ཊུར་ཀེ་དང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཆེ་གྲས་ཁག་གིས་སོ་ཌི་ཨ་རབ་གཞུང་གིས་གསར་འགོད་པ་ལྐོག་གསོད་བྱས་ཏེ་ནག་ཉེས་སྦས་སྐུང་བྱས་པ་དེ་ཐབས་རྡུགས་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུགདེ་རིང་ཕྱི་ཚེས་ ༢༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གར་སོང་ཆ་མེད་དུ་གྱུར་བའི་སོ་ཌི་ཨ་རབ་ཀྱི་གསར་འགོད་པ་གྲགས་ཅན་ཇ་མལ་ཁ་ཤོ་གྷི་(Jamal Khashoggi)ལགས་སོ་ཌི་ཨ་རབ་གཞུང་གིས་དམར་གསོད་བཏང་བའི་གནད་དོན་དེར་ཊུར་ཀེ་དང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་ནས་ཞིབ་འཇུག་བྱས་རྗེས། སི་ཌི་ཨ་རབ་གཞུང་གིས་གསར་འགོད་པ་ཁོང་ལྐོག་གསོད་བཏང་བ་མ་ཟད། མི་བསད་པའི་ནག་ཉེས་སྦས་སྐུང་བྱེད་ཀྱི་ཡོད་པ་དེ་ཐབས་རྡུགས་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་འོག སོ་ཌི་ཨ་རབ་གཞུང་གིས་བདུན་ཕྲག་གཉིས་ལྷག་རིང་གར་སོང་ཆ་མེད་དུ་གྱུར་བའི་སོ་ཌིའི་གསར་འགོད་པ་གྲགས་ཆེན་ཇ་མལ་ཁ་ཤོ་གྷི་ལགས་ཡུལ་དེའི་གཞུང་ཚབ་ཁང་དུ་བསད་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། ཊུར་ཀེ་དང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཆེ་གྲས་ཁག་གིས་གནད་དོན་དེར་ཞིབ་འཇུག་སྔར་ལྷག་བྱེད་མགོ་ཚུགས་ཡོད་པ་མ་ཟད། སོ་ཌིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་གསར་འགོད་པ་ཁོང་ལྐོག་གསོད་བྱས་ཡོད་པ་མ་ཟད། ནག་ཉེས་སྦས་སྐུང་གི་ཆེད་ཐབས་ཤེས་ངན་པ་སྤྱད་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བསྒྲགས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་ཕུས་གསར་འགོད་པར། ཇ་མལ་ཁ་ཤོ་གྷི་ལགས་གསོད་མཁན་ཚོས་ནག་ཉེས་སྦས་སྐུང་བྱེད་ཐབས་བྱས་པ་དེ་ནི་ཧ་ཅང་ཐབས་རྡུགས་ཀྱི་ལས་ཀ་ཞིག་ཡིན་པ་དང་། ནག་ཉེས་དེའི་རྒྱབ་ལ་སུ་ཡོད་ཀྱང་ལས་སླ་པོར་འཇོག་རྒྱུ་མིན་སྐོར་བརྗོད་ཡོད་པ་མ་ཟད། ལྐོག་གསོད་དེའི་རྒྱབ་ལ་སོ་ཌིའི་རྒྱལ་སྲས་མཱོ་ཧ་མཱེཌ་བྷིན་སཱལ་མཱན་(Mohammed bin Salman)ཡོད་སྲིད་པའི་ཚོད་དཔག་བྱས་ཡོད་པ་དང་འབྲེལ། ཨ་རིའི་རྒྱལ་དོན་དྲུང་ཆེ་མེག་པོམ་པེ་ཡིས། ཨ་རིས་ནམ་ཡང་ཇ་མལ་ཁ་ཤོ་གྷིའི་ཐོག་སྤྱད་པའི་དྲག་པོའི་ཐབས་ལམ་དེར་བཟོད་སྒོམ་བྱེད་ཐབས་མེད་པ་དང་། ནག་ཉེས་བཟོ་མཁན་དེ་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་མ་ཟད། དོགས་གཞི་ཅན་གྱི་སོ་ཌི་ཨ་རབ་ཀྱི་གཞུང་འབྲེལ་མི་སྣ་ ༢༡ ཙམ་གྱི་ཨ་རིའི་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཊུར་ཀེའི་སྲིད་འཛིན་རེ་སེབ་ཊ་ཡིབ་ཨར་ཌོ་གན་(Recep Tayyip