རྒྱ་ནག་ཞུའུ་ཀྲུའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་སྡུར་ཁྲོད་བོད་རིགས་ཨོ་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་ཨང་དང་པོ་དང་བུ་མོ་ལུས་རྩལ་བ་ཚེ་རིང་མཚོ་མོས་ཨང་གསུམ་པ་བླངས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༤ ཉིན། རྒྱ་ནག་ཞུའུ་ཀྲུའུ་(Xuzhou)གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་བསྡུར་དང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འདེམ་སྒྲུག་ཁྲོད། བོད་ཀྱི་རྒྱང་རྒྱུག་ཨོ་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་ཨང་དང་པོ་བླངས་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ཁྲོད་རྒྱལ་ཁབ་དང་ས་ཁུལ་ ༡༧ དང་། རྒྱ་ནག་ནང་ལོགས་ནས་ཞིང་ཆེན་གྱི་གྲོང་ཁྱེར་ ༡༨ ནས་གཞོན་སྐྱེས་ཕོ་མོ་ ༢༢༠༠༠༠ འགྲན་སྡུར་ནང་ཞུགས་ཡོད་པ་དང་། དེའི་ནང་བོད་རང་སྐྱོང་ལྗོངས་ནས་བོད་རིགས་ལུས་རྩལ་བ་ ༥ མཉམ་ཞུགས་བྱས་པའི་ཁྲོད་ནས་བུ་མོ་ཚེ་རིང་མཚོ་མོས་ཨང་གསུམ་པ་དང་། ཟླ་བ་སྐྱིད་ཀྱིས་ཨང་བཞི་པ། བསོད་ནམས་ཚེ་རིང་གིས་ཨང་བརྒྱད་པ། རྟ་མགྲིན་ཚེ་དབང་གིས་ཨང་བཅུ་པ་བཅས་བླངས་ཡོད་འདུག
ལུས་རྩལ་རུ་ཁག་གི་མགོ་འཁྲིད་སྐལ་བཟང་ཚེ་རིང་ཞེས་པ་ཞིག་གིས་གསར་འགོད་པར། ཐེངས་འདིར་བོད་རིགས་ལུས་རྩལ་བ་ཚོས་གྲུབ་འབྲས་ཡག་པོ་བླངས་ཡོད་པ་དང་། ལུས་རྩལ་བ་མང་ཆེ་བ་ཉེ་སྔོན་ཨེ་ཐོ་པེ་ཡོ་རྒྱལ་ཁབ་ཏུ་སྦྱོང་བརྡར་ལ་སོང་སྟེ་ཕྱིར་སླེབས་ཙམ་ཡིོན་པ་དང་། སྦྱོང་བརྡར་ཡུན་རིང་བྱས་ཏེ་སྟོབས་རྒྱལ་ལགས་སུ་ཡར་བསྐྱེད་ཆེན་པོ་ཐོན་ཡོད་སྐོར་བརྗོད་འདུག་ལ། ། ཨོ་རྩལ་བ་སྟོབས་རྒྱལ་ལགས་ཕྱི་ལོ་ ༢༠༡༩ ལོའི་ཨ་རབ་ཁཱ་ཌར(Qatar)རྒྱལ་ཁབ་ཀྱི་དྷོ་ཧཱ་(Doha)གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དང་། ཕྱི་ལོ་ ༢༠༢༢ ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ནང་འདེམས་ཐོན་བྱུང་ཡོད་འདུག
ཨོ་རྩལ་བ་སྟོབས་རྒྱལ་ལགས་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་ཚོགས་པའི་ཨོ་རྩལ་འགྲན་ཚོགས་དང་། ཕྱི་ལོ་ ༢༠༡༦ ལོར་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་ནང་ལོགས་ཀྱི་རྒྱལ་སྤྱི་དང་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཚོགས་མང་པོའི་ཐོག་གསེར་དངུལ་གྱི་རྟགས་མ་ ༢༠ ཙམ་ཐོབ་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག