དབེན་པའི་རི་ཁྲོད་དུ་ལོ་ངོ་ ༡༥ ལྷག་རིང་བྱ་བྲལ་དུ་བཞུགས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་ལྷོ་པ་ཁང་ཚན་གྱི་དགེ་བཤེས་བློ་བཟང་སེང་གེ་ལགས་ཐུགས་དམ་དུ་བཞུགས་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ལྷོ་པ་ཁང་ཚན་གྱི་དགེ་བཤེས་བྱ་བྲལ་བ་བློ་བཟང་སེང་གེ་ལགས་ཅཱན་དྷི་གྷར་སྨན་ཁང་དུ་སྐུ་གཤེགས་ཡོད་པ་དང་། ད་ལྟ་སྐུ་ཕུང་བདེ་ལེགས་སྨན་ཁང་དུ་གདན་འདྲེན་ཞུས་ཏེ་ཚན་རིག་པས་བརྟག་དཔྱད་གནང་བཞིན་འདུག
འདི་གའི་གསར་འགོད་པས་དགེ་བཤེས་ལགས་ཀྱི་ཚ་བོ་བློ་བཟང་ཆོས་འཕེལ་ལགས་སུ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། སྤྱིར་དགེན་ལགས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཅན་དྷི་གྷར་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་སྐུ་ཕུང་ཡར་དྷ་རམ་ས་ལར་གདན་འདྲེན་བྱས་ཏེ་ད་ལྟ་ཉིན་ ༩ འགྲོ་བཞིན་ཡོད་པ་རེད། ད་ལྟའི་ཆར་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་བཞིན་ཡོད་ན་ཡང་གྲུབ་དོན་མགྱོགས་པོ་སླེབ་ཐུབ་ས་མ་རེད། ཁོང་ཚོས་བརྟག་དཔྱད་བྱས་ཏེ་ཕར་ཨ་རི་ལ་སྐུར་དགོས་པའི་བརྒྱུད་རིམ་ཞིག་འགྲོ་བཞིན་ཡོད་འདུག ཅེས་བརྗོད་བྱུང་།
ཡང་ཁོང་གིས། བླ་མ་དང་དགེ་བཤེས་ཁག་ཅིག་ལ་བཀའ་འདྲི་ཞུས་པ་ཡིན་མོད་ཐུགས་དམ་ལ་ག་ཚོད་བར་དུ་བཞུགས་ཐུབ་ན་བཞུགས་བཅུག་དགོས་པ་རེད་གསུངས་ཀྱི་འདུག སྤྱིར་སྔགས་དེ་འདྲའི་ལམ་ནས་ཐུགས་དམ་གྲོལ་ཐུབ་པ་བྱེད་རྒྱུ་ཡོད་ན་ཡང་དེ་འདྲ་མ་བྱེད་གསུངས་སོང་བས། ད་ལྟ་མུ་མཐུད་ཐུགས་དམ་ལ་བཞུགས་བསྡད་ཡོད་པ་རེད་ལ་ཚན་རིག་པ་ཚོས་བརྟག་དཔྱད་རིམ་པ་བཞིན་བྱས་སོང་། ཞེས་བརྗོད་བྱུང་།
དགེ་བཤེས་བློ་བཟང་སེང་གེ་ལགས་ནི་ཁམས་སོག་རྫོང་རོང་པོ་སྡོམ་པར་ཤོད་བསྟན་དར་ཚང་དུ་སྐུ་འཁྲུངས་ཤིང་ཆུང་དུས་ནས་རབ་ཏུ་བྱུང་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་ལྷོ་པ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། ལོ་མང་དཀའ་སྤྱད་འབད་བརྩོན་ལྷོད་མེད་ཀྱིས་གཞུང་ཆེན་ཁག་ལ་གཟིགས་ཡོད་པ་དང་། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་གྱིས་སྐྱོར་རྒྱུ་མཚམས་བཞག་མྱོང་མེད་འདུག ཕྱི་ལོ་ ༢༠༠༣ ལོ་ནས་༧སྐྱབས་རྗེ་ཆོས་ལྡན་རྡོ་རྗེ་འཆང་ལ་དགོངས་སྐོར་ཞུས་པ་བཞིན་བཀའ་འཁྲོལ་གནང་ནས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དབེན་པའི་རི་ཁྲོད་དུ་བྱ་བྲལ་དུ་བཞུགས་ཡོད་འདུག ཕྱི་ལོ་ ༢༠༠༦ ལོར་ཕྱིར་སེར་ར་དགོན་དུ་ཕེབས་ཏེ་དགེ་བཤེས་དམ་བཅའ་བཞག་གནང་ཡོད་པ་དང་། དེ་ནས་སླར་ཡང་བྱ་བྲལ་དུ་ཕེབས་ཏེ་ད་བར་དུ་མི་ལོ་ ༡༥ རིང་ལ་དབེན་པའི་རི་ཁྲོད་དུ་བཞུགས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག