རྒྱ་ནག་རྒྱལ་ཡོངས་ཀྱི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད་བོད་ཀྱི་གཞོན་སྐྱེས་གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་བླངས་འདུགཁ་སང་དགོང་མོར་རྒྱ་ནག་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་གྱི་རྟིང་རྩོད་ཁྲོད་བོད་རིགས་ན་གཞོན་གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་དང་འབྲུག་བྱམས་ཚེ་རིང་ལགས་ཀྱིས་ཨང་ ༥ པ་བླངས་ཡོད་འདུག ཐེངས་འདིའི་འགྲན་སྡུར་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ནས་མགོ་འཛུགས་ཀྱིས་ཁ་སང་མཇུག་བསྡུས་ཡོད་པ་དང་། ད་ལོའི་འགྲན་སྡུར་ནང་རྒྱལ་ཡོངས་ཀྱི་གཞས་པ་གཞས་མ་ ༤༤ བྱུང་ཡོད་འདུག
གླུ་གཞས་འགྲན་སྡུར་ནང་ཞུགས་སྐབས་བསྟན་འཛིན་ཉི་མ་ལགས་ཀྱིས། ང་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་གྱི་གར་སྟེགས་ཆེན་པོ་འདི་འདྲ་ཞིག་གི་ཐོག་འཛུལ་ཞུགས་བྱེད་དོན་གཙོ་བོ་ནི་སོ་སོའི་མི་རིགས་ཀྱི་གླུ་གཞས་བླངས་ཏེ་འཛམ་གླིང་མི་མང་ལ་ཉན་དུ་འཇུག་འདོད་ཡོད་སྟབས། ངས་སོ་སོའི་མི་རིགས་ཀྱི་གླུ་གཞས་དང་དེང་རབས་གླུ་གཞས་གཉིས་མཉམ་སྦྲེལ་གྱིས་སྔར་ལས་མི་མང་པོ་ཞིག་ལ་ཐ་དད་ཡིན་པའི་གླུ་གཞས་ཉན་དུ་འཇུག་འདོད་ཡོད། ཅེས་བརྗོད་འདུག
བསྟན་འཛིན་ཉི་མ་ལགས་ལ་རྒྱལ་ཁ་ཐོབ་རྗེས་སྤྱི་ཚོགས་དྲ་ལམ་སོགས་སུ་བོད་ཕྱི་ནང་གཉིས་ནས་བསྔགས་བརྗོད་དང་རྟེན་འབྲེལ་ཞུ་མཁན་ཧ་ཅང་མང་པོ་འདུག་ལ། དེ་རིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་མང་སྲིད་གཞུང་ནས་བསྟན་འཛིན་ཉི་མ་ལགས་སུ་འཚམས་འདྲིའི་ཡི་གེ་ཞིག་བསྐུར་བའི་ནང་། ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་དེ་མགོ་བཙུགས་ནས་ལོ་ངོ་ ༧ ཕྱིན་པའི་རིང་མཚོ་སྔོན་ཞིང་ཆེན་གྱི་གཞས་པ་ཞིག་མཉམ་ཞུགས་བྱས་ཏེ་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཡིན་སྟབས། ཞིང་ཆེན་གྱི་མི་རིགས་རོལ་དབྱངས་ལ་སྔར་མེད་ཀྱི་ཚོན་མདངས་བསྐྲུན་ཞིང་། མི་རིགས་ཁྱིམ་མི་དང་བཅས་ལ་སྔར་མེད་ཀྱི་འོད་སྣང་འཚེར་བཅུག་སོང་བས། ང་ཚོས་ཁུལ་ཡོངས་ཀྱི་མི་མང་ཁྲི་ ༢༨ ཀྱི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་ཡི་ཡོད། ཅེས་བརྗོད་འདུག
ཡང་འཚམས་འདྲིའི་ནང་དུ། བསྟན་འཛིན་ཉི་མ་ལགས་ཐེངས་འདིའི་ཚད་མཐོ་བའི་གླུ་གཞས་འགྲན་སྡུར་ནང་ཞུགས་པ་དེས་རང་ཉིད་མངོན་འགྱུར་དང་ཡར་རྒྱས་མཐོར་འདེགས་སུ་བཏང་བ་མ་ཟད། རྨ་ལྷོ་ཁུལ་མི་མང་ཀྱི་ཐུན་མིན་ཁྱད་ཆོས་དང་རིག་གཞུང་དྲིལ་བསྒྲགས་གསལ་སྟོན་བྱས་ཏེ་ཁུལ་ཡོངས་ཀྱི་མཚན་སྙན་གང་སར་ཁྱབ་ཏུ་བཅུག་ཡོད་སྟབས། རྨ་ལྷོ་ཁུལ་གྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་སྐྱོད་བཞིན་པའི་བུ་དང་བུ་མོ་རྣམས་ཀྱི་རྨི་ལམ་ལ་དགའ་སྤོབས་སྐྱེས་བཞིན་ཡོད་ལ། བསྟན་འཛིན་ཉི་མ་ལགས་ཀྱིས་སྔར་ལས་ཡངས་བའི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་སྙེག་ཐུབ་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག
བསྟན་འཛིན་ཉི་མ་ལགས་ཀྱི་སློབ་སྟོན་པ་ལི་ཅན་ (李健) གྱིས་ཁོང་ལ་རིན་ཐང་ཅན་གྱི་སྐེ་རྒྱན་ཞིག་ཟླ་གཉིས་རིང་མཉམ་གཤིབ་བྱས་པར་དྲན་རྟེན་དང་། ཁོང་གི་མ་འོངས་པའི་རྨི་ལམ་ལེགས་འགྲུབ་ཡོང་བའི་སྨོན་འདུན་དུ་སྤྲད་ཡོད་པ་དང་། བསྟན་འཛིན་ཉི་མ་ལགས་ཀྱིས་ཀྱང་ཕ་ཡུལ་གྱི་ཡོད་ཚད་གླུ་རུ་ལེན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག འགྲན་སྡུར་གྱི་ཉིན་མཐའ་མ་དེར་ཁོང་གི་སློབ་སྟོན་པ་ལེི་ཅན་ལགས་བོད་དུ་ཡོད་སྐབས་བརྩམས་པའི་ (水流众生) ཅེས་པའི་གཞས་དེ་དགེ་སློབ་གཉིས་ཀྱིས་མཉམ་ལེན་གནང་ཡོད་འདུག
བསྟན་འཛིན་ཉི་མ་ལགས་ནི་དགུང་ལོ་ ༢༦ ཡིན་ཞིང་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ནས་ཡིན་པ་དང་། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་འདུག ཁོང་ལ་བོད་སྐད་གླུ་གཞས་བརྩམས་ཆོས་གཤོག་པ་དང་སློབ་གྲོགས། ཟུར་གསུམ་མའི་བརྩེ་དུང་ཞེས་པ་སོགས་ཡོད་འདུག
ཡང་ཐེངས་འདིའི་གླུ་གཞས་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་ལྔ་པ་ཐོབ་མཁན་བོད་རིགས་ན་གཞོན་གཞས་པ་འབྲུག་བྱམས་ཚེ་རིང་ལགས་ནི་རང་ལོ་ ༢༣ ཡིན་ཞིང་། ཁོང་མཚོ་སྔོན་མཚོ་ལྷོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་ནས་མཐར་ཕྱིན་ཡོད་པ་དང་། ཐེངས་འདིའི་འགྲན་ཚོགས་ཐོག་ཁོང་གིས་བོད་ཀྱི་སྲོལ་རྒྱུན་རོལ་ཆས་མངའ་རིས་སྒྲ་སྙན་དང་སྡེབ་ནས་གླུ་གཞས་བླངས་ཏེ། གླུ་གཞས་དཔྱད་འདེམ་པ་དང་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག ཁོང་དེ་སྔོན་ཡང་རྒྱ་ནག་གི་གླུ་གཞས་འགྲན་སྡུར་ཁག་ཅིག་ནང་མཉམ་ཞུགས་བྱས་ཏེ་གཟེངས་ཐོན་གྱི་གྲུབ་འབྲས་ཐོབ་ཡོད་འདུག
ཀྲུང་གོའི་གླུ་སྐད་སྙན་མོ་ཟེར་བའི་གླུ་གཞས་འགྲན་སྡུར་དེ་ནི་རྒྱ་ནག་གི་གླུ་གཞས་འགྲན་ཚོགས་ཆེ་ཤོས་ཤིག་ཡིན་ཞིང་། བོད་རིགས་གཞས་པ་ཞིག་གིས་ཨང་དང་པོ་བླངས་པ་ཐེངས་གཉིས་པ་དེ་ཡིན་འདུག ཕྱི་ལོ་ ༢༠༡༧ ལོར་བོད་གཞིས་ཀ་རྩེ་ནས་ཡིན་པའི་ན་གཞོན་སྐྱེས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨང་དང་པོ་བླངས་ཡོད་པ་རེད།
ཀྲུང་གོའི་གླུ་སྐད་སྙན་མོ་ (The Voice of China) ཞེས་པ་དེ་ནི་ཕྱི་ལོ་ ༢༠༡༢ ལོ་ནས་ཧོ་ལན་ཌའི་གླུ་སྐད་སྙན་མོ་ཞེས་པའི་ལས་གཞི་དེའི་ཆོད་གན་འོག་མགོ་འཛུགས་བྱས་པ་དང་། ཕྱིས་སུ་ (The Voice of China) ཞེས་པའི་མིང་གི་བདག་དབང་ལ་ཁྲིམས་ཐོག་ནས་རྩོད་རྙོག་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༡༦ ལོ་ནས་དབྱིན་མིང་དེ་ (Sing! China) ཞེས་པར་བསྒྱུར་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།
གླུ་བ་བསྟན་འཛིན་ཉི་མ་ལགས་དང་འབྲུག་བྱམས་ཚེ་རིང་གཉིས་ལ་རྟེན་འབྲེལ་གྲངས་མེད་ཡོད། མ་གཞི་ཕྱི་ལོ༢༠༡༧ལོར་གླུ་བ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགོ་འཛུགས་ཡག་པོ་ཞིག་གནང་ཐུབ་ཡོད་པས། ན་གཞོན་ཚོར་བློ་སྤོབས་རྒྱས་པར་གོ་ཆོག ད་དུང་གཞོན་སྐྱེས་གླུ་བ་འདི་དག་གི་སྐད་ངག་སྙན་མོས་གླུ་བ་གླུ་མ་ཡོངས་ལ་རྒྱ་ནག་ནང་ཚོང་ར་ཞིག་གི་སྒོའང་འབྱེད་ཐུབ་ཡོད་པར་མ་ཟད། ཐུན་མོང་མ་ཡིམ་པའི་སྐད་ངག་དང་གླུ་གཞས་ཀྱིས་རྒྱ་མི་དུང་ཕྱུར་མང་བོའི་སེམས་ཁམས་ལ་སྨན་བཅོས་བྱེད་ཐུབ། འདིའང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྟོབས་ཤུགས་གཞན་ཞིག་ཡིན།
གསར་དགོད་པ་གླུ་མགོ་ལགས 中国好声音 :是一部浙江卫视音乐节目 !
རང་གི་རྒྱ་ཡིག་དང་རྒྱ་སྐད་་ཡག་པོ་ཞིག་ཤེས་ཨེ་ཡོད་ན “ རྒྱ་ནག་རྒྱལ་ཡོངས ཀྱི “ མ་དཔེར་གང་ཡོད་ཅི་སྟོན་དང ???
བྱིའི་ཚང་རྩེད་ར་ནང་ TV show ཡོད་ཡོད་པ་རེད །
རྒྱ་དམར་གྱི་བོད་ལ་གླུ་གཞས་གཏོང་མཁན་ལ་ ཨང་དང་པོ་ གཉིས་པའི་ བྱ་དགའ་སྤྲོད་བཞིན་ཡོད། བོད་ཕྱི་ནང་གཉིས་ལ་དགའ་མོས་བྱེད་བཞིན་འདུག་ཟེར། དགའ་མོས་བྱེད་མཁན་ཚོ་ཕ་མ་འུག་པ་ཡིན་ནམ་ བོང་བུ་ཡིན་ནམ། བོད་ལ་སོ་སོ་སྐད་ཡིག་དང་རིག་གཞུང་ལ་ཤུག་རྒྱག་མཁན་ཚོ་ལ་བྱ་དགའ་སྤྲོད་རྒྱུ་ཕར་བཞག བཙོན་ལ་བཅུག རྡུང་རྡེག་ཤི་མ་ཤི་བཏང་། བུ་བཀྲ་ཤིས་དབང་ཕྱུག་གི་རང་སྲོག་དོར་ནས་ བོད་ཀྱི་ཆོས་དང་རིག་གཞུང་ སྐད་ཡིག་ལ་ཤུག་རྒྱག་བཞིན་ཡོད། འདི་ལ་བོད་ཕྱི་ནང་གཉིས་ལ་དགའ་མོས་བྱེད་བཞིན་འདུག་ བོད་ཀྱི་དུས་བབ་ནང་ལ་མིན་འདུག Technology Science ལ་བོད་པའི་ཅ་ལག་དེ་འདྲ་ཞིག་བཟོས་རེ་ གནས་ཚུལ་གོ་ཡ་ནི་མིན་འདུག བོད་པ་གཞས་འདྲ་བཏང་། ཉི་མ་གང་འཆོལ་བྱེད། རྒྱ་མི་ལོས་དགའ།