རྒྱ་ནག་གི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཞེས་པའི་ཐོག་འཛམ་གླིང་རྒྱལ་ཁབ་མང་པོའི་ཁེ་ལས་པ་ ༣༠༠༠ ལྷག་མཉམ་ཞུགས་བྱས་ཡོད་ཀྱང་སྟོབས་ཆེན་རྒྱལ་ཁག་ཅིག་གི་སྐུ་ཚབ་མཉམ་ཞུགས་བྱས་མེད་འདུག དེ་རིང་ནས་ཉིན་གྲངས་ ༦ རིང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ། རྒྱ་ནག་གི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཞེས་པ་ཞིག་མགོ་འཛུགས་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་ ༡༣༠ ཙམ་གྱི་ཁེ་ལས་སྐུ་ཚབ་ ༣༠༠༠ ལྷག་མཉམ་ཞུགས་བྱས་ཡོད་ཀྱང་། སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གི་ཁེ་ལས་སྐུ་ཚབ་མཉམ་ཞུགས་བྱས་མེད་འདུག
ཞི་ཅིན་ཕིན་གྱིས་ཚོགས་འདུ་མགོ་འཛུགས་ཀྱི་གཏམ་བཤད་སྤེལ་སྐབས། འཛམ་གླིང་གི་དཔལ་འབྱོར་གཅིག་གྱུར་བྱུང་བཞིན་པའི་སྐབས་འདིར། རང་ཉིད་ཁོ་ནར་ཐོབ་དགོས་པའི་ཁྲིམས་ཀྱིས་ཡོད་ཚད་མཇུག་སྒྲིལ་ངེས་པ་སྟོན་བཞིན་ཡོད་པ་དང་། ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་ལམ་བུ་ནི་ཡང་དག་གི་ལམ་བུ་ཡིན་པ་རེད། ཅེས་དང་། འཛམ་གླིང་གི་རང་དབང་ཚོང་འབྲེལ་ལ་གནོད་འཚེ་ཐེབས་ཀྱིན་ཡོད་པས་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་འདུག
ཡང་ཞི་ཅིན་ཕིན་གྱིས་རྒྱ་ནག་ནང་ཕྱི་རྒྱལ་གྱི་མ་འཛུགས་མཁན་དང་ཚོང་པ་ཚོར་རྒྱ་ནག་གི་ཁྲོམ་རར་འཛུལ་སྟབས་བདེ་རུ་དང་ཚོང་འབྲེལ་སྒོ་འབྱེད་སྔར་ལས་ཤུགས་ཆེར་གཏོང་རྒྱུ་ཡིན་པ་ལས། རྒྱ་ནག་གི་ཚོང་སྒོ་ནམ་ཡང་གཏན་མི་སྲིད་པ་དང་། རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མ་འཛུགས་གྲོས་མཐུན་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་གསུམ་གྱི་རང་དབང་གི་ཚོང་འབྲེལ་གྲོས་ཆོད་ལག་བསྟར་གྲོས་མོལ་གང་མགྱོགས་འབྱུང་ཐུབ་བྱ་རྒྱུ། དེ་བཞིན་རྒྱ་གཞུང་གིས་ཕྱིའི་ཚོང་ལས་སྡེ་ཁག་ལ་དམིགས་པའི་རྒྱལ་ཁྲལ་ཇེ་དམའ་རུ་གཏང་སྟེ། ཕྱོགས་ཡོངས་ལ་འཕེལ་རྒྱས་འགྲོ་བའི་ཁས་ལེན་ཡོད་སྐོར་བརྗོད་འདུག ཡིན་ཡང་། རྒྱལ་ཁྲལ་ཆག་ཡང་ནང་ཨ་རིའི་ཚོང་ལས་སྡེ་ཁག་ཚུད་ཀྱི་ཡོད་མེད་ཁ་གསལ་བརྗོད་མེད་པ་རེད།
པ་ཀེ་སི་ཐན་གྱི་སྲིད་བློན་ཨེམ་རེན་ཁན་ (Imran Khan) སོགས་རྒྱལ་ཁབ་ ༡༨ ཀྱི་མགོ་འཁྲིད་མཛད་སྒོའི་ཐོག་བཅར་ཡོད་པ་དང་། རྒྱ་གར་གྱི་དཔལ་འབྱོར་དྲུང་ཆེ་ཨ་ནུབ་ཝ་ཌ་ཝན་ (Anup Wadhawan) ལགས་ཕེབས་ཡོད་པ་དང་། ཁ་སང་གཟའ་ཉི་མའི་ཉིན་རྒྱ་གར་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་པའི་ནང་། རྒྱ་གར་གྱིས་ཀྱང་འགྲེམས་སྟོན་ཁང་ཆེན་མོ་དེར་ཞིང་ལས་ཐོན་རྫས་དང་སྨན། ཤེས་བྱའི་འཕྲུལ་རྩལ་དང་ཡུལ་སྐོར་ཤེས་བྱའི་ཐད་ལ་དམིགས་ཏེ་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། ཧྲང་ཧེ་ཡི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་དེ་ནི་རྒྱ་ནག་གིས་འཛམ་གླིང་ཡོངས་དང་ཁྱད་པར་དུ་ཨ་རིར་དཔལ་འབྱོར་ཤུགས་ཆེར་སྒོ་འབྱེད་བྱེད་བཞིན་པ་དང་། དེ་རིང་ཞི་ཅིན་ཕིན་གྱི་གཏམ་བཤད་སྐབས་རྒྱ་ནག་གིས་ནང་འདྲེན་དངོས་ཟོག་ལ་རྒྱལ་ཁྲལ་དམའ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། རྒྱུན་ལྡན་ལྟར་དུས་ཚོད་གཏན་འཁེལ་བྱས་མེད་པ། དེ་བཞིན་ཨ་རིས་རྒྱ་ནག་གི་དཔལ་འབྱོར་སྲིད་བྱུས་ཐད་སྐྱོན་བརྗོད་བྱེད་བཞིན་པའི་ཆེད་ལས་ལག་རྩལ་རྐུ་འཁྱེར་བྱེད་བཞིན་པའི་སྐོར་ལ་གླེང་སློང་བྱས་མེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཁག་དང་བཟོ་ལས་ཁང་ཁག་གིས་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་སྐོར་ཤུགས་ཆེན་གླེང་ཡོད་སྐོར་བརྗོད་འདུག
གསར་འགོད་པ། ཀླུ་མགོན་ཐར།