆེན་རེད་བསམ་མཁན་དེ་འདྲ་ཡང་ཡོད་པ་ངས་ཤེས་ཀྱི་ཡོད། དེ་ཡང་བསམ་ཤེས་ཐུབ་པ་ཞིག་རེད།
ཁོང་གི་ལོ་རྒྱུས་ཀྱི་གཟིགས་ཚུལ་ཁག་ཅིག་གི་ཐད། རང་རེ་སྔ་འགྱུར་གྱི་ཕྱོགས་ནས་འགའ་ཞིག་གི་ཐུགས་ལ་མ་བབ་པ་བྱུང་ཡོད་པ་དངོས་ཡོད་ཡིན་ན་ཡང་། ཁོང་ཉིད་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་གོ་གནས་ཆེན་པོ་ཟིན་པའི་མཁས་པ་ཞིག་གི་ཞིབ་འཇུག་གི་ལྟ་ཚུལ་ཐད་དེ་ལ་དེའི་འཆད་ཚུལ་ཞིག་ཡོད་ཆོག་པ་ཞིག་རེད། ཡིན་ན་ཡང་། ཁོང་གིས་རྒྱལ་སྤྱིའི་ཉམས་ཞིབ་པ་ཞིག་གི་ཉམས་ཞིབ་བྱ་ཐབས་སྤྱད་པའི་ལངས་ཕྱོགས་དང་། སྐབས་དེར་རྒྱལ་སྤྱིའི་ཁྲོད་བོད་རིག་པའི་འབྱུང་ཁུངས་ཚང་མ་རྒྱ་གར་མིན་ན་རྒྱ་ནག་ཡིན་དགོས་པ་ཞིག་ཆགས་པའི་ཚབ་ཆེའི་གཞན་རྟེན་གྱི་གནས་སྟངས་འོག དགོས་དབང་གིས་བཤད་པ་གནང་བ་ཡིན་ནའང་འདྲ། ཁྱད་པར་ཁོང་སྐུ་དངོས་ཀྱིས་ཕྲན་ལ་སངས་རྒྱས་ཞལ་བཞུགས་དུས་བོད་ནང་ཆུས་གང་བ་སྟེ། མིའི་འགྲོ་བ་ཡེ་མེད་པ་ལྟ་བུའི་ལྟ་ཚུལ་ལ་བློ་དོགས་ཆེན་པོ་སྐྱེས་ནས་ཐོག་མར་ལོ་རྒྱུས་ཀྱི་བཤད་རྒྱུན་གསར་པའི་བསམ་ཚུལ་ཐུགས་ལ་འཁྲུངས་ཚུལ་དང་། དེ་ཉིད་ཕྱི་ཚོགས་དུ་བཀྲམ་རྒྱུར་བློ་དོགས་ཆེན་པོ་སྐྱེས་ཚུལ། ༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བཞེས་སྟངས་དང་ཉེ་བོ་ཡོད་མིན་ཁ་གསལ་མེད་བཞིན་དུ་ཡང་བློ་ཁོག་བསྐྱེད་ནས་ཡར་ཞུ་བྱས་པ་དང་། ༧གོང་ས་མཆོག་གིས་ཁོང་གི་ལོ་རྒྱུས་ཀྱི་བཤད་ཐབས་ལ་ཞིབ་འཇུག་བྱས་པའི་བསམ་བློའི་ས་བོན་དག་ལ་མཉེས་ཚོར་ཆེན་པོ་གནང་ནས་བློ་སྟོབས་སྤེལ་གནང་མཛད་ཚུལ། ཁོང་གིས། དཀར་ནག་རྒྱ་དང་ཞང་ཞུང་ཀུན་ཏུ་ཤེས་རིག་དེ་ཙམ་རྒྱས་པའི་དུས། །བོད་ཕྲུག་སྤྲེལ་རྒན་རྔ་མ་མ་ཆད་རྗེས་སུ་ལུས་འདི་ཅི་ཡིས་ནོངས། །སོགས་བྲིས་རབས་བཅས་གསུངས་སྐབས་ངས་ཁོང་གིས་གང་བཤད་པ་དེ་དག་གི་རྒྱུ་མཚན་དང་གཞི་འཛིན་སའི་རྒྱབ་ལྗོངས་དག་ལ་ཡང་གོ་བ་གང་ལེགས་ལེན་ཐུབ་པ་བྱུང་། གོང་གི་ཚིགས་འདི་ནི་གུས་པ་བོད་ནང་དུ་ཡོད་དུས་ཉན་ཤུལ་མཁྱེན་རབས་འོད་གསལ་གྱི་གསུང་རྩོམ་ཞིག་ཏུ།
“དེ་བཞིན་ད་ལྟ་ཕྱི་རྒྱལ་དུ་བཞུགས་པའི་བོད་ཀྱི་མཁས་དབང་ནམ་མཁའི་ནོར་བུས་ཀྱང་། “འཇིག་རྟེན་མགོན་དེས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ཕྱག་ན་པདྨོས་གངས་ལྗོངས་འདུལ་བར་ཞལ་གྱིས་བཞེས་གང་དྲིན་ཆེ་ཡང་། །དཀར་ནག་རྒྱ་དང་ཞང་ཞུང་ཀུན་ཏུ་ཤེས་རིག་དེ་ཙམ་རྒྱས་པའི་དུས། །བོད་ཀྱི་སྤྲེལ་རྒན་རྔ་མ་མ་ཆད་རྗེས་སུ་ལུས་པ་ཅི་ཡིས་ནོངས། །”ཞེས་གསུངས་འདུག་པའང་རྒྱུ་མཚན་ཅན་གྱི་གསུང་དུ་སྣང་།” ཞེས་དྲངས་པ་ཞིག་མཇལ་མྱོང་ཞིང་། མ་གཞི་འདི་ནི་ངས་ལོ་མང་སྔོན་ནས་བློ་ལ་བཟུང་ནས་ངག་སྐྱོར་བྱེད་མྱོང་བའི་ཚིགས་བཅད་ཅིག་དང་། བོད་ཀྱི་ལོ་རྒྱུས་ཀྱི་འགང་ཧྲིལ་པོ་ལ་བསམ་གཞིག་གི་བློ་སྒོ་འབྱེད་པའི་ནུས་པ་ཆེན་པོ་ཡོད་པའི་ཚིགས་བཅད་ཡིད་འཁུལ་བ་ཞིག་ཡིན།
