ཨ་རི་དང་རྒྱ་ནག་བར་ཚོང་འབྲེལ་དམག་འཁྲུག་བྱུང་གི་ཡོད་པ་ཙམ་མིན་པར་ཕྱི་འབྲེལ་དང་བདེ་སྲུང་ཐད་ནས་ཀྱང་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག
ཁ་སང་ཨ་རིའི་ཕོ་བྲང་དཀར་པོས་བསྒྲགས་པ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་འདིའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་ནང་དུ་ཨ་རྒྱ་གཉིས་ཀྱི་བདེ་སྲུང་ལོ་འཁོར་ཚོགས་འདུ་འཚོགས་འཆར་ཡོད་ཀྱང་། རྒྱ་ནག་གི་ཆེས་མཐོའི་དམག་དཔོན་ཞིག་ཁོམ་གྱི་མེད་ལུགས་བརྗོད་དེ་ཚོགས་འདུ་རྩིས་མེད་བཏང་ཡོད་པ་དང་། མ་འོངས་པར་འཚོགས་རྒྱུ་ཡིན་མིན་ད་དུང་གསལ་ཁ་བཟོས་མེད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་མཚོ་དམག་གྲུ་གཟིངས་ཤིག་ཧོང་ཀོང་གི་གྲུ་ཁ་ཞིག་ལ་འབབ་པའི་ཆོག་མཆན་མ་སྤྲད་ཡོད་པ་དང་། ཨ་རི་གཞུང་གིས་ཐའེ་ཝན་ལ་གོ་མཚོན་ཚོང་སྒྱུར་གཏན་འབེབ་བྱས་པ། ཕྱི་ཚེས་ ༢༦ ཉིན་ཨ་རིའི་འཐབ་དམག་མཁའ་གྲུ་ (B-52) རྟགས་ཅན་གྱིས་རྒྱ་ནག་གི་ལྷོ་ཤར་རྒྱ་མཚོའི་ཁུལ་དུ་འཕུར་སྐྱོད་བྱས་པ་ཡོངས་བསྒྲགས་བྱས་པ། རྒྱ་ནག་རྒྱ་མཚོའི་བདག་དབང་དང་འབྲེལ་བའི་རྩོད་རྙོག ལྷག་པར་དུ་ཨ་རྒྱ་གཉིས་ཀྱི་ཚོང་དམག་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་ཨ་རིའི་སྲིད་འཛིན་གཞོན་པ་པན་སི་ (Pence) ལགས་ཀྱིས་རྒྱ་ནག་གིས་ཨ་རིའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གཏམ་བཤད་སྤེལ་འཆར་ཡོད་སྐོར་བསྒྲགས་པ་སོགས་ཀྱིས་ཚོགས་འདུ་དེ་རྩིས་མེད་བཏང་བ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་སྟེང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་ཨ་རིའི་འོས་བསྡུ་བར་མར་ཐེ་གཏོགས་བྱེད་བཞིན་ཡོད་པའི་བདེན་དཔང་བཅས་རིམ་གྱིས་གསལ་པོ་ཆགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་དེ་མ་ཐག་ལན་འདེབས་བྱས་ཏེ། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལམ་སྲོལ་ཞིག་ཡིན། ང་ཚོས་དེ་སྔོན་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་མ་མྱོང་བ་དང་མ་འོངས་བར་ཡང་བྱེད་ཀྱི་མེད། ང་ཚོས་རྒྱ་ནག་ལ་ཉེས་མེད་སྐྱོན་འཛུགས་བྱས་པ་དེ་ཚོ་ངོས་ལེན་བྱ་ཐབས་རྩ་བ་ཉིད་ནས་མི་འདུག ཅེས་བརྗོད་ཡོད་པ་མ་ཟད། ཨ་རྒྱའི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་པར་སེམས་འཚབ་སྐྱེས་དགོས་དོན་མེད་ཀྱང་། ཚོང་འབྲེལ་ཐད་ནས་གནོན་ཤུགས་དང་ལྐོག་ཤོམ་སྡིགས་སྐུལ་གཏོང་བར་རྒྱ་ནག་གིས་མགོ་འདོགས་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ལོའི་ཨ་རྒྱ་གཉིས་ཀྱི་བདེ་སྲུང་ཚོགས་འདུ་ཨ་རིའི་ནང་ཚོགས་ཡོད་པ་དང་། སྐབས་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་དང་ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་རྒྱ་མཚོ་སྤྱིའི་རྩོད་རྙོག འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་གཉིས་བར་གྱི་དམག་དོན་མཉམ་འབྲེལ་སོགས་ཀྱི་ཐོག་གླེང་མོལ་བྱས་ཡོད་འདུག ད་ལོར་འཚོགས་འཆར་བྱས་པའི་བདེ་སྲུང་ཚོགས་འདུའི་ཐོག་ཨ་རིའི་བདེ་སྲུང་དྲུང་ཆེ་ཇིམ་མཱ་ཊི་སུ་ (Jim Mattis) ལགས་ཕེབས་འཆར་བྱས་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།
ཨ་རྒྱའི་ཁ་དམག་ཆབ་སྲིད་ཟློས་སྒར་ལ་།
མགོ་བོ་འཁོར་མཁན་ཤར་ཕྱོགས་རྒྱལ་ཁབ་ཙམ།
ཨ་རྒྱ་གཉིས་ཀྱིས་རང་དོན་སྒྲུབས་ཐབས་སུ་།
ཕྱི་ལ་སྟོན་རྒྱུ་ནང་ལ་ཉར་རྒྱུ་སོགས་།
གསར་འགྱུར་རིག་པས་དཔྱད་ཤེས་མ་ཐུབ་ནས་།
ཞི་བའི་མི་མང་མགོ་བོ་རྨོངས་དུ་བཅུག་།
ཧཧཧ