ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་ཡུལ་ཚོའི་འབྲོག་པ་མང་ཚོགས་ལ་སྲིད་གཞུང་གིས་གུན་གསབ་མ་སྤྲད་པར་བརྟེན་ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་ནས་བསྡད་དེ་ཞི་རྒོལ་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ཁ་རུ། བོད་མི་ཁག་ཅིག་གིས་སྲིད་གཞུང་གི་སྒོ་ཕྱུགས་ཚོད་འཛིན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་ཁས་ལེན་ལྟར་གུན་གསབ་མ་སྤྲད་པའི་རྐྱེན་གྱིས། ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་ནས་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ད་ལྟའི་ཆར་ཞི་རྒོལ་གྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་ཁ་མི་འདུག
ཕྱི་ལོ་ ༢༠༡༥ ལོར་ཅོ་ནེ་རྫོང་ཉིན་པ་ཡུལ་ཚོ་གཞུང་གིས་སྒོ་ཕྱུགས་ཚོད་འཛིན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། ས་གནས་འབྲོག་པ་མང་ཚོགས་ནས་ཕྱུགས་ཟོག་བཙོང་བ་དང་ཚོད་འཛིན་བྱས་པ་ཡིན་ན། སྲིད་གཞུང་ནས་ལོ་གསུམ་རྗེས་གུན་གསབ་ཀྱི་དངུལ་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་ལྟར། དུད་ཁྱིམ་ ༡༠༠ ལྷག་གིས་རང་གི་གོ་ཕྱུགས་བཙོང་ནས་ཚོད་འཛིན་བྱས་ཡོད་ཀྱང་། འདི་ལོར་ལོ་གསུམ་འགོར་རྗེས་སྲིད་གཞུང་གིས་ཕྱུགས་ཟོག་བཙོང་བའི་གུན་གསབ་ཀྱི་དངུལ་སྤྲད་མེད་པ་མ་ཟད། ས་གནས་བོད་མིའི་ཡར་ཞུ་ལ་ཉན་འཇོག་གཏན་ནས་མ་བྱས་པར་བརྟེན། འབྲོག་པ་རྣམས་འུ་ཐུག་ནས་འདི་ལོའི་ཕྱི་ཟླ་ ༩ ཚེས ༥ ཉིན་ས་གནས་བོད་མི་ཉུང་མཐར་ ༢༠ ལྷག་གིས་ཡུལ་ཚོའི་སྲིད་གཞུང་གི་མདུན་དུ་ཞི་རྒོལ་ལས་འགུལ་སྤེལ་ཡོད་འདུག
ས་གནས་བོད་མི་ཞིག་གིས་མཚན་མོ་ཞིག་ཏུ་ཞི་རྒོལ་བ་རྣམས་ལ་བརྙན་བླངས་ཏེ་འགྲེལ་བཤད་བརྒྱབས་པ་ལྟར་ན། ངོ་རྒོལ་བའི་ཁྲོད་ན་ལོ་ན་ ༧༠ དང་ ༨༠ ཅན་གྱི་རྒན་རྒོན་མི་ཉུང་བ་ཞིག་ཡོད་པ་དང། སྲིད་གཞུང་གྱི་དཔོན་རིགས་ལས་བྱེད་ཚོ་ཡར་འགྲོ་མར་འགྲོ་བྱེད་སྐབས། ངོ་རྒོལ་གནང་མཁན་མི་མང་རྣམས་ལ་ཁ་ཡ་ཙམ་ཡང་བྱེད་ཀྱི་མེད་པ་མ་ཟད། ཐ་ན་ཁྱི་ཞིག་གི་རིན་ཐང་ཡང་སྤྲོད་ཀྱི་མེད་སྐོར་བརྗོད་འདུག་ལ། བརྙན་པར་དེའི་ནང་། བོད་མི་ཞི་རྒོལ་བ་རྣམས་མཚན་མོ་སྲིད་གཞུང་གི་སྒོ་ཁར་ཉལ་ནས་བསྡད་ཡོད་པ་དང་། ཟས་སུ་སྟབས་བདེ་ཐུག་པ་དང་མངར་ཆུ་ལྟ་བུ་འཐུང་ནས་བསྡད་ཡོད་འདུག
པ་སངས་ཚེ་རིང་།