ཙཱ་ཡུས་ཕུན་ཚོགས།
སྒྱུ་རྩལ་པ་བླ་བྲང་མགོན་པོ་སྐྱབས་ལགས་སྤྱི་ལོ་ ༢༠༡༤ ལོར་ཧྥ་རན་སིར་འབྱོར་ཞིང་། ད་ལྟ་ཡུལ་དེའི་ནང་བོད་ཀྱི་སྒྱུ་རྩལ་རིགས་སྣ་མང་འགྲེམ་སྟོན་དང་།ཧྥ་རན་སུའི་ཤར་ཕྱོགས་སྐད་རིགས་སློབ་ཆེན་ (INALCO BULAC)བཅས་སུ་གཏམ་བཤད། བོད་དོན་ངོ་སྤྲོད་སོགས་གནང་སྟེ་ཡུལ་དེའི་རླུང་འཕྲིན་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་དང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་འདུག བོད་ཀྱི་སྒྱུ་རྩལ་བ་བླ་བྲང་མགོན་པོ་སྐྱབས་ལགས་ཀྱིས་བོད་ཀྱི་ཐང་གའི་རི་མོ་གཙོས། དེང་རབས་རི་མོ། བོད་ཀྱི་ཟས་རིགས། སྒོམ། བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་གོམས་གཤིས་སོགས་ཀྱི་ཐད་འགྲེམ་སྟོན་ཐེངས་མང་བྱེད་ཀྱིན་ཡོད་པ་དང་། དེ་དང་འབྲེལ་བོད་ཀྱི་རིག་གནས་སྤྱི་དང་། ལྷག་དོན་ཐང་གའི་རི་མོ་དང་ཟས་རིགས་སོགས་ཀྱི་སྒྱུ་རྩལ་ཐད་ཧྥི་རན་སིའི་མངའ་སྡེ་དང་ས་གནས་མི་འདྲ་བ་མང་པོའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
ཧྥ་རན་སིའི་གསར་གནས་གྲགས་ཅན་ཕ་རི་སི་གསར་ལམ་(Paris new ejection)དང་། ཨ་བེ་གྷི་ནོན་རླུང་འཕྲིན་་(Radio Avignon friendly)དང་། ཁོན་ཕོ་སི་རླུང་འཕྲིན་ཁང་(Radio Campus Avignon)དབུས་ཝེ་ལི་ཚགས་པར་(CENTER-VILLE)ཟ་མ་དང་འབྲེལ་བའི་ཚགས་པར་ལུའོ་(Lieu)དང་། སློབ་དཔོན་ཆེན་མོ་སྐུ་ཞབས(Michel Jermann)དང་རྒྱུ་རྩལ་པ་སྐུ་ཞབས(Yvs Christmann)གཉིས་ཀྱིས་བརྩམས་པའི་ཧེ་མ་ཡི་ས་གཞི་དཔེ་དེབ་(TERRE DES HIMALAYA)ཕ་རེ་སུ་ས་གནས་ཨོ་ཛེར་(Ozoir)རིག་གཞུང་དུས་དེབ། ཧོ་ལན་དུ་(Netherlands)ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དེབ་ཆུང་སོགས་སུ་ཐོན་ཡོད་འདུག་ཅིང་། ཡུ་རོབ་ཁུལ་ནང་ཁོང་གི་རྒྱུ་རྩལ་ངོ་སྤྲོད་གནང་སྟངས་དང་། བོད་ཀྱི་ཟ་མའི་རིགས་གནས་སོགས་ལ་དོ་སྣང་དམིགས་བསལ་བྱེད་ཀྱིན་ཡོད་འདུགསྒྱུ་རྩལ་བ་མགོན་པོ་སྐྱབས་ལགས་ཀྱིས་གོང་འཁོད་སྒྱུ་རྩལ་འགྲེམས་སྟོན་སྐོར་ངོ་སྤྲོད་གནང་དོན། ༢༠༡༥ ལོར་ཧྥི་རན་སིའི་ནང་ཧི་མ་ལ་ཡ་རིག་གཞུང་དུས་སྟོན་ཞེས་པ་ཞིག་ལོ་ལྟར་འཚོག་བཞིན་པ་ལྟར། དུས་སྟོན་དེའི་སྟེང་དུ་ཁོང་དང་ཁོང་གི་གྲོགས་པོ་ཁ་ཤས་ཤིག་དང་མཉམ་དུ་ཐང་ག་དང་དེང་རབས་རི་མོ་སོགས་འགྲེམ་སྟོན་གནང་བ་ནས། ཕྱི་གླིང་བ་ཚོས་དོ་སྣང་ཆེན་པོས་ཐོག་ཁོང་གི་རི་མོ་དང་སྒྱུ་རྩལ་སོགས་ལ་དགའ་མོས་བྱེད་མཁན་མི་ཉུང་བ་བྱུང་། དེ་རྗེས་བོད་ཀྱི་སྒྱུ་རྩལ་དང་༧གོང་ས་མཆོག་ལ་དགའ་མཁན་ཕྱི་རྒྱལ་བ་ཁག་ཅིག་གི་རོགས་རམ་འོག་ཧྥི་རན་སིའི་མངའ་སྡེ་ཁ་ཤས་ཤིག་གི་ནང་ཐང་ཁ་དང་། དེང་རབས་རི་མོ་སོགས་འགྲེམ་སྟོན་ཞུས་ཡོད་པ་དང་། དམིགས་བསལ་༢༠༡༧ ལོར་༧གོང་མཆོག་སི་ཊ་སི་སྦག་ནང་ཆིབས་སྒྱུར་སྐྱོང་སྐབས། སི་ཊ་སི་སྦག་གི་གཙུག་ལག་སློབ་དཔོན་ཆེན་མོ་སྐུ་ཞབས་མེ་ཁོལ་ཇར་མན་(Michel Jermann)ལགས་ཀྱིས་གདན་ཞུས་གོ་སྒྲིག་འོག ཁོང་གི་གྲོགས་པོ་ཁ་ཤས་ཤིག་དང་མཉམ་དུ་བོད་ཀྱི་ཐང་ག་དང་། དེང་རབས་རི་མོ། བོད་ཀྱི་ཟས་རིགས། སྒོམ། བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་གོམས་གཤིས་སོགས་ཀྱི་ཐད་འགྲེམས་སྟོན་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་དང་། དེ་རྗེས་ནས་ཧྥི་རན་སིའི་མངའ་སྡེ་དང་ས་གནས་མི་འདྲ་བ་མང་པོའི་ནང་གོང་དུ་བཤད་པ་ལྟར་གྱི་སྒྱུ་རྩལ་རིགས་འདྲ་མིན་འགྲེམས་སྟོན་ཞུས་ཡོད་པ་དང་། གཞན་ཉེ་ཆར་ཡང་ཕ་རེ་སི་ནང་གནས་བཞུགས་རྩོམ་པ་པོ་དང་གློག་བརྙན་འཁྲབ་སྟོན་མ། གཞས་མ་གྲགས་ཅན་ཝེ་བོ་ནེ་ཁི་ཇེ་ནོ་(Véronique Jeannot)ལགས་ཀྱིས་གདན་ཞུས་སྒོ་སྒྲིག་གནང་བ་ལྟར་གྲོང་ཁྱེར་ཕེ་རི་སི་ནང་བོད་ཀྱི་ཐང་ག་རི་མོ་གཙོས་སྒྱུ་རྩལ་སྣང་མང་འགྲེམས་སྟོན་ཞུས་ཡོད། ཅེས་དང་། འགྲེམས་སྟོན་ཞུ་བཞིན་པའི་སྒྱུ་རྩལ་རིགས་གཙོ་བོ་ནི། བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ཀྱི་ཐང་ག་ཤུགས་ཆེ་བའི་བཙགས་ཐང་། ཚེམ་ཐང་། ཚོན་ཐང་སོགས་གཙོས་དེང་རབས་རི་མོ་དང་། བོད་ཀྱི་ཟས་རིགས་སོགས་གཙོ་བོར་བཟུང་སྟེ་འགྲེམ་སྟོན་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།
སྒྱུ་རྩལ་བ་བླ་བྲང་མགོན་པོ་སྐྱབས་ལགས་ནི། མདོ་སྨད་བླ་བྲང་དུ་སྐྱེས་ཤིང་། རང་ལོ་ ༡༢ ནས་བཟུང་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་པའི་ལྷ་བྲིས་དང་འབག་བཟོ་འཚེམ་བཟོ། ཤིང་དང་བྱེ་མས་གྲུབ་པའི་དཀྱིལ་འཁོར། མར་ལས་གྲུབ་པའི་མེ་ཏོག་མཆོད་པ་སོགས་སྒྱུ་རྩལ་གྱི་རིགས་སྣ་མང་ལ་སྤྱོང་བརྩོན་བྱས། ཕྱིས་སུ་རྒྱ་གར་དུ་འབྱོར་དེ་དེང་རབས་རི་མོ་སྟེ། སྣུམ་ཚོན་དང་ཆུ་ཚོན་རི་མོ། རྫ་མའི་རི་མོ། ཤེལ་སྒོའི་རི་མོ་སོགས་ལ་སྦྱངས་པ་བྱས། ༢༠༡༤ ལོར་ཧྥ་རན་སིར་འབྱོར་ནས་ད་ལྟའི་ཆར་ཧྥ་རན་སིའི་སྐད་ལ་སྦྱོང་ཞོར་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་ཁང་པ་བཟོ་སྟངས། བོད་དང་ཕྱི་ལུགས་ཟས་རིགས་བཟོ་སྟངས་སོགས་ལ་སྦྱོང་བརྩོན་བྱེད་བཞིན་ཡོད་འདུག