Erdogan)ལགས་ཀྱིས་གྲོས་ཚོགས་ཀྱི་གཏམ་བཤད་ཅིག་གི་སྐབས་སུ། ཇ་མལ་ཁ་ཤོ་གྷི་ལགས་ལྐོག་གསོད་བཏང་བ་དེ་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། སོ་ཌི་ཨ་རབ་གཞུང་ནས་ལྐོད་གསོད་དེའི་རྒྱབ་ལ་སུ་ཡོད་མེད་རྩད་གཅོད་ནན་པོ་བྱ་དགོས་པ་མ་ཟད། བཀའ་གཏོང་མཁན་ཚུད་པའི་ལྐོག་གསོད་དེའི་ཁོངས་སུ་གཏོགས་པའི་མི་ཡོད་ཚད་ཕྱི་གསལ་ནང་གསལ་བཟོ་དགོས་ལུགས་བརྗོད་ཡོད་འདུག ཊུར་ཀེའི་གཞུང་གིས་དེ་སྔོན་ནས་སོ་ཌིའི་གཞུང་འབྲེལ་མི་སྣ་སྐོར་ཞིག་གིས་གསར་འགོད་པ་ཁོང་བཀྲོངས་ཡོད་ཚུལ་བཤད་ཡོད་ཀྱང་། སོ་ཌིའི་གཞུང་གིས་དེར་ངོས་ལེན་བྱས་མེད་པ་མ་ཟད། སོ་ཌིའི་གཞུང་ལ་འབྲེལ་བ་རྩ་བ་ནས་མེད་ཚུལ་བརྗོད་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་བསྟུན་མར་སྤྲད་པའི་རྐྱེན་གྱིས་མཐར་ངོས་ལེན་མ་བྱས་ཐབས་མེད་དུ་གྱུར་ཡོད་འདུག ཊུར་ཀེ་དང་ཨ་རིའི་ཉེས་དོན་རྟོག་ཞིབ་རུ་ཁག་གཉིས་ནས་ལྐོག་གསོད་དེའི་རྒྱབ་ལ་སུ་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་པ་དང་། སོ་ཌིའི་གཞུང་ངོས་ནས་ཀྱང་དོགས་གཞི་ཅན་གྱི་གཞུང་འབྲེལ་མི་སྣ་ཁག་ལ་འདྲི་གཅོད་ཀྱིས་ཉེས་དོན་དེ་གང་མགྱོགས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
སོ་ཌིའི་གཞུང་འབྲེལ་མི་སྣ་ཞིག་གིས་རའོ་ཊར་(Reuters)གསར་འགོད་པར། གསར་འགོད་པ་ཁོང་འཁྲུག་འཛིང་གི་ཁྲོད་དུ་སྐེ་དགག་སྟེ་བསད་ཡོད་པ་དང་། ཁོང་གི་ཕུང་པོ་དེ་རུམ་གདན་ཞིག་གི་ནང་བཏུམ་སྟེ། ས་གནས་གཞུང་འབྲེལ་མི་སྣ་ཞིག་ལ་གཡུག་ཏུ་བཅུག་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཇ་མལ་ཁ་ཤོ་གྷིའི་ལྐོག་གསོད་ཀྱི་རྒྱབ་ལ་སུ་ཡོད་མེད་དང་། ཁོང་གི་ཕུང་པོ་གང་དུ་ཡོད་པ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་འདུག
ཇ་མལ་ཁ་ཤོ་གྷི་ལགས་ནི་ཨ་རིར་གནས་སྡོད་སོ་ཌིའི་གསར་འགོད་པ་ཞིག་ཡིན་པ་དང་། ཁོང་གིས་སོ་ཌིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཝ་ཤིན་ཊོན་གསར་ཁང་ལ་ཨ་རབ་སྐོར་གྱི་གསར་འགྱུར་དང་དཔྱད་བརྗོད་རྩོམ་ཡིག་མང་པོ་སྤེལ་བའི་ནང་སོ་ཌིའི་རྒྱལ་སྲས་དང་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁ་ཤོ་གྷི་ལགས་ཊུར་ཀིའི་རྒྱལ་ས་ཨེ་སི་ཐན་བྷུལ་(Istanbul)དུ་ཡོད་པའི་སོ་ཌིའི་གཞུང་ཚབ་ཁང་དུ་གཉེན་འཐོར་དཔང་ཡིག་ལེན་དུ་ཕྱིན་རྗེས། བདུན་ཕྲག་གཉིས་ལྷག་རིང་གར་སོང་ཆ་མེད་དུ་གྱུར་ཏེ་རྒྱལ་སྤྱིའི་ཐོག་ནས་ཁོང་སོ་ཌིའི་གཞུང་གིས་འཛིན་བཟུང་བྱས་པ་དང་ལྐོག་གསོད་ཐེབས་ཡོད་སྐོར་སོགས་ཀྱི་གླེང་སློང་མང་པོ་བྱུང་ཡོད་པ་རེད། ད་ལྟ་ཁོང་ཉིན་དེ་རང་ལ་སོ་ཌིའི་གཞུང་ཚབ་ཁང་དུ་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་འཆར་གཞི་ལྡན་པའི་ཐོག་ནས་ལྐོག་གསོད་བྱས་ཡོད་པའི་གནས་ཚུལ་ཁ་གསལ་ཆགས་ཡོད་པ་རེད།
པ་སངས་ཚེ་རིང་།