གོང་གི་བརྗོད་གཞི་འདིའི་ཐོག་ངས་ཀྱང་སྐབས་དེའི་ཟིན་བྲིས་སུ། “དོན་དངོས་ཐོག་ཁོང་ལོ་རྒྱུས་ཀྱི་འཆད་སྟངས་འགའ་ཞིག་ལ་ཐུན་མོང་མིན་པའི་འཆད་ཐབས་མཛད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་འཛམ་གླིང་སྤྱི་འགྲོས་དང་མཐུན་པར་འཆད་པའི་ལོ་རྒྱུས་སྨྲ་བ་ཆེན་པོའི་བླ་ན་མེད་པའི་ཁྱད་ཆོས་དང་། རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་ཞིག་གི་ངོས་ནས་ལོ་རྒྱུས་ཉམས་ཞིབ་བྱེད་སྟངས་ཁྱད་པར་ཅན་ཡིན་པ་ལས་ཁོང་སྒེར་གྱི་ཆོས་ལུགས་གང་ཡིན་སོགས་དང་འབྲེལ་བ་གཏན་ནས་མེད་ལ། བོད་ཀྱི་ཆོས་རིག་གི་འབྱུང་ཁུངས་ལོ་རྒྱུས་ལ་འཛམ་གླིང་མཁས་པའི་སྤྱན་ལ་ཐོགས་པའི་ཉམས་ཞིབ་ཀྱི་འཆད་སྟངས་ཀྱང་ཁོང་གི་འཆད་པ་ཁོ་ན་ཕུལ་དུ་ཕྱིན་པ་ཡིན།” ཞེས་བྲིས་འདུག
༨༽ བོད་པའི་སྡེ་ཚན་ལོགས་སུ་འཛུགས་གནང་མཛད་པ།
འདིའི་ཐད། ཉིན་འདི་གར་རྗེས་དྲན་འབྲི་མཁན་གྲས། ཨ་རིར་གནས་བཞུགས་མཁས་པ་ཆབ་མདོ་ཤེས་རབ་ལགས་ཀྱིས། “རྒྱལ་སྤྱིའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཁྱབ་སྤེལ་བྱེད་པར་མཛད་རྗེས་ཆེན་པོ་བཞག་ཡོད་འདུག རྒྱུས་ཡོད་ཚོས་བཤད་པ་ལྟར་ན། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་ཏུ་སྔར་བོད་ཀྱི་སྡེ་ཚན་ཟུར་དུ་མེད་པར་རྒྱ་དཀར་ནག་གང་རུང་གི་ཁོངས་སུ་བསྡུ་སྲོལ་ཡོད་པ་ལ། ཕྱིས་བོད་པའི་སྡེ་ཚན་ཟུར་དུ་བཙུགས་པའི་ཐད་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད་ཟེར། རྒྱུ་མཚན་དེ་དང་། ཁོང་གིས་བརྩམས་པའི་ལོ་རྒྱུས་ཁག་མཐོང་བ་ལས་ང་ཡང་རང་དབང་མེད་པར་ཁོང་ལ་དགའ་མོས་བྱེད་མཁན་ཞིག་ཏུ་གྱུར།” ཅེས་བཤད་པ་དང་གོང་བསྒྲིགས་ན། ང་ཚོས་ཁོང་ལ་བོན་རྒན་རེད་ཅེས་སྡང་པོ་བྱེད་བཞིན་པའི་སྐབས་དེར། ཁོང་གིས་ནི་འཛམ་བུ་གླིང་གི་རྒྱལ་སྤྱིའི་ཤེས་རིག་གི་སྡིང་ཆ་ཆེན་པོ་དེའི་ཐོག་ནས་བོད་ཀྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལ་དེང་དུས་རིག་པ་དང་མཐུན་པའི་ར་སྤྲོད་གནང་སྟེ། བོད་ཀྱི་སྡེ་ཚན་གསར་དུ་འཛུགས་རྒྱུར་རྒྱལ་སྤྱིའི་མཁས་པའི་ཚོགས་སྡེས་དངོས་སུ་ངོས་ལེན་དང་མཐུན་གྱུར་ཐོབ་པ་བྱས་ཐོག རྒྱལ་སྤྱིའི་ཤེས་རིག་གི་གཡུལ་ས་ཆེན་མོ་ནས་ཐུའུ་བྷོད་ཆེན་པོའི་རིག་གནས་ཀྱི་རང་བཙན་ལེན་བཞིན་པའི་སྐབས་ཡིན་པ་འདྲ།
མ་གཞི་ངས་ཁོང་ལ་བཏུད་པ་དེར་ཡང་། ཁོང་གི་ལོ་རྒྱུས་ཀྱི་གསུང་སྒྲོས་དང་ཞིབ་མཇུག་གི་གྲུབ་དོན་ཡོངས་རྫོགས་རྟག་བརྟན་གྱི་བདེན་དོན་དུ་ཁས་ལེན་པའི་སྔོན་འགྲོའི་ཆ་རྐྱེན་མེད་ལ། དེ་དག་ཁས་ལེན་མིན་དེ་ཡང་ངས་ཁོང་ལ་དད་གུས་དང་དག་སྣང་བྱེད་པར་དམིགས་བསལ་གྱི་གནད་འགག་ཅི་ཡང་ཆགས་ཀྱི་མེད་པ་རེད། དེ་ནི་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་སྟངས་ཤིག་རེད། མ་ཟད། ཁོང་གི་ལོ་རྒྱུས་ཀྱི་ཡིག་འཇོག་དག་གི་ནང་དུ་ཡང་དེ་ནི་ཕྱི་རབས་པ་དག་ལ་ཞིབ་འཇུག་གི་ཁུངས་སྣེ་དང་། དོགས་སློང་གི་ས་བོན་ཙམ་ཡིན་ཞེས་ཁ་གསལ་པོས་བཤད་ཡོད་པ་ལྟར། ངས་འདིར་བཤད་པ་དེ་དག་ཀྱང་སྤྱིར་བཏང་གི་རང་གི་བསམ་ཚུལ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གླེང་བ་ཙམ་ལས་གཞན་ཅི་ཡང་མིན།
༩༽ གླེང་རིན་ཡོད་པའི་གློ་བུར་བའི་ཚོར་སྣང་ཞིག
དེ་དང་ཆབས་གཅིག དེ་རིང་གློ་བུར་དུ་ང་ལ་ཚོར་སྣང་ཤུགས་ཆེན་པོ་གཞན་ཞིག་བྱུང་བ་ནི། དམ་པ་གང་ཉིད་སྐུ་འཚོ་བཞུགས་སྐབས་སུ་ཁོང་བོན་རྒན་རེད་ཅེས་ལབ་མཁན་དང་། ངན་སྨོད་བྱེད་མཁན། ཁོང་གི་སློབ་མ་དག་ལ་ཐུག་མཁན་ཚོས་དེ་ཚོའི་ངོ་ལ་བལྟས་ནས་ནམ་མཁའི་ནོར་བུས་ག་རེ་བཤད་ཀྱི་འདུག ཁོ་བོན་རྒན་རེད་ཅེས་ལབ་མཁན་སྟེ། ཁོང་ལ་ལྟ་སྟངས་འཛིན་མཁན་དང་སྐུར་ཞུས་བྱེད་མཁན། དགག་པ་རྒྱག་མཁན་སོགས་གང་འཚམས་ཤིག་བྱུང་མྱོང་ཡོད་ན་ཡང་། སྐབས་དེ་ཚེ་དེ་དུས་ན་ཡང་། ཁོང་ནི་དེ་ཚོའི་ཁ་གཏད་དུ་ལངས་ནས་དེང་སང་གི་མཁས་དབང་དང་འབུམ་རམས་པར་གྲགས་དེ་ཚོ་ནང་བཞིན། བདག་བསྟོད་གཞན་སྨོད་ཀྱི་སྨྲ་བ་ལྷུར་ལེན་པའི་ལན་འདེབས་བྱ་རྒྱུར་རྩོལ་བ་གནང་མེད་པ་དང་། ཁོང་གིས་གང་ཡིན་པ་ནི་ཡིན་པ་དང་མིན་པ་ནི་མིན་པ་རེད། ང་ལ་ཁྱད་པར་གང་ཡང་འགྲོ་གི་མ་རེད། ཅེས་གསུངས་ནས་བཞུགས་པ་དང་། གུས་པ་དང་རིན་པོ་ཆེའི་བར་ལ་བཀའ་མོལ་བྱུང་བའི་བརྒྱུད་རིམ་ཁྲོད་དུ་ཡང་། ང་ལ་ཁོང་གི་ཐུགས་ལ་ལོ་རྒྱུས་ཀྱི་བྱུང་བ་དེ་དག་གཟིས་བཟོས་པའི་རྨ་ཁ་ཞིག་ལྷག་འདུག་སྙམ་པའི་ཚོར་བ་གཏན་ནས་སྤྲད་མ་བྱུང་།
དེ་བཞིན་དུ། ཡི་ཆད་དང་འཁར་ར་སོགས་ཀྱི་རྣམ་འགྱུར་དང་བློ་ཕམ་གྱི་གསུང་ཡེ་མེད་པར་ཧ་ཅང་རྒྱུན་ལྡན་དང་སྤྲོ་སྣང་གིས་ཁེངས་པའི་རྣམ་འགྱུར་དང་སྤོབས་པ་ལས་ཁོང་ཉིད་ལ་མི་འགའ་རེས་ག་འདྲ་ཞུས་མིན་དང་ག་འདྲ་བསམ་མིན་ལ་མ་བལྟོས་པར། ཁོང་གིས་འཛམ་བུ་གླིང་གི་སྐྱེ་བོ་ཁྲི་སྟོང་མང་པོར་རང་ཉིད་ཀྱི་བླ་མ་བརྒྱུད་པའི་མན་ངག་གི་གདམས་ཁྲིད་གནང་སྟེ་བཞུགས་པའི་རང་ཉིད་གང་ཡིན་པ་དེས་ཐུགས་ཡིད་ཧ་ཅང་ཚིམ་པར་བཞུགས་ཡོད་པའི་ཚོར་བ་བཅོས་མིན་བྱུང་ཞིང་། དེ་ནི་གཞན་གྱིས་གང་ཞིག་བཤད་ཀྱིན་འདུག་ལ་དོ་སྣང་མི་གནང་བར། རང་གིས་གང་ཞིག་གནང་དགོས་པ་དེར་ཐུགས་གཏད་ནས་བཞུགས་མཁན་གྱི་སྐྱེས་བུ་དམ་པའི་རང་གཤིས་དངོས་གནས་ཤིག་ཡིན་པ་འདྲ་སྙམ་པ་ཞིག་བྱུང་། ཉམས་ལེན་པ་ཟེར་ན་ཡང་དེ་འདྲ་ཞིག་ལ་ཟེར་བ་ལོས་ཡིན་ཨང་།
