རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཁག་ཅིག་གི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། བཞུགས་སྒར་དྷ་ས་མེག་གྷན་སྲང་ལམ་གཞི་མདོ་རུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་ལོའི་བུད་མེད་ཉིན་མོའི་བརྗོད་དོན་(Balance for Better)ཞེས་པ་གཞིར་བཟུང་། བོད་ཀྱི་བུད་མེད་རྩོམ་པ་པོ་དང་ཆབ་སྲིད་པ། སྤྱི་ཚོགས་ཞབས་ཞུ་བ། སྒྱུ་རྩལ་བ། ཆོས་ལུགས་པ་སོགས་ཀྱི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་སོང་།
ལས་འགུལ་གྱི་ཐོག་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ད་ལོའི་བུད་མེད་ཉིན་མོའི་བརྗོད་དོན་གཙོ་བོ་ཕོ་མོ་སྤྱི་སྙོམ་ཡོང་ན་འཛམ་གླིང་ཇེ་ལེགས་ཡོང་ཞེས་པ་གཞིར་བཟུང་ལས་འགུལ་སྤེལ་བཞིན་ཡོད་ལ། སྤྱི་ཚོགས་གང་ཞིག་ལ་མཚོན་ན་ལས་དོན་གང་གི་ཐད་ཕོ་མོ་གཉིས་སྤྱི་སྙོམ་ཡོང་བ་ཡིན་ན་འཛམ་གླིང་ཡག་པོ་ཡོང་བ་དང་། ད་ལྟའི་ཆར་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་ཕོ་མོ་གཉིས་སྤྱི་སྙོམ་མེད་པ་དང་བུད་མེད་ཚོར་རང་གི་ཁྱིམ་དང་ཚོགས་སྡེ་སྤྱི་ཚོགས་ཁྱོན་ཡོངས་ནས་གུས་ཞབས་མེད་པ་དང་ལས་དོན་འདྲ་མཉམ་མེད་པ་སོགས་ཀྱིས་ལས་འགུལ་འདི་གལ་ཆེན་པོར་མཐོང་ནས་སྤེལ་བཞིན་ཡོད། ཅེས་བརྗོད་སོང་།
ཡང་མོས་མུ་མཐུད་དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་ཡོངས་ལ་མ་འོངས་པར་ཁྱིམ་ཚང་དང་ཚོགས་སྡེ། སྤྱི་ཚོགས་གང་གི་ནང་དུ་བུད་མེད་ཚོར་གོ་སྐབས་མང་བ་སྤྲད་པ་ཡིན་ན་ལས་དོན་གང་དུ་ཡང་ཕོ་མོ་སྤྱི་སྙོམ་ཇེ་ལེགས་ཡོང་བ་དང་། ཕོ་མོ་སྤྱི་སྙོམ་ཡོང་བ་ནས་སྤྱི་ཚོགས་དང་ཚོགས་སྡེ་གང་དུ་ཡང་རྩོད་རྙོག་རིགས་ཇེ་ཉུང་ཡོང་བ་དང་རྩོད་རྙོག་ག་ཚོད་ཇེ་ཉུང་སོང་ན་འཛམ་གླིང་དེ་ལྟར་ཇེ་ལེགས་སུ་འགྲོ་བས། བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་ཚོགས་ཁྲོད་བུད་མེད་ལ་གུས་ཞབས་དང་གོ་སྐབས་གང་ཐུབ་སྤྲོད་དགོས་པ་དང་། བུད་མེད་ལ་གོ་སྐབས་ག་ཚོད་སྤྲད་ན་བུད་མེད་ཀྱིས་སྤྱི་ཚོགས་ལ་འགན་འཁུར་ཤུགས་ཆེ་རུ་ཡོང་བ་དང་། དེ་ལྟར་ཕོ་མོ་སྤྱི་སྙོམ་ཀྱིས་རང་གི་སྤྱི་ཚོགས་གཙོའི་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པ་ཡོང་ཐུབ་པ་རེད། ཅེས་བརྗོད་སོང་།
དེའི་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་ཀྱིས་དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན། བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཚོའི་སྐོར་ལ་དམིགས་བསལ་དོ་སྣང་སྤྲད་ཡོད་པ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་བོད་པའི་སྤྱི་ཚོགས་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་མང་པོ་ཡོད་པ་དང་། ཁོ་མོ་ཚོས་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་བཞིན་ཡོད་པས། ང་ཚོས་འདིར་བོད་པའི་སྤྱི་ཚོགས་ལ་བོད་པའི་བུད་མེད་ཚོར་གོ་སྐབས་རག་པ་ཡིན་ན་ཆབ་སྲིད་དང་ཆོས་ལུགས། ཤེས་ཡོན་སོགས་ལས་དོན་གང་གི་ཐད་ནས་བོད་པའི་བུད་མེད་ཚོར་འཇོན་ཐང་ཡོད་པ་དང་། དེ་རིང་འདིར་བོད་ཀྱི་བུད་མེད་ཆབ་སྲིད་པ་དང་ཆོས་ལུགས་པ། སྒྱུ་རྩལ་བ། རྩོམ་པ་པོ་སོགས་ཀྱི་ལོ་རྒྱུས་དང་པར་རིས་འགྲེམས་སྟོན་བྱེད་དོན་བོད་པའི་སྤྱི་ཚོགས་ལ་ཁོ་མོ་ཚོའི་ཤེས་འཇོན་ནུས་གསུམ་སྐོར་ལ་གོ་རྟོགས་སྤེལ་ཐབས་དང་ཁོ་མོ་ཚོ་འདྲ་བའི་བུད་མེད་མང་པོ་ཞིག་ཡོང་ཐབས་སོགས་ཀྱི་ཆེད་ཡིན། ཞེས་བརྗོད་སོང་།
གསར་འགོད་པས་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་འགན་འཛིན་ལགས་སུ་དེ་རིང་གི་ལས་འགུལ་འདི་དང་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བོད་ཀྱི་བུད་མེད་ཚོར་དམིགས་བསལ་ཞུ་རྒྱུ་ཡོད་མེད་སྐོར་ལ་དྲིས་པར། དེ་རིང་གི་ཉིན་མོར་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་བུད་མེད་ཉིན་མོ་ཞེས་གལ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་པ་དང་། དེ་ལྟར་གལ་ཆེན་པོ་བརྩི་དགོས་དོན་ག་དུས་ཡིན་ན་སྤྱི་ཚོགས་ཁྲོད་བུད་མེད་ལ་དཀའ་ངལ་ཤུགས་ཆེན་པོ་ཡོད་པས་ཡིན་པ་དང་། ང་ཚོས་འདིར་བོད་ཀྱི་བུད་མེད་ཚོ་གཙོའི་བོད་པའི་སྤྱི་ཚོགས་ཡོངས་ལ་དེ་རིང་གི་བརྗོད་གཞི་ལྟར་ལས་དོན་གང་གི་ཐད་ནས་ཡིན་ན་ཕོ་མོ་གཉིས་སྤྱི་སྙོམ་ཡོང་ཐབས་དགོས་པ་དང་། ཕོ་མོ་གཉིས་ལས་དོན་ནང་འདྲ་མཉམ་ཡོང་བ་ཡིན་ན་སྤྱི་ཚོགས་འཆམ་མཐུན་དང་སྤྱི་ཚོགས་སྟོབས་ཤུགས་དང་ནུས་པ་ལྡན་པ་ཡོང་ཐུབ་པ་མ་ཟད་སྤྱི་ཚོགས་ཀྱི་རྩོད་རྙོག་མང་པོ་ཞིག་མེད་པ་ཆགས་ཐུབ་པ་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་ལོ་འདིར་དམིགས་བསལ་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བུད་མེད་སྐོར་ལ་ལས་འགུལ་སོགས་ཡོད་མེད་དྲིས་པར། ང་ཚོས་ངོས་ནས་ནམ་རྒྱུན་ལྟར་ཕོ་མོ་འདྲ་མཉམ་ཡོང་བ་དང་སྤྱི་ཚོགས་ཁྲོད་བུད་མེད་ལ་བརྩི་མཐོང་ཡོང་ཐབས་ཐད་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད། སྔོན་ཆད་ང་ཚོས་བུད་མེད་ཚོར་བུད་མེད་འདྲ་མཉམ་སྐོར་ལ་ཟབ་སྦྱོང་མང་པོ་ཞིག་སྤྲད་པ་ཡོད་པ་དང་། ད་ལོ་ནས་བུད་མེད་ལྷན་ཚོགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཞེས་པའི་ཟབ་སྦྱོང་དེ་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་ལ་སྒྱུར་ནས་གཞོན་སྐྱེས་ཕོ་མོ་གཉིས་ཀར་གོ་རྟོགས་སྤེལ་ཆེད་ཟབ་སྦྱོང་གོ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག