མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ལ་དགྲ་བོ་ཞེས་མི་འབོད་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

ང་ཚོ་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པ་དང་། རྒྱ་ནག་གི་སྲིད་འཛིན་གྱི་པར་དང་རྒྱལ་དར་མེར་སྲེག་བྱེད་པ་སོགས་མ་གནང་ན་ཡག དེ་ནི་ང་ཚོས་འདས་པའི་ལོ་རྒྱུས་ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་སྡུག་རྩུབ་ཅན་དང་སྐྱི་གཡའ་བའི་སྲིད་བྱུས་རྣམས་བརྗེད་སོང་པའི་དོན་མིན། གཟི་བརྗིད་ལྡན་ཞིང་ལོ་རྒྱུས་རིང་བ། རིག་གནས་ཕུན་སུམ་ཚོགས་པ་ཅན། ས་ཁམས་ཀྱི་ཆ་ནས་ཁྱིམ་མཚེས་ཡིན་པའི་ནང་པའི་མི་རིགས་གལ་ཆེན་གཉིས་བར་མ་འོངས་བར་ཞི་མཐུན་དང་། མི་གསོད་ཁྲག་སྦྱོར་འགོག་ཐབས་ཆེད་ད་ལྟ་ནས་འཕྲལ་ཕུགས་གཉིས་ལ་དགེ་ཕན་ལྡན་པའི་ཡང་དག་པའི་ལངས་ཕྱོགས་ཤིག་འཛིན་གྱི་ཡོད་པ་མ་གཏོགས། སྐྲག་མི་དགོས་ས་ནས་ཁ་ཕོ་སྒྲོག་མ་ཐུབ་པ། གནད་མ་ཤེས་མཚམས་ནས་གང་བྱུང་ལབ་མ་ནུས་པ་ག་ལ་ཡིན།

དེང་གི་རྒྱ་ནག་གཞུང་ལ་ཁོང་ཁྲོའི་ཚོར་བ་གཅིག་པུས་ཁ་གཏད་ནམ་ཡང་མི་ཆོག་པ་གསལ་པོར་གྱུར་ཟིན། ཁོང་ཁྲོ་དང་ལ་རྒྱ་བསྲེས་མའི་ཁ་ཕོ་སྒྲོག་མཁན་ཚོས་དང་པོར་བོད་ཀྱི་སྐད་ཡིག རིག་གནས། ལོ་རྒྱུས་སོགས་ལ་སྦྱངས་པ་ལེགས་པར་བྱས་ཏེ་རང་ཉིད་བོད་མི་ཚད་ལྡན་ཞིག་བཟོས་རྗེས་གཞི་ནས་བསམ་བློ་ཞིག་ཐོངས་དང་། ངས་ནི་མཚམས་རེར་འདི་ལྟར་ཡང་དྲན་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བཀའ་ཤག་བཙན་བྱོལ་དུ་བྲོས་པའི་གྲུབ་འབྲས་ཕྱོགས་མང་པོ་ནས་གླེང་ཐུབ་པ་ནི་ཞུ་ག་ལ་དགོས། དེའི་ནང་ཕྱོགས་གཅིག་གི་ངོས་ཏེ་གོང་ས་མཆོག་གི་མཛད་འཕྲིན་ཤར་ནུབ་འཇིག་རྟེན་གཉིས་ཀར་ཁྱབ་པ་དང་འབྲེལ་བོད་དང་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་མ་འདྲ་བ་ཞིག་བྱུང་བ་ནི་ཧ་ཅང་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། དེ་སྔ་ལྔ་དགུའི་གོང་གི་བོད་ཀྱི་གནས་ཚུལ་ཁྱིམ་མཚེས་གཡས་གཡོན་ཙམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོ་ཡག་པོ་ཞིག་དང་གསལ་བོ་ཞིག་ཤེས་མེད་པ། བོད་མ་ཤོར་གོང་དགའ་ལྡན་ཕོ་བྲང་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་དོན་ཞུ་སྐུལ་གནང་བའི་གནས་བབ་ལས་ཤེས་ཐུབ་པ་ཞིག་རེད། དེ་དུས་ཁོང་ཚོས་གཙོ་བོ་བོད་ལ་གཟི་བརྗིད་ཅི་ཞིག་ལྡན་པ་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་མངོན་པར་གསལ་བ་ག་རེ་ཡོད་མེད་ལ་ལྟ་ཞིབ་བྱེད་བཞིན་པ་རེད།

