བུད་མེད་ཅིག་གིས་རྒྱ་ནག་གི་སྔོན་འགྲོ་སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོར་གང་བྱུང་གྲིས་བརྒྱབས་ཏེ་བྱིས་པ་ ༡༤ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག
དེ་རིང་སྔ་དྲོའི་རྒྱ་ནག་གི་ཆུ་ཚོད་ ༩།༣༠ ཙམ་ལ་རྒྱ་ནག་ཁྲུང་ཆིན་(Chongqing)གྲོང་ཁྱེར་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་གི་ནང་། རང་ལོ་ ༣༩ ཡིན་པའི་བུད་མེད་ཅིག་གིས་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་བྱིས་པ་ ༡༤ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག
ས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། ཁྲུང་ཆིན་གྲོང་ཁྱེར་གྱི་མཐའ་ན་ཡོད་པའི་ཤིན་ཧྲི་ཇེ་སྔོན་འགྲོ་སློབ་གྲྭའི་ (Xinshiji Kindergarten)བྱིས་པ་ཚོ་རྩེད་ཐང་ནས་ཕྱིར་འཛིན་གྲྭར་ལོག་སྐབས། མིང་ལ་ལེའོ་ (Liu) ཟེར་བའི་བུད་མེད་ཅིག་སློབ་གྲྭའི་ནང་འཛུལ་ཏེ་གློ་བུར་དུ་གང་བྱུང་གྲིས་བརྒྱབས་ཡོད་པ་དང་། དེ་མ་ཐག་སློབ་གྲྭའི་སྐོར་སྲུང་བ་དང་དགེ་རྒན་ཚོས་བུད་མེད་དེ་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་ཡོད་ཀྱང་། བུད་མེད་དེས་བྱིས་པ་ཚོར་གྲིས་རྒྱག་དོན་ཁ་གསལ་མི་འདུག
རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་འཐུང་ཞིག་བརྒྱུད་བསྐུར་བྱེད་བཞིན་ཡོད་པ་དེའི་ནང་། ཉེན་རྟོག་པས་བུད་མེད་དེ་འཛིན་བཟུང་བྱས་ནས་འཁྲིད་འགྲོ་བཞིན་འདུག་པ་དང་། ཉེ་འགྲམ་གྱི་བྱིས་པ་རེ་འགའི་གདོང་ལ་རྨས་སྐྱོན་བཟོས་ཡོད་པ་མཐོང་གི་འདུག་ལ། རྨས་སྐྱོན་བཟོས་པའི་བྱིས་པ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག
བྷི་བྷི་སིའི་གསར་འགོད་པས་བྱིས་པ་གཉིས་བསད་ཡོད་པ་གོ་ཐོས་ཡོད་པའི་སྐོར་དྲིས་པར་ཉེན་རྟོག་པས་དེ་བདེན་པ་མིན་པ་དང་། སྤྱི་ཚོགས་ནང་དཀྲོག་གཏམ་མ་སྤེལ་རོགས་ཞེས་བརྗོད་འདུག སྨན་ཁང་ལ་བྱིས་པ་ཚོའི་གནས་སྟངས་སྐོར་དྲིས་པར་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མེད་འདུག
གཞན་ཡང་། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཧྲན་ཞི་ཞིང་ཆེན་མེ་ཙི་རྫོང་འབྲིང་རིམ་སློབ་གྲྭ་ཨང་གསུམ་པའི་སློབ་མ་རྣམས་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། རང་ལོ་ ༢༨ ཡིན་པའི་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ། བུ་མོ་ ༧ དང་བུ་ ༢ བཅས་ཁྱོན་སློབ་ཕྲུག་ ༩ དམར་གསོད་དང་། སློབ་ཕྲུག་ ༡༠ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།
རྒྱ་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། སྐྱེས་པ་དེས་སྔོན་ཆད་སློབ་གྲྭ་དེའི་ནང་སློབ་སྦྱོང་བྱས་ཡོད་པ་དང་། སྐབས་དེར་སློབ་མ་ཚོས་ཁོ་ལ་བརྙས་བཅོས་ཡང་ཡང་བྱས་པར་བརྟེན། འཁོན་ལན་སློག་ཐབས་སུ་དོན་རྐྱེན་བསླངས་ཡོད་སྐོར་བརྗོད་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༩ ནང་མི་དེ་སྲོག་ཐོག་བཏང་ཡོད་འདུག
འདས་པའི་ལོ་འགའི་རིང་རྒྱ་ནག་ནང་བྱིས་པར་གྲིས་བརྒྱབ་པའི་གནས་ཚུལ་ཡང་ཡང་བྱུང་ཡོད་འདུག་ལ། ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་མི་ ༢༥ དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ལག་དམར་མང་ཆེ་བས་གཞུང་ཞབས་པ་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་བྱིས་པར་གྲིས་བརྒྱབས་ཡོད་པ་དང་། དེ་བཞིན་སེམས་ཁམས་བདེ་ཐང་མིན་པ་སོགས་བརྗོད་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།