ངའི་བསམ་ཚུལ་འདི་དང་གཅིག་མཚུངས་ཀྱི་བསམ་ཚུལ་ཡོད་མཁན་གཞན་ཡང་བྱུང་འདུག་སྟེ། ཉིན་འདི་གར་རྗེས་དྲན་འབྲི་མཁན་མང་པོའི་ཁྲོད་ཀྱི་གཅིག་སྟེ། ཆབ་མདོ་ཤེས་རབ་ལགས་ཀྱི་རྗེ་དྲན་རྩོམ་ཐུང་དེར། “ཁོང་གི་ཐུགས་དམ་གྱི་མཐིལ་ནི་རྫོགས་ཆེན་ཡིན་པ་དང་། ནུབ་ཕྱོགས་སུ་རྫོགས་ཆེན་ཁྲིད་མཁན་ཐེངས་དང་པོ་ཡང་ཁོང་ཡིན་པའི་ཤོད་སྲོལ་འདུག །དེ་དང་འབྲེལ་བའི་ཀླན་ཀ་འགའ་རེ་བྱུང་འདུག་ལ། སྤྱིར་མཁས་པའི་གསུང་དང་ལྟ་གྲུབ་ལ་དགག་གཞག་བྱེད་པ་ནི་མཁས་པའི་བྱ་བ་ཞིག་ཡིན་ཡང་། ཆུང་ཆུང་ཆེ་བཟོས་ཀྱིས་དགག་ལན་དུ་སྙད་དེ་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་པར། ཙི་ཙི་ཟིན་ན་ཞི་མི་དཀར་ནག་ལ་ཁྱད་པར་མེད་པའི་རིས་མེད་དང་གུ་ཡངས་ཀྱི་སེངྒེའི་སྒྲ་ཆེན་པོ་བསྒྲགས་པར་མཛད་པ་ཡང་གདམས་ངག་ཏུ་གོ།” ཞེས་བྲིས་འདུག་ལ། རང་རེའི་སྐད་གྲགས་ཅན་གྱི་དྲ་གྲོགས་དང་དང་རིན་པོ་ཆེའི་དངོས་སློབ་ཀྱང་ཡིན་པ། ལོ་རྒྱུས་སྨྲ་བ་མཁས་ཅན་ཐུབ་བསྟན་ཕུན་ཚོགས་ཀྱིས་ཀྱང་། “འབྱུང་བྱའི་མིག་ལ་ཉི་འོད་ཇི་བཞིན་དུ། །བློ་དམན་རྣམས་ཀྱིས་དམོད་དང་བསྐུར་འདེབས་ལ། །དགྱེས་པའི་བཞིན་ལ་འཛིུམས་པའི་མདངས་ཕྱུག་པས། །རྒྱལ་སྲས་སྤྱོད་པའི་ཁོ་ལག་ཁྱེད་ལ་རྫོགས། །” ཅེས་བྲིས་འདུག་པའང་། ཕྲན་གྱིས་མིག་ལ་ཐོགས་མ་ཐག ད་རེས་རྒན་ལགས་ཀྱིས་ཁོང་ཉིད་སློབ་དཔོན་མཆོག་དང་མཇལ་བའི་མྱོང་ཚོར་དངོས་ཤིག་རྒྱུས་ཡོད་ཀྱི་བདེན་གཏམ་བྲིས་འདུག་ཨང་སྙམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་། འདི་ཁོ་ནའང་དེང་གི་དུས་འདིར་ཆེས་རིན་ཐང་བྲལ་བའི་ཡོན་ཏན་ཞིག་ཏུ་སྣང་ངོ་། །
༡༠ ༽ ༧ མེ་ལྟར་འབར་བའི་རུས་ཞེན་དང་ལ་རྒྱ།
ཁོང་ལ་འཇིག་རྟེན་མི་ལུགས་ཀྱི་དབང་དུ་བྱས་ན་ཡང་། བོད་མི་རིགས་དང་རང་གི་རིག་གཞུང་ལ་ཧ་ཅང་ཚད་མཐོའི་བའི་ལར་ཞེན་ཡོད་པ་ཞིག་ཡིན་སྟེ། ཁོང་གིས་ཨ་རིའི་རླུང་ཕྲིན་ཁང་གི་བཅར་འདྲི་ཞིག་ཏུ་གསུང་སྐབས། ཁོང་གིས་སློབ་ཆེན་དུ་ཡོད་སྐབས་བོད་ནི་ལོ་རྒྱུས་མེད་པའི་མི་རིགས་ཀྱི་ཁུངས་སུ་རྩི་བཞིན་པ་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར། ལོ་རྒྱུས་ཀྱི་ཁུངས་ལ་ཞིབ་འཇུག་བྱེད་པའི་བསམ་བློ་འཁོར་ཞིང་ཆོད་བསམ་བརྟན་པོས་བོད་ཀྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཐད་ཕུལ་དུ་བྱུང་བའི་ཞིབ་འཇུག་གནང་རྒྱུའི་དམ་བཅའ་བཞག་པ་ལྟར་མངོན་གྱུར་བྱུང་བ་དེ་ཡང་། སྐབས་དེར་འཕྲད་པའི་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་གོ་གནས་ཀྱི་གནས་བབ་དངོས་སུ་གཟིགས་པའི་རུས་ཞེན་དང་འབྲེལ་བ་ཞིག་ཡིན་འདུག
ཡང་ཁོང་གི་ཞལ་ནས། ང་ཐེངས་མ་གཅིག་བོད་ལ་འགྲོ་སྐབས་རྟའུ་ལ་སླེབས་པ་དང་སློབ་ཕྲུག་མང་པོ་ཞིག་མཐོང་བྱུང་། དེ་མ་ཐག་ངས་རླངས་འཁོར་གྱི་ཁ་བཀག་བཅུག་སྟེ། དེ་དག་ལ་ཕར་བཅར་ནས་ཁ་བརྡ་བྱས་པར་མ་ཟད། ཕྲུ་གུ་ཚོ་ལ་སྨྱུ་གུའི་རྔམ་པ་སྤྲད་ནས་སྐད་ཆ་བཤད་པ་ཡིན། ཡིན་ན་ཡང་། ཚང་མ་རྒྱ་སྐད་ཀྱིས་ལན་རྒྱག་གིན་འདུག དེ་ནས་ངས་ཁྱོད་ཚོ་དང་གོ་བརྡ་འཕྲོད་པའི་ཆེད་དུ་ཆེད་དུ་ཁམས་སྐད་རང་རྒྱག་གིན་ཡོད། ཁྱེད་ཚོས་གོ་ནི་གོ་གིན་འདུག ཁྱེད་ཚོས་རྒྱ་ཡིག་རྒྱ་སྐད་ལོས་བཤད། དེ་ཤེས་དགོས་པ་རེད། ཡིན་ན་ཡང་། རང་ཉིད་ཀྱི་སྐད་ཡིག་དེ་རྒྱ་སྐད་མིན་པ་ཤེས་དགོས་པ་རེད་ལབ་པ་ཡིན། ཡང་རྒྱ་སྐད་ཀྱིས་ཏུའི་ཏུའི་ཟེར་ནས་ལན་བརྒྱབ་བྱུང་། དེ་དུས་ང་སེམས་པ་ཧ་ཅང་སྐྱོ་བྱུང་། ཡིན་ན་ཡང་། རྗེས་ནས་བོད་ནང་གི་གླུ་གཞས་དེ་ཚོའི་ཚིག་གི་ལམ་ནས་མི་རིགས་ཀྱི་འཚོ་བ་དང་ལར་ཞེན། སེམས་འདུན་སོགས་བརྗོད་བཞིན་པ་དང་། ཁོང་ཚོར་རྒྱ་ཡིག་གི་གོ་རྟོགས་ཆེན་པོ་ཡོད་ན་ཡང་། བོད་སྐད་རང་གིས་གླུ་ལེན་པ་མཐོང་ནས་ངས་དེ་ནས་རྟག་ཏུ་བོད་སྐད་ཀྱི་བཞས་ཉན་བཞིན་ཡོད་པར་མ་ཟད། རང་གི་སློབ་མ་དག་ལ་ཡང་ཆེད་དུ་སྦྱང་བཅུག་པ་ཡིན་ཞེས་གསུངས་འདུག
དགོང་ལོ་ཡང་མཐོན་པོར་ཐོན། ཞིབ་འཇུག་པ་དང་མཁས་པ་ཆེན་པོའི་མཚན་གནས་ཡང་མངའ། ཁོར་སློབ་ཀྱི་སྙན་པ་ཡང་རྒྱས་ཏེ་ཡོད་ན་ཡང་། ད་དུང་དེ་ད་ལྟ་བུའི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཕ་ཡུལ་གྱི་གནས་སྟངས་སྤྱིར་བཏང་བ་དག་ལ་ཡང་རྨང་གཞིའི་ཐོག་ནས་དོ་སྣང་གནང་བ་ནི་སེམས་འགུལ་ཐེབས་པ་ཞིག་མ་རེད་དམ།ད་དུང་ཁོང་གི་སྐུ་ཚེའི་རྣམ་ཐར་དང་འབྲེལ་བའི་དངོས་བཤུས་གློག་བརྙན་ཞིག་ཏུ་གསལ་བ་ལྟར་ན། ཁོང་གིས་༧གོང་ས་མཆོག་ཁོང་གི་ཆོས་སྒར་དུ་གདན་འདྲེན་ཞུ་སྐབས་། རི་སྒང་ཞིག་ཏུ་ཆེད་དུ་འབྲོག་པའི་རེ་སྦྲ་ཞིག་གོ་སྒྲིག་ཞུས་ཏེ། ངའི་བླ་མ་ཉག་བླ་བྱང་ཆུབ་རྡོ་རྗེའི་སྒར་དུ་ཡང་ནག་ཚང་འདི་ལྟར་ཕུབ་པ་ཡིན་གསུངས་ནས་ཁོང་རང་གིས་ཆོན་ཐག་འཐེན་པ་སོགས་གནང་བར་མ་ཟད། ༧གོང་ས་མཆོག་དངོས་སུ་རེ་སྦྲ་དེའི་ནང་དུ་གདན་འདྲེན་ཐོག ༧གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་མཉམ་ཆེན་པོས་སྒྱེད་པུའི་འགྲམ་དུ་བཞུགས་ཏེ་ཁོལ་མོ་འབུད་སྟངས་གཟིགས་འབུལ་ཞུས་པ་ལ་གཟིགས་ནས་སྐུ་དངོས་ཀྱིས་ཁོལ་མོ་འབུད་(རྒྱག)གནང་མཛད་ཅིང་། བཞད་མོ་དང་བཅས་དེ་ནི་ངོས་ཀྱི་སྐུ་ཚེའི་ནང་ཐོག་མ་ཡིན་པར་གསུངས་ཡོད།
དེ་ལྟར་ཁོང་གཉིས་ཀྱིས་ཤིན་ཏུ་ཡིད་དུ་འོང་བའི་དཀྱུས་མའི་སྣང་བརྙན་གྱི་ལམ་ནས་རང་གི་ཕ་ཡུལ་ཁ་བ་ཅན་གྱི་སྣོད་བཅུད་ལ་ཕྱིར་དྲན་བྱས་ཡོད་ལ། ལར་༧གོང་ས་མཆོག་ལ་འཛམ་བུ་གླིང་དུ་རྒྱས་སྤྲོས་ཅན་གྱི་ཕེབས་གསུ་ཞུ་མཁན་རང་རིགས་གྲངས་མེད་པ་ཞིག་ཡོད་ངེས་ན་ཡང་། རིན་པོ་ཆེ་ཁོང་གི་གནང་སྟངས་དེ་ལ་དམིགས་བསལ་གྱི་གོ་དོན་དང་བྲོ་བ། བརྩེ་དུང་བཅས་ཁྱད་པར་ཅན་ཞིག་ཡོད་པ་ཚོར་ནས་ཡིད་འགུལ་མྱོང་། ང་ཚོ་ཚང་མ་མི་ཡིན་པར་འདྲ་ན་ཡང་། རྣམ་དཔྱོད་ཀྱི་འཆར་སྒོ་དང་། གཟིགས་རྒྱང་ལ་མི་འདྲ་བའི་ཁྱད་པར་འབྱུང་བ་འདི་ནི་ལར་ནས་ཀྱང་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཀྱང་རེད་འགི་ཨང་།
༡༡༽ བཀའ་དྲིན་གསོབ་པར་ད་དུང་འཕྱི་དྲགས་མེད་པ།
ཡང་ཁར་རྩང་དེ་རིང་མང་པོ་ཞིག་གིས་ཁོང་མཁས་པ་དང་སྐྱེས་བུ་དམ་པ་ཡིན་པའི་ཚུལ་དང་། རིག་པའི་དེད་དཔོན་ཡིན་པའི་སྐོར་མང་དག་ཅིག་བཤད་བཞིན་པ་ནི་གཞི་རྩའི་ཆ་ནས་ཅུང་ཟད་འཕྱི་ཟིན་པ་ཞིག་ཡིན་ཏེ། དངོས་གནས་བྱས་ན་ང་ཚོས་ཁོང་དངོས་སུ་བཞུགས་བཞིན་པའི་ངོ་ཐོག་དེར་དངོས་ཡོད་ཀྱི་ཆེ་མཐོང་དེ་ལས་མང་ཙམ་ཞིག་འབུལ་ཐུབ་ཡོད་ན། ཐ་ན་ང་རང་ཚོའི་ཆེད་དུ་ཡང་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དེ་ལག་ལ་བེད་སྤྱོད་མང་ཙམ་བྱེད་ཐུབ་ཡོད་ན་དེ་ད་ལྟ་གདུང་འབོད་ཀྱི་སྐད་ཅོར་རྒྱག་པ་ལས་ཡག་ཙམ་ཡོད་པ་ཡིན་ལ། འདིའི་ཐད་ངས་ཁོང་ཐའེ་ཝན་ལ་ཕེབས་སྐབས་སུ་ཕྲན་ལ་བསམ་ཚུལ་ཇི་ལྟར་འཁོར་བའི་ཚུལ་ངས་ཟིན་བྲིས་དེར་འདི་འདྲ་ཞིག་ཀྱང་བྲིས་འདུག་སྟེ། “དེང་སྐབས་ཐའེ་ཝན་གྱི་ས་ཆ་འདིར་མཚོན་ན། ང་ཚོའི་བོད་བརྒྱུད་ནང་ཆོས་ཀྱི་མཐོང་དང་ཆ་འཇོག་རྒྱལ་སྤྱིའི་དངུལ་རྩ་ལྟར་བརྟན་ལ་མི་བརྟན་པ་ཞིག་ཏུ་འགྱུར་བཞིན་པའི་དུས་རིམ་འདིར་། ཁོང་ལྟ་བུའི་ཁྱད་དུ་འཕགས་པའི་ཆོས་ཀྱི་སློབ་དཔོན་དག་ལ་ང་ཚོ་བོད་པ་ཚོས་ཐུན་མོང་གིས་སྒྲིག་འཛུགས་ལྡན་པའི་གོ་སྒྲིག་གིས་སྣེ་ལེན་ཞུས་ཏེ་བཀའ་སློབ་གནང་དུ་འཇུག་པ་དང་། ཐའེ་ཝན་གྱི་བརྒྱུད་ལམ་ཆེན་པོ་ཁག་དང་། གཙུག་ལག་སློབ་ཆེན་ཁག་ཏུ་སྐུལ་སློང་གིས་ལེགས་སྦྱར་དང་གཞི་རྒྱ་ཆེ་བའི་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་རིམ་རེ་བཀོད་སྒྲིག་ཞུ་ཐུབ་ཡོད་ན་ཅི་མ་རུང་སྙམ་པ་དང་། ང་ཚོས་སོ་སོ་དང་སོ་སོའི་འབྲེལ་ཡོད་བླ་ཆུང་སྤྲུལ་ཆུང་དག་གི་དོན་དག་ཉེ་ཚེ་བའི་ཆེད་དུ་ཁྱབ་བསྒྲགས་ཆེན་པོ་བྱ་རྒྱུ་དང་འབྲེལ་ལམ་འཛིན་རྒྱུ་སོགས་གལ་ཆེན་ཏུ་མ་བརྩིས་པར་སྐྱེས་བུ་དམ་པ་འདི་ལྟ་བུ་ལ་ངོ་རྟགས་ཆོད་པའི་འོས་འཚམས་ཀྱི་ཞབས་ཏོག་ཕུལ་ཡོད་ན་སྙམ་པ་དང་། ང་ལ་ཡང་ནུས་ཤུགས་ཤིག་ཡོད་ན་རྒྱུ་མཚན་གང་ཡང་མེད་པའི་ཐེ་ཚོམ་ཉི་ཚེ་བ་དེ་དག་ཡོངས་སུ་དོར་ནས་འདི་ལྟ་བུའི་སྐྱེས་བུ་དག་ལ་བསྙེན་བཀུར་ཞུ་ངེས་སྙམ་པ་སོགས་ཀྱི་ཚོར་བ་དང་རྣམ་རྟོག་བར་མེད་དུ་གཡོས།” ཞེས་བྲིས་འདུག སྐབས་དེར་ང་རང་ངོས་ནས་ཐའེ་ཀྲོང་ཧྲན་སློབ་ཆེན་གྱི་རྒྱ་ཡིག་ཆེད་སྦྱོང་གི་སློབ་མ་ཞིག་ཡིན་སྟབས་ལག་ལེན་གྱི་ནུས་པ་གང་ཡང་མེད་པ་རེད། འོན་ཀྱང་། ངའི་བསམ་ཚུལ་འདི་ཁ་ཞེ་གཉིས་མེད་ཀྱི་དད་འདུན་ཞིག་ཡིན། མ་ཟད། ངས་ཁོང་ལ་དེ་ལྟར་ཆེ་མཐོང་དང་གུས་ཞབས་ཞུ་བ་དེ་ཡུལ་དངོས་ཀྱི་ཚོར་བ་ཙམ་མིན་པར་རྒྱུ་མཚན་གཉིས་ཤིག་ཡོད་པ་ཟིན་བྲིས་དེར་གསལ་འདེབས་ཤིག་བྱས་འདུག་སྟེ། ཟིན་བྲིས་སུ། “ངས་ཁོང་ལ་འདི་ལྟ་བུའི་གུས་ཞབས་བྱེད་པ་དེ་དེ་རིང་གི་ཡུལ་ས་དངོས་ཀྱི་ཐད་ཀའི་ཚོར་བ་ལས་གཞན་པའི་རྒྱུ་མཚན་ཁག་གཉིས་ཡོད་དེ། གཅིག་ནི་ཁོང་ཉིད་རྫོགས་པ་ཆེན་པོའི་བསྟན་པ་ལ་གཞན་དྲང་མི་འཇོག་པའི་ཆོས་ཀྱི་སློབ་དཔོན་ཞིག་ཡིན་པ་དང་། གཞན་ཞིག་ནི་༸གོང་ས་མཆོག་ལ་དམ་ཚིག་ཧ་ཅང་བརྟན་པའི་ཐོག་ནས་ཁ་བ་གངས་ཅན་གྱི་ལྗོངས་ལ་ལྷག་བསམ་དང་བོད་རིག་པ་ལ་མཛད་བརྗེས་འགྲན་ཟླ་དང་བྲལ་བ་ཞིན་ཡིན་པས་བཅས་ཡིན། འདི་དག་ནི་ངས་སྔ་མོ་ནས་ཁོང་གི་རྨད་དུ་བྱུང་བའི་གསུང་རྩོམ་ཁག་མཇལ་བ་ལས་ཐོབ་པའི་ངེས་ཤེས་ཡིན།” ཅེས་བྲིས་ཡོད། འོན་ཀྱང་། ད་དུང་ཡང་ང་ཚོས་ཁོང་ལ་བཀའ་མོལ་ཞུ་བའི་བརྒྱུད་ལམ་མེད་པའང་མ་ཡིན་ཏེ། ཁོང་གིས་སྐུ་ཚེའི་ཤེས་རབ་ཀྱིས་བསྐྲུན་པའི་གསུང་རྩོམ་གྱི་གླེགས་བམ་དེ་དག་ནི་ང་ཚོས་རིན་པོ་ཆེ་མཆོག་ཉིད་སྐུ་འཚོ་ཞིང་བཞུགས་པའི་སྐབས་སུ་ཁོང་གི་བོད་མི་རིགས་ལ་བཅིངས་པའི་བརྩེ་སེམས་དང་ལ་རྒྱ། ཞང་བོད་རིག་གནས་ཀྱི་ཞིབ་འཇུག་ལ་བཞག་པའི་རྣམ་དཔྱོད་དང་བརྩོན་པ། རྫོགས་ཆེན་འོད་གསལ་སྙིང་པོའི་བསྟན་པ་ལས་བརྙེད་པའི་ཉམས་རྟོགས་དང་ལྟ་དགོངས་དེ་ཚོ་ལ་ཞལ་མཇལ་ཞུ་ཆོག་པ་ཡིན། འདི་ནི་དངོས་གནས་ཁོང་ལ་གུས་པ་ཡོད་མཁན་ཞིག་ཡིན་ཕྱིན། ཁོང་ཉིད་ཐུགས་མཉེས་ཤོས་ཀྱི་རྗེས་དྲན་དང་དྲིན་བཟོ་ཆེས་ལེགས་ཤོས་དེ་ཡང་ཡིན་ངེས།
༡༢༽ མ་ལེ་ཞི་ཡའི་ཆེས་ཐ་མའི་ཞལ་མཇལ།དེ་རྗེས་གུས་པ་རིན་པོ་ཆེ་དང་མཇལ་བ་ཐ་མ་དེ་ནི་སྤྱི་ལོ་༢༠༡༦ལོའི་ཟླ་༩པའི་ཚེས་༡༧ ཉིན་སྟེ། གུས་པ་ཐའེ་ཝན་ནས་ཐོངས་མཆན་སླར་གསོའི་ཆེད་འགྲོ་བ་དང་རིན་པོ་ཆེ་མཆོག་དེར་ཕེབས་ནས་ཆོས་འཁོར་སྐོར་བཞིན་པ་དུས་ཚོད་འགྲིགས་པ་བྱུང་ཞིང་། གུས་པ་ཁོང་དང་ཞལ་མཇལ་ཞུས་པར་མ་ཟད། ཐུགས་མཉེས་ཚོར་ཆེན་པོའི་བཀའ་མོལ་གནང་བ་དང་། གུས་པས་ཀྱང་ཕྲན་གྱི་རྒྱ་ཡིག་གི་ཐོག་ཏུ་ཡོད་པའི་དེབ་འཛམ་གླིང་དུ་བསྐྱོད་པའི་བོད་ཀྱི་འབྲོག་ཕྲུག་སོགས་མཇལ་རྟེན་དུ་ཕུལ་བ་ཡིན།
སྐབས་དེར་རིན་པོ་ཆེས། “གལ་ཏེ་རྗེས་མ་དུས་ཚོད་བྱུང་ན་ཨོ་ཏ་ལི་ཡར་ཁོང་གི་གཞུགས་གནས་སུ་ཡོང་ན་དགའ་བསུ་ཡོད།” ཅེས་གསུངས་ན་ཡང་། ད་ནི་དེ་ཡང་མངོན་གྱུར་མ་བྱུང་མོད། ཁོང་གིས་གུས་པར་སྔ་རྗེས་སུ་བློ་སྒོ་འབྱེད་པའི་ཞིབ་འཇུག་གི་ཁོངས་སྣེ་དང་དགོངས་ཚུལ་རགས་པ་རེ་གསུངས་པ་དག་དང་། ཁྱད་པར་དུ། ཁོང་གིས་ད་ནི་ང་ཚོ་ལོ་ཆེན་པོ་ཆགས་ཚར་བ་རེད། ཞིབ་འཇུག་ལ་སོགས་པ་འདི་རིགས་ཡོང་བ་ཞིག་མ་རེད། ཁྱེད་ཚོ་ལོ་གཞོན་པ་རྣམ་རིག་གསལ་པོ་ཡོད་པ་ཚོས་ངེས་པར་དུ་ཕྱོགས་མང་པོ་ཞིག་ལ་ཞིབ་འཇུག་དགོས་པ་རེད་ཅེས་གསུངས་པ་དེ་ད་ཆ་ངས་ཁོང་གིས་ང་ཚོ་ད་ལྟའི་མི་ཐོག་གསར་པ་འདིའི་ཤེས་ཡོན་པའི་གྲལ་མཐར་སྡོད་པ་ཐམས་ཅད་ལ་ཐུན་མོང་དུ་གདམས་པའི་ཁྱེད་ཀྱི་ཐ་མའི་ཞལ་ཆེམས་སུ་གོ་བ་བླངས་ནས་མུ་མཐུད་ཐོས་པ་དང་མི་འབྲལ་བ་ཞིག་གི་དམ་བཅའ་ཞུ་རྒྱུ་ཡིན།
༡༣༽ མཇུག་བསྡུ་བ།
ད་ནི་ཕྲན་གྱིས་བྲིས་པའི་རྩོམ་ཡིག་གི་མཇུག་ཏུ་བྲིས་པའི་ཚིགས་སུ་བཅད་པ་གསུམ་གྱིས་རྩོམ་ཡིག་འདིའི་མཇུག་བསྡུ་བར་བྱ་སྟེ།
ཁོང་ནི་རིག་འཛིན་བརྒྱུད་པའི་སྲས་ཡིན་པས། །
མཁའ་འགྲོའི་སྙིང་ཐིག་འདོད་ན་ཁོང་ལ་དྲིས། །
ཁོང་ནི་འཛམ་གླིང་ཤེས་བྱའི་ནོར་ཡིན་པས། །
རིག་པའི་གཏེར་མཛོད་འདོད་ན་ཁོང་ལ་དྲིས། །
ཁོང་ནི་ཞང་བོད་སྲིད་པའི་ཁྱིམ་ཡིན་པས། །
མེས་པོའི་བླ་སྲོག་འཚོལ་ན་ཁོང་ལ་དྲིས། །
ཁོང་ནི་གངས་ཅན་ནམ་མཁའི་ནོར་ཡིན་པས། །
ནོར་བུའི་ཐང་མ་འདོད་ན་ཁོང་ལ་དྲིས། །
བདག་ཀྱང་སྐྱེ་བ་ནས་བཟུང་སྐྱེ་བ་རུ། །
སྐྱེས་བུ་དམ་པ་བླ་མར་བྱེད་པ་དང་། །
རྡུལ་དང་བྲལ་བའི་ཤེས་རབ་མིག་ཐོབ་ནས། །
རང་དབང་ཉིད་ཀྱིས་མཇུག་པ་ལྷུར་བྱེད་ཤོག །
ཞེས་པ་འདི་ནི། སྤྱི་ལོ་༢༠༡༨ཟླ་༩ ཚེས་༣༠ ཐམ་པའི་ཕྱི་དྲོར། དམ་པ་གང་གི་སློབ་འབངས་སུ་གཏོགས་པའི་གུས་པ་རྫ་ཚེ་རིང་བཀྲིས་ཀྱིས་རི་བོ་ཝི་ལན་ཁྲོན་གྱི་ཡིད་དུ་འོང་བའི་ནགས་ཀྱི་མཐོངས་ཡངས་པ་ཞིག་ཏུ་དད་གུས་ཀྱི་བློས་བྲིས་པ་ཁོང་གི་བཀའ་དྲིན་དང་ཆེ་བའི་ཡོན་ཏན་དྲན་པའི་རྒྱུར་གྱུར་ཅིག །
བཀྲིན་ཆེ་དཔེ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་འདིར་བཀའ་འདྲི་
ཞུ་རྒྱུར་ཞིང་བོད་ཟེར་ན་གང་རེད་འབྲེལ་བཤད་གནང་རོགས་
ཐུགས་རྗེ་ཆེ་།