ད་ལྟ་ལོ་དྲུག་ཅུ་བརྒལ་བའི་བཙན་བྱོལ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་སྐབས། བོད་ཀྱི་གཟི་བརྗིད་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་རི་རབ་ལྟ་བུ་རྒྱལ་སྤྱིའི་སྒང་མངོན་པར་གསལ་བར་འཛུགས་མཁན་གོང་ས་མཆོག་ཁོ་ན་རེད། གོང་ས་མཆོག་བཙན་བྱོལ་དུ་བདེ་འབྱོར་བྱུང་བ་དང་གཞིས་ལུས་རྒྱ་ཆེ་མི་མང་ལ་སྐད་ཅིག་ཙམ་ལའང་བློ་སྟོང་མ་གནང་བའི་མཛད་འཕྲིན་ནར་མུར་བསྐྱངས་འབྲས། དེང་སང་བོད་དང་བོད་མི་རིགས་གཉིས་ཀ་འཛམ་གླིང་མི་གྲལ་དུ་ཚུད་པ་མ་ཟད་འགྲོ་བ་མིར་དགོས་ངེས་ཅན་གྱི་གནས་ཚུལ་མང་པོའི་ཐད་དཔུང་པ་མཉམ་གཤིབ་དུའང་བསྐྱོད་ཐུབ་ཀྱི་ཡོད། འདི་དག་ཐམས་ཅད་བཙན་བྱོལ་དུ་འབྱོར་བའི་གྲུབ་འབྲས་ཆེ་གྲས་རེད། དེའི་ཆ་ནས་བོད་བཙན་བཟས་བྱས་མེད་ན་གནས་ཚུལ་འདི་འདྲ་བྱུང་ཐུབ་མིན་ཚིག་ཐག་གཅོད་རྒྱུར་དུས་གསུམ་གསལ་བར་གཟིགས་མཁན་ཞིག་ལ་འདྲི་དགོས་ཀྱང་། ང་ཚོའི་ཤའི་མིག་གིས་མཐོང་བ་ནི་རྐྱེན་ངན་གྲོགས་ཤར་རང་རེད་སྙམ། དེ་ལྟར་ལྷོད་ལྷོད་དང་གཟུ་བོར་གནས་ཏེ་བསམ་བློ་བཏང་ན་རྒྱ་ནག་གཞུང་ལ་ཁོང་ཁྲོ་སྲན་མི་ཐུབ་པ་ཞིག་སྐྱེ་དགོས་དོན་ག་ལ་ཡོད། དགྲ་བོ་ཞེས་འབོད་པའི་ཚོར་བ་ཙམ་ལ་མེ་སྦར་དོན་མེད་པ་ཤེས་གསལ་རེད།

གཉིས་ནས་འཚེ་མེད་ཞི་བ་དང་མི་གསོད་ཁྲག་སྦྱོར་གཉིས་ཀའི་དགེ་སྐྱོན་ལ་ངེས་པར་དུ་བསམ་བློ་གཏོང་ཤེས་དགོས་པ་རེད། ཉེ་བའི་ལོ་འདི་འགའི་སི་རི་ཡའི་ནང་གི་དོན་རྐྱེན་ལ་གཟིགས་དང་། རང་སྟེང་དུ་དེ་འདྲ་ཞིག་ཡོང་ན་བཟོད་སྲན་ཐུབ་ས་རེད་དམ། དམག་འཁྲུག་ནི་འཚེ་བ་དང་ཁོང་ཁྲོའི་བྱ་སྤྱོད་ལ་བརྟེན་ནས་འབྱུང་གི་ཡོད་པ་༧གོང་ས་མཆོག་གིས་རྟག་ཏུ་གསུངས་ཤིང་། ད་ལྟའི་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་ཞེ་སྡང་ཆེན་པོས་བསྒྲགས་ཤིང་བོས་ན། མགོ་ཁྲིད་ཚོས་ཅི་བསམ་གི་རེད། མི་མང་གིས་ཅི་བསམ་གི་རེད། ང་ཚོ་བོད་མི་རིགས་འདི་གསོན་པོར་གནས་དགོས་དོན་དང་གནས་པའི་རིམ་པ་ཡང་བདེ་འཇགས་མེད་པ། མི་ཤི་རྟ་འགྱེལ་རྒྱུན་མི་ཆད་པ། ཞེད་སྣང་དང་དོགས་ཟོན་གྱིས་ཁེངས་པའི་རྒྱུ་རྐྱེན་རྣམས་འགོག་ཐུབ་པའི་གདེང་ཚོད་དང་འཆར་གཞི་གང་ཡང་མེད་པར་འཚེ་བ་ཅན་གྱི་ཚིག་ཙམ་སྤྱད་དེ་གཞན་ལ་ཁོང་ཁྲོ་བསླངས་བསྡད་ན་སྙིང་བོ་ཅི་ཞིག་འདུག་གམ། དེའི་ཆ་ནས་འཚེ་མེད་ཞི་བའི་ལག་ལེན་ལ་ཡིད་ཆེས་བློས་འགེལ་བྱེད་དགོས་པའི་ཉམས་མྱོང་དང་བསླབ་བྱ། ཁེ་ཕན་བཅས་ལ་ངེས་པར་ངོས་འཛིན་བརྟན་ཚུགས་པ་ཞིག་རྙེད་དགོས་པ་འཕྲལ་ཡུན་ཀུན་ཏུ་དགེ་བ་ཆེ་སྟབས། དགྲ་བོ་ཞེས་འབོད་པ་ལ་དགེ་བ་ཏིལ་འབྲུ་ཙམ་མེད་པ་དེ་ལྟར་རེད།

ཡང་ཕྱོགས་གཞན་ཞིག་ནས་བསམས་ན། ནང་པ་ཡིན་མིན་དང་ཆོས་པ་ཡིན་མིན་ལ་མ་ལྟོས་པར། རྒྱུ་གང་ཞིག་བྱས་པ་དེར་འབྲས་བུ་དེ་ལྟར་དུ་གྲུབ་པ་ཆོས་ཉིད་དང་ཁྲིམས་དོན་གནས་བབ་ལའང་ཁྱབ་པ་མི་ཕལ་མོ་ཆེས་ཁས་ལེན་པ་རེད། དེས་ན། ཁྱོད་ཀྱིས་རང་གི་ཕ་ཡུལ་བོད་ཤོར་དགོས་དོན་ལ་བོད་མི་རིགས་རང་གིས་ལས་ག་རེ་བྱས་ཡོད་མེད་ལའང་ངེས་པར་བསམ་བློ་གཏོང་དགོས་པ་རེད། དེ་ལ་དབུས་ཀྱི་སྲིད་གཞུང་ཙམ་མིན་པར་མཐའི་བླ་དཔོན་ཁག་ནས་ཐ་ན་རང་གི་ཁྱིམ་ཚང་ཡན་གྱིས་མ་འགྲིག་པ་ག་རེ་བྱས་པ་ཡིན་མིན་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་རེད། ཕྱི་དམག་ནང་དུ་འཛུལ་བ་ལ།། ནང་གི་རྡོག་གྲ་ཉམས་དུས་ཡོང་།། ཟེར་སྲོལ་ལྟར། དུས་ནམ་རྒྱུན་དུ་རང་བློ་ཕར་གཅིག་པུར་གཏད་ནས་འདྲེ་དང་གདོན་དང་། དགྲ་བོ་དང་ལག་དམར་ཞེས་ཁྲོས་བསྡད་པ་དེས་དོན་ལ་རང་ཉིད་ཕུང་ལ་སྦྱོར་ངེས་སྟབས། བསམ་བློ་གཏོང་ཕྱོགས་འདི་ཡང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པའི་རྒྱུ་མཚན་ཡིན་སྙམ།

དོན་གྱི་མདོ་ཁ་གཙོ་བོ་རང་ཉིད་ལ་ལན་གཅིག་མི་ལུས་ཐོབ་དུས་འདིར། ཆོས་དང་འཇིག་རྟེན་གང་གི་ལས་ལ་ཞུགས་ཀྱང་། རྣམ་དཔྱོད་ཚུགས་ཐུབ་ཏུ་གནས་ཏེ་མི་ཚེ་ཕུད་དགོས་པ་གལ་ཆེ་ཞིང་། ངའི་ཕ་ཡུལ་དུ་ཡུལ་མིའི་ངག་ཏུ་མི་ལ་ཆེ་མཐོང་འཇོག་སྲོལ་འདི་འདྲ་ཞིག་ཡོད་དེ། ༼ མྱི་དེ་གློའུ་ཟིག་ཏུ་སྐྱེ་མེད་ཡ། ༽ཞེས་པ་ལྟར་མཐའ་མའི་མིག་བཙུམས་སྐབས་སྡོམ་དེ་འདྲ་ཞིག་ཐོབ་རྒྱུར་ད་ལྟ་ནས་འབད་ན། རང་ལ་མི་འོས་པ་དང་མི་འཚམ་པ། རང་གིས་མི་ཤེས་པ་དང་མི་ནུས་པ་དག་ལ་འཇུག་པ་ལས་ལྡོག་སྟེ། ཤེས་ནས་སྨྲ་ཞིང་འཇུག་པའི་མི་ཚེའི་མདུན་ལམ་ཚད་ལྡན་ཞིག་རྙེད་པ་གདོན་མི་ཟ་བས་ན། སྟོང་སྐད་སྒྲོག་པ་པོ་ཚོ་དང་བོད་མིའི་གཟུགས་ཙམ་འཛིན་མཁན་ཚང་མས་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་བདེ་དོན་ལ་བསམ་གཞིགས་ཀྱིས་ཆོས་སྲིད་གཉིས་ཀའི་ལས་དོན་གང་གནང་རང་གི་ལྟོ་དོན་དུ་མིན་པ་ཞིག་ཅི་ནས་ཀྱང་གནང་སྟེ། ཤེས་ཡོན་གྱི་སྟེང་ནས་ལངས་དགོས་པ་སྟེ། ཡོད་ཚད་ཡང་དག་པའི་རྒྱུ་མཚན་ལ་གཞི་བཅོལ་ཏེ། རང་གི་རིགས་ལ་རྨ་མེད་པའི་ལྷག་བསམ་གཡོ་མེད་ཐོག གཞིའི་གནས་ཚུལ་ཚང་ལ་མ་ནོར་བར་མཁྱེན་པ། སྒྲུབ་པའི་ཐབས་ཚུལ་དུས་གནས་རྟོག་དཔྱོད་ཐུབ་མཁན་ཞིག་བྱེད་དགོས་པ་ནི་བོད་མི་ཚང་མས་ཐུགས་ལ་ངེས་དགོས་པ་རེད་སྙམ།།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་མི་མང་ལ་གཏམ་བཤད་སྐབས་དྲི་བར་ལན་བཏབས་པ་ཞིག་ཡིན།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 9

  1. བསྟན་བཟང་། says:
    ལོ་ 7 སྔོན།

    ༧གོང་ས་མཆོག་ཅེས་འབྲི་སྐབས་གུས་རྟགས་ (༧) ངེས་པར་འབྲི་དགོས་པ་ཞིག་རེད་སྙམ།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ཤར་ཁུག་ལགས། བརྗེད་གཟའ་བརྗེད་ཆུ་འཐུང་དང་ཟིག་པཱ། སོ་སོའི་ཕ་མེས་ཡང་མེས་གསོད་མཁན་གྱི་རྒྱ་ནག་དམག་ཤོག་གཞུང་ལ་མགོ་འབུལ་ལུས་འབུལ་བྱེད་ན་གང་ཤེས། རྒྱ་ནག་དམར་ཤོག་གཞུང་གིས་༧གོང་ས་མཆོག་ལ་ཁ་བྲལ་རིང་ལུགས་པ་སོགས་ཀྱི་མཚན་སྨད་སོགས་བྱས་དང་བྱེད་བཞིན་ཡོད་ནའང་ད་རུང་རྒྱ་ནག་ཇག་ཚོགས་ལ་དགྲ་མ་འབོད་ཟེར་ན། དགོད་མོ་རྐུབ་ནས་ཤོར་གི

    མ་འོངས་པ་མགོ་འབུལ་ལུས་འབུལ་བྱ་རྒྱུ་ག་རེ་ཡོད་མེད་ལྟ་རོགས།

    Reply
  3. རུ་དམར། says:
    ལོ་ 7 སྔོན།

    འཕྲལ་ཕུགས་གཉིས་བདེའི་དགོངས་ཚུལ་འགན་འཁུར་ནུས་པ་ཞིག་རེད་འདུག་པས། དེ་དེ་བཞིན་རྗེས་སུ་ཡི་རངས་ཞུ། སྐུ་ངོ་ཁྱེད་རང་ལྟ་བུ་དབུ་མའི་ལམ་གྱི་དབུ་ཁྲིད་གང་མང་ཞིག་ཡོད་ན། ༧གོང་ས་མཆོག་བོད་དུ་མྱུར་བར་ཕེབས་རྒྱུས་མཚོན་གང་སར་རེ་བ་ཆེ་བ་ཞུ་ག་ལ་དགོས། ཁྱོད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།།

    Reply
  4. ལྷོ་ཕྱོགས་ཕོ་ཉ། says:
    ལོ་ 7 སྔོན།

    ༡༽ ༧གོང་ས་མཆོག་ལ་མཚན་ཙམ་ཡང་སྒྲོག་མི་བཅུག་མཁན་རྣམས་ལ་དགྲ་བོ་མི་འབོད་མཁན། ཞིང་གཤེགས་རྒྱལ་རི་བློ་གྲོས་རྒྱལ་མཚན་འདས་ནས་བདུན་ཚིག་ནང་དུ་ཤི་རླ་འབོད་ཐུབ་མཁན།
    ༢༽ བོད་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་བརྒྱ་ཕྲག་གཉིས་ལ་ཉེར་སོང་་པའི་རང་སྲོག་མཆོད་མེ་སྒྲོན་་དགོས་བྱུང་བའི་འགག་རྩའི་གཞུང་ལ་དེ་ལ་དགྲ་བོ་མི་འབོད་མཁན། བོད་མའི་སྒྲིག་འཛུག་སྲིད་སྐྱོང་ལ་དགྲ་ལྟར་འཛིན་ཏེ་དཀྲུག་རྩོམ་ཁོ་ནར་གཉེར་ཐུབ་མཁན།
    ༣༽ ་་་་ཕོ་བྲང་པོ་ཊ་ལའི་མདུན་ཐང་དུ་རང་རེའི་སུ་ལ་མཐོང་མི་འདོད་པ་ཅན་་ནི་དར་དམར་་སྐར་མ་ལྔ་ཅན་ཉིན་མཚན་དུས་དྲུག་ཏུ་བཙན་དབང་དུ་སྒྲོན་མཁན་ལ་དགྲ་བོ་མི་འབོད་མཁན། བཙན་རང་དབང་ལུང་པ་རུ་རང་འདོན་ཁོ་ནར་དམུགས་རྒྱ་དམར་དར་སྐར་མ་ལྔ་ཅན་ལག་ཏུ་བཟུང་ནས་འཁྱེར་ཐུབ་མཁན། འོ་དེ་སུ་རེད་དམ་ཟེར་ན། ཤར་ཁུག་བློ་བཟང་ཆོས་འབྱོར་ལགས་རེད།

    Reply
  5. Sonam tashi says:
    ལོ་ 7 སྔོན།

    Shit

    Reply
  6. དུཿ་ ཁ། says:
    ལོ་ 7 སྔོན།

    རྒྱུགས་ཁྱི་ཞིག་ཡིན་ན་དུས་ནམ་ཡང་སོ་སོར་ཁ་ལག་སྤྲོད་མཁན་ལ་བདག་པོ་ལ་རྒྱུགས་ཁྱི་ལབ་མི་སྲིད།

    Reply
  7. བསོད་ནམས། says:
    ལོ་ 7 སྔོན།

    རང་ཉིད་ཀྱི་ལང་ཕྱོགས་ལམ་དབུ་མ་དང་རང་བཙན་གང་ཡིན་མིན་ལ་མ་བལྟོས་པར་ང་ཚོ་སྤྱི་ལ་དབང་བའི་དགྲ་ཞིག་ཡོད་པ་ནི་རྒྱག་ནག་དམར་པོའི་སྲིད་གཞུང་དེ་རེད། རྒྱུ་མཚན་དང་པོ་ནི་ང་ཚོ་སྤྱི་ལ་དབང་བའི་ཕ་ས་གཅིག་པོ་དེ་ཁོང་ཚོས་བཙན་གྱིས་ཕྲོགས་པ་དང་ད་དུང་སྤུན་ཟླ་ཁྲི་ཚོ་མང་པོ་དམར་གསོད་བཏང་ཡོད་། མ་བུ་གསོན་བྲལ་གྱི་ང་ཚོ་བཙན་བྱོལ་དུ་གྱར་དགོས་བཟོས་པ་རེད། ང་ཚོ་འགྲོ་བ་མི་ཡི་ལུས་སུ་སྐྱེས་པ་ནས་སོ་སོ་ལ་དབང་བའི་ཁྱིམ་གཞི་ཞིག་དང་རང་དབང་ཞིག་ཡོད་དགོས་པ་ནི་མི་ཞིག་གི་གཞི་རྩའི་ཐོབ་ཐང་ཞིག་རེད། འོན་ཀྱང་དམར་པོས་བཙན་གནོན་གྱི་རྐྱེན་པས་ང་ཚོའི་ཐོབ་ཐང་དེ་ཤོར་པ་རེད། དེར་བརྟེན་སོ་སོའི་གཞི་རྩའི་ཐོབ་ཐང་འཕྲོག་མཁན་གྱི་གཞུང་སྒེར་སུ་ཡིན་ན་ཡང་དེ་ལ་དགྲ་བོ་ལབ་དགོས་པ་ནི་འཇིག་རྟེན་མི་ཆོས་དང་མཐུན་པ་ཞིག་རེད་བསམ།
    གཉིས་པ། ང་ཚོའི་འཐབ་བརྩོད་ཁྲོད་ཀྱི་ནོར་འཁྲུལ་ཆེ་ཤོས་ཞིག་དང་ཆེས་འཇིག་སྣང་སྐྱེ་དགོས་པ་ཞིག་ནི་ང་ཚོ་ཚང་མ་ཡི་དྲན་པའི་ངོས་སུ་ཡོད་པའི་དགྲ་བོ་དེ་ག་ལེར་ཡལ་འགྲོ་བ་དེ་རེད། སྤྱི་ལ་དབང་བའི་ཕྱི་དགྲ་ཞིག་མེད་པའི་རྐྱེན་གྱི་བོད་མི་ནང་ཁུལ་ལ་འཁོན་འཛིན་དང་ནང་ཁྲུག་བཟོས་ཏེ་མཐུན་སྒྲིལ་ལ་གནོད་པ་སྐྱེལ་ཡ་མགོ་བཙུག་གིས་འདུག། དེར་བརྟེན་ང་ཚོ་སྤྱི་ལ་དབང་བའི་དགྲ་ཞིག་ཡོད་པ་ནི་དགྲ་བོ་རྒྱ་དམར་གཞུང་ལས་མ་འདས་སོ།
    གསུམ་པ། ཆབ་སྲིད་མཚན་རིག་གི་ལུང་ལས་ཕར་ཕྱོགས་དགྲ་བོའི་གྲོགས་ཡིན་ན་ཡང་དགྲ་སུ་འཛིན་དགོས་པ་བཤད་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་དགྲ་རུ་རྩིས་མ་ཐུབ་ན་ཡང་། རྒྱ་དམར་གཞུང་དེ་དགྲ་རུ་ངོས་འཛིན་བྱེད་དགོས་པ་གལ་ཆེན་དུ་མཐོང་།

    Reply
  8. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ says:
    ལོ་ 7 སྔོན།

    ཕ་ཡུལ་ཕྲོག་མཁན་ལ་དགྲ་བོ་མི་ལབ་ན་ག་རེ་ལབ་དགོས་རེད།
    བོད་མི་ས་ཡ་གཅིག་ལྷག་ཙམ་དམར་བསོད་གཏོང་མཁན་ལ་
    དགྲ་བོ་མི་ལབ་ན་ག་རེ་ལབ་དགོས་རེད།
    དགོན་པ་དྲུག་སྟོང་ལྷག་ཙམ་རྩ་གཏོར་གཏོང་མཁན་ལ་དགྲ་བོ་མི་
    ལན་ན་ག་རེ་ལབ་དགོས་རེད།
    སྐུ་གསུང་ཐུགས་རྟེན་འབུག་ཁྲག་མང་པོ་རྩ་མེད་བཟོ་མཁན་ལ་དགྲ་
    བོ་མི་ལབ་ན་ག་རེ་ལབ་དགོས་རེད།
    དབུ་མའི་ལམ་གྱི་དགོས་མདུན་དེ་རྒྱ་མི་ལ་དགྲ་བོ་ལབ་མི་ཚོག་པ་
    དེ་ཨ་ཡིན་ནམ།
    བོད་མི་རིགས་ལ་རྒལ་ཚིག་དང་ཁྲ་རྩ་ཡོད་ན་བོད་ཡུལ་བོད་མིའི་
    ལག་དུ་མ་ཐོབ་བར་དགྲ་བོ་ལ་དགྲ་བོ་མ་རྟོགས་མིང་གཞན་ཐོབ་
    རྒྱུའི་ལམ་ཁ་མེད་པ་དེ་ཡང་བོད་རིགས་ཙམ་ཟན་ཚང་མས་མཁྱེན་
    པ་གནང་དགོས།

    Reply
  9. སྟག་ཚང་རིག་རྒོད། says:
    ལོ་ 7 སྔོན།

    བཀུར་འོས་སྤྱི་འཐུས་ཤར་ཕྱོགས་ཁུག་རྟ་ལགས་ནས་རྒྱ་ཆེའི་བོད་མི་དམངས་ལ་ལྷག་བསམ་དག་པའི་རང་ཉིད་ཀྱི་བསམ་ཚུལ་གནས་ལུགས་ལ་དྲངས་ནས་ལམ་སྟོན་བཀའ་སློབ་ཕེབས་འདུག་པར་བཀའ་དྲིན་ཆེ་ཞུ།

    ཧ་ཅང་དཀྱིལ་ཡངས་ཀྱི་འཚེ་མེད་ཞི་བའི་ལྟ་བ་འདི་ཉིད་ཆ་ཚང་བ་ནི་མི་བུ་རེ་གཉིས་ཀྱི་རྟོགས་པའི་དཔྱོད་ཡུལ་དུ་གྱུར་བ་ལས། ད་ལྟའི་ཆར་བོད་མགོ་ནག་པོའི་ཁྲོད་དུ་ཚང་ལ་མ་ནོར་བའི་ངེས་རྟོགས་སད་མེད་པ་ཐག་ཆོད་ཟིན་པས། རྒྱ་ནག་གཞུང་ལ་དགྲ་བོ་མ་ཟེར་ཞེས་པའི་གདམས་པ་ལ་ངོས་ལེན་བྱེད་དཀའ་བར་སྙམ།
    མང་དུ་གླེང་ན་གླེང་རྒྱུས་ལོས་ཡོད་དེ། བོད་གངས་ཅན་གྱི་ས་རེ་དང་རྡོ་རྗེ་རེ། རྩ་ཉག་མ་རེ་རེ་དང་སེམས་ཅན་སྤུ་དཀར་ནག་ཁྲ་གསུམ་དང་བཅས་པའི་སྣོད་བཅུད་ཡོངས་སུ་རྫོགས་པ་རྒྱ་ནག་པོས་འཕྲོགས་ཟིན་ཅིང་། དེ་བས་ཀྱང་བོད་མི་ས་ཡ་དྲུག་པོ་རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པ། ད་ལྟའི་ང་ཚོའི་མི་རབས་འདིའི་བྱེད་ལུགས་ལ་བལྟས་ན་བོད་ཀྱི་བདག་དབང་བོད་ལ་ཐོབ་པའི་ཉི་མ་ཞིག་བསྐལ་བ་མ་སྟོང་གི་བར་དུ་སྲིད་དཀའ་བར་གྱུར་བས། ངས་ཆོས་རྒྱལ་རི་རབ་འདྲ་བ་དང་། ལོ་པཎ་ཉི་ཟླ་འདྲ་བ་དག་གི་སྐུ་དྲིན་དྲན་པ་དང་གཅིག སྲིད་པའི་ཁམས་ན་འགྲན་པའི་ཟླ་དང་བྲལ་བའི་ས་དགེ་བཀའ་སྙིང་གི་སྐྱེས་ཆེན་དམ་པ་དག་དྲན་པ་དང་གཉིས། བོད་མགོ་ནག་པོའི་རིགས་སུ་སྐྱེས་པའི་དཔྱོད་ཤེས་ཡོད་མེད་གྱིས་རང་གི་སྣོད་བཅུད་གཉིས་དང་། དེའི་ཀློང་དུ་མར་ཁུ་བཞིན་འཁྱིལ་བའི་བཅུ་ཕྲག་རིག་གནས་དག་ལ་རྒོལ་བརྡུང་ལེན་མང་བཏང་བའི་ལོ་ཟླ་དེ་དག་དང་། དེ་དག་གི་ཁྲོད་ནས་རིག་གནས་དང་རིག་གནས་ཀྱི་བདག་པོ་ཁྲི་ཚོ་བརྒལ་བ་འཇིག་རྟེན་འདི་ནས་དུས་གཏན་དུ་ཕྱིར་འོངས་མེད་པར་བཏང་ཟིན་པ་སོགས་མང་པོ་མང་པོ་ལ་བསམ་ན། ཐ་མལ་བ་ང་ལྟ་བུས་རྒྱ་ནག་གཞུང་ལ་དགྲ་བོ་མི་ཟེར་བའི་བློ་ཁོག་ཅིག་དེ་བས་ཀྱང་སྐྱེ་དཀའ་བར་གྱུར། འོན་ཀྱང་སྐུ་ཉིད་ཀྱི་དགོངས་ཚུལ་ནོར་བ་རེད་ཅེས་དགག་པ་མཛད་པའི་བློ་སྤོབས་ཡི་ནས་མེད་མོད། རིགས་མཐུན་གྱི་སྤུན་ཟླ་ལ་སེམས་ཀྱི་སྐད་ཆ་བཤད་པ་ཙམ་ཡིན་པས། ནོངས་པའི་ཆ་མཆིས་ཚེ་བཟོད་གསོལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese