མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐེངས་ལྔ་པ་ནེ་རུ་མཐོ་སློབ་ཏུ་ཚོགས།

བོད་ཀྱི་དུས་བབ།
༢༠༡༩/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐོག་སྐྱེས་པ་ཕོས་དབང་སྒྱུར་བའི་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགག་སྒོ་ལས་བརྒལ་བའི་བོད་ཀྱི་བུད་མེད་རླབས་ཆེན་ཁག་ཅིག་ངོ་སྤྲོད་གནང་།ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཞོགས་པའི་ཚོུད་བཅུ་གཅིག་ཙམ་ལ། ནེ་རུ་མཐོ་སློབ་ཀྱི་སྒྱུ་རྩལ་ཚན་པའི་ཚོགས་ཁང་ནང་དུ། ནེ་རུ་བོད་དོན་གླེང་སྟེགས་(Tibet Forum-JNU) ཀྱིས་གོ་སྒྲིག་གནང་བ་དང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་(Tibet Fund-US) གི་མཐུན་འགྱུར་འོག མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐེངས་ལྔ་པ་ཚོགས་ཡོད་པ་དང་། རྗེས་དྲན་ཐོག་གཏམ་བཤད་གནང་མཁན་སྐུ་མགྲོན་གཙོ་བོ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་དང་། གཏམ་བཤད་གཙོ་སྐྱོང་གནང་མཁན་འབུམ་རམས་པ་ཚེ་རིང་ཆོས་འཛོམས་ལགས། དེ་མིན་མཐོ་སློབ་ཀྱི་སློབ་ཕྲུག་དང་དགེ་རྒན། ཉམས་ཞིབ་པ། སྤྱི་ཚོགས་དོན་གཉེར་ཅན་བཅས་མི་གྲངས་ ༡༠༠ ཙམ་གྱིས་མཉམ་ཞུགས་གནང་སོང་།

ཚོགས་འདུའི་ཐོག་ནེ་རུ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས། མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་དོན། “ དང་པོ་དེར་ང་ཚོ་ནེ་རུ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་ཡོངས་ཀྱིས།    འདི་ལོའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐེངས་ལྔ་པར་མཉམ་ཞུགས་གནང་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།  ད་ཐེངས་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་གནང་མཁན་གཙོ་བོ་འཇམ་དབྱངས་ནོར་བུ་ལགས་དང་ཚེ་རིང་ཆོས་འཛོམས་རྣམ་གཉིས་གདན་འདྲེན་ཞུས་ཐུབ་པ་འདི། ང་ཚོ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་ཚང་མས་གཟི་བརྗིད་ཅིག་ལ་བརྩི་གིན་ཡོད། ང་ཚོ་བོད་དོན་གླེང་སྟེགས་(Tibet Forum-JNU) ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། ཚོགས་པ་འདི་ནི། དང་པོ་རྒྱ་གར་ནེ་རུ་སློབ་ཆེན་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་དང་བོད་རིགས་མ་ཡིན་པའི་སློབ་ཕྲུག་སྐོར་ཞིག་གིས། སྤྱི་ལོ་ ༢༠༠༤ ལོའི་སྤྱི་ཟླ་གསུམ་པར་བཙུགས་པའི་བོད་རིགས་སློབ་ཕྲུག་གི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེ་རྒྱ་བསྐྱེད་ཕྱིན་པ་དང་ལྷན་དུ། སློབ་ཕྲུག་རྣམས་ནས་བོད་དང་འབྲེལ་བའི་གཏམ་བཤད་གོ་སྒྲིག་དང་ཉམས་ཞིབ་མཁས་དབང་གདན་ཞུ། གློག་བརྙན་འགྲེམས་སྟོན། བོད་ཀྱི་ཉིན་མོ་སྲུང་བརྩི། དཔེ་དེབ་གསར་འདོན། རིག་གཞུང་འཁྲབ་སྟོན་སོགས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་ལ། ཉིས་སྟོང་བཅོ་ལྔ་ནས་བཟུང་ནས་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་གོ་སྒྲིག་ཞུས་ཡོད། ” ཅེས་བརྗོད་སོང་བ་དང་། ཡང་ཁོང་གིས་མུ་མཐུད་ནས། “ མཁས་དབང་ཟླ་བ་ནོར་བུ་ལགས་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཁོང་གིས་བརྩམས་གནང་བའི་དཔེ་ཆ་དཔེར་ན།  སྐར་ལྔའི་དར་དམར་འོག་གི་བོད་དང་།  (Red Star Over Tibet )དང་།  རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས།   (China’s Tibet Policy )།  འཛམ་གླིང་གསུམ་པའི་མི་རིགས་རིང་ལུགས་ཀྱི་རིག་གནས་དང་ཆབ་སྲིད། (Culture and Politics of Third World Nationalism ) སོགས་བརྒྱུད་བོད་ཀྱི་གནས་བབ་དང་སྤྱི་ཚོགས་ལ་དཔྱད་ཞིབ་མཐིལ་ཕྱིན་པ་གནང་ཡོད་ཅེས་བརྗོད་སོང་།

ད་ཐེངས་ཀྱི་ཚོགས་འདུ་དང་འབྲེལ་བའི་སྐོར་ལ་ཁོང་གིས་ “ང་ཚོ་བོད་དོན་གླེང་སྟེགས་ནས་ཉིས་སྟོང་བཅོ་ལྔ་ནས་བཅུ་བདུན་བར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཚོགས་འདུ་(Symposium in memory of Prof. Dawa Norbu ) ཐེངས་གསུམ་གོ་སྒྲིག་ཞུས་ཡོད་པ་དང་། རྗེས་སོར་ཚོགས་འདུའི་ནང་དོན་དང་སྒྲོམ་གཞི་སོགས་ལ་སློབ་ཕྲུག་སྤྱི་མོས་ཀྱི་གྲོད་ཆོད་ལྟར། ཉིས་སྟོང་བཅོ་བརྒྱད་ནས་བཟུང་སྟེ། མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་(Prof. Dawa Norbu’s Memorial Lecture) གོ་སྒྲིག་ཞུས་ཡོད། དེ་ཡང་དམིགས་ཡུལ་གཙོ་བོ་ནི། ༡༽ མཁས་དབང་ཁོང་གི་དབུས་ཨེ་ཤ་ཡའི་ཆབ་སྲིད་དང་བོད་དོན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལ་གྲོས་བསྡུར་བྱ་རྒྱུ། ༢༽ བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་དང་། ཞིབ་འཇུག་བྱེད་མཁན་ཚོར་བོད་རིག་པའི་བཞུད་ལམ་གྱི་ཐོག་གོམ་གང་མདུན་བསྐྱོད་བྱ་རྒྱུར་སྐུལ་འདེད་དང་། བོད་དང་འབྲེལ་བའི་ལྟ་ཚུལ་གསར་པ་རྣམས་ཞིབ་འཇུག་གི་ངོ་བོ་ཐོག་ནས། གང་དེའི་ཆབ་སྲིད་དང་སྤྱི་ཚོགས། ཁོར་ཡུག་དང་རིག་གཞུང་སོགས་ཕྱོགས་གང་ཐད་ནས་དཔྱད་ཞིབ་བྱ་རྒྱུའི་དམིགས་ཡུལ་གཙོ་གནད་བཟུང་ཡོད་” ཅེས་བརྗོད་སོང་།

དེ་ནས་ཁོང་གིས་འདི་སྔོན་ལོར་མཁས་དབང་ཟླ་བ་ནོར་བུ་རྗེས་དྲན་གྱི་གཏམ་བཤད་གནང་མཁན་གཙོ་བོ་ཁེ་ན་ཊའི་ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་བོད་ཀྱི་དེང་རབས་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཀྱཱ་ལགས་ཕེབས་ཡོད་པ་དང་། ད་ལན་ང་ཚོས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་རང་བཙན་འཐབ་རྩོད་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་འཇམ་དབྱངས་ནོར་བུ་ལགས་གདན་དྲེན་ཞུས་ཐུབ་པ་བྱུང་སོང་། དེ་རིང་ཁོང་གིས་སྐྱེས་པ་ཕོས་དབང་སྒྱུར་བའི་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགག་སྒོ་ལ་བརྒལ་བ། བོད་ཀྱི་བུད་མེད་རླབས་ཆེན་ཁག་གཅིག་གི་ངོ་སྤྲོད།(Great Women of Tibet: Transcending the confines of traditional male-dominated society in Old Tibet )ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་དང་། གཏམ་བཤད་འདི་རྒྱ་ནག་ཉམས་ཞིབ་བསྟི་གནས་ཁང་(Institute of Chinese Studies )ནང་ཕྱག་ལས་གནང་བཞིན་པའི་འབུམ་རམས་པ་ཚེ་རིང་ཆོས་འཛོམས་ལགས་ནས་མདོ་མཛིན་གནང་རྒྱུ་ཡིན་པ་རེད། ཅེས་བརྗོད་སོང་།

དེ་ནས་ད་ལན་གྱི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་གནང་མཁན་གཙོ་བོ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ནས། མཁས་དབང་དམ་པ་ཟླ་བ་ནོར་བུའི་སྐུ་པར་གྱི་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་གཏམ་བཤད་གཙོ་སྐྱོང་བ་ཚེ་རིང་ཆོས་འཛོམས་ལགས་ཀྱིས། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། འཇམ་དབྱངས་ནོར་བུ་ལགས་ཀྱིས་དངོས་གཞིའི་གཏམ་བཤད་འགོ་འཛུགས་སོང་། དེ་ཡང་ཁོང་གིས་ “དང་པོ་དེར་གཏམ་བཤད་འགོ་མ་བཙུགས་གོང་། ངས་ནེ་རུ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་རྒྱུན་ང་འདྲ་བོ་ཞིག་ལ་ཆ་མཚོན་ན། ངའི་གཏམ་བཤད་ཉན་མཁན་ཕལ་ཆེ་བ་ཞིག་རང་བཙན་འཐབ་རྩོད་པ་དང་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོ་ཆགས་ཀྱིན་ཡོད་དུས། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོ་དང་སྐད་ཆ་བཤད་རྒྱུ་ཉུང་ཉུང་རེད་བསམ་གྱིན་འདུག ཁ་སང་བོད་དོན་གླེང་སྟེགས་ཀྱི་སློབ་ཕྲུག་ཚོ་དང་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་སྐད་ཆ་བཤད་དུས། ང་རང་དངོས་གནས་དགའ་ཚོར་ཆེན་པོ་བྱུང་སོང་བ་དང་། ཐོག་མར་༧གོང་ས་མཆོག་གིས་སྣེ་འཁྲིད་ནས་མི་མང་ཚོས་མཉམ་ཞུགས་འོག་མུ་མཐུད་གནས་བཞིན་པའི་བོད་པའི་འཐབ་རྩོད་འདིར། བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་གྱི་མི་རབས་གསར་པ་ཞིག་སླེབས་ཀྱིན་འདུག་སྙམ་པའི་ཚོར་སྣང་བྱུང་སོང་། ” ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས། “ངས་འདི་ནས་ཟླ་བ་ནོར་བུ་ལགས་ཀྱི་སྐོར་སྐད་ཆ་ཐུང་ཐུང་ཞིག་བཤད་ན། ངས་ཁོང་རྡོར་གླིང་ལ་ཡོད་དུས་ངོ་ཤེས་ཀྱིན་ཡོད་པ་དང་། སྐབས་དེ་དུས་ངའི་པ་ལགས་གཏན་སློབ་ཀྱི་སློབ་སྤྱི་ཡིན་པ་དང་ཁོང་དེའི་སྐབས་སློབ་མ་རེད། ཁོང་ཆུང་དུས་ནས་སློབ་སྦྱོང་ཡག་པོ་ཡོད་པ་ཙམ་ཞིག་མ་ཡིན་པར། ཧུར་བརྩོན་ཅན་གྱི་མི་ཞིག་ཡིན་ཞིང་། རྗེས་སོར་ངའི་པ་ལགས་ཀྱིས་ཁོང་དོ་སྣང་བྱུང་ནས་སློབ་སྦྱོང་དང་མཐུན་རྐྱེན་འཛོམས་སའི་ཡེ་ཤུ་སློབ་གྲྭ་ (Dr.Graham Homes )ཞེས་པ་དེར་བཏང་གནང་བ་རེད། དེ་ནས་ཟླ་བ་ནོར་བུ་ལགས་ཀྱིས་ལྡི་ལིའི་སེན་སི་ཀྲི་ཕིན་མཐོ་སློབ་(St.Stephen College) དང་། འབུམ་རམས་པའི་སློབ་གཉེར་ཀེ་ལི་ཕོར་ནི་ཡའི་སྦར་ཀེ་ལེ་གཙུག་ལག་སློབ་གྲྭ་ཆེན་མོ་(University of California –Berkeley )ནས་གནང་བ་རེད། ”ཅེས་དམ་པ་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས་ཁོང་གིས། “ད་དེ་རིང་གི་ངའི་གཏམ་བཤད་འདི་བོད་ཀྱི་བུད་མེད་དང་འབྲེལ་བའི་ཐོག་ཡིན། ངས་གསལ་བཤད་བྱེད་དགོས་པ་ཞིག་ལ། ང་རང་ཁྱེད་ཚོ་ནང་བཞིན་མཐོ་སློབ་ལ་ཕྱིན་མེད་པ་དང་ད་ལྟ་ངའི་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་ཡང་ག་པར་ཡོད་མིན་ཤེས་ཀྱི་མེད་དུས། བོད་ཀྱི་བུད་མེད་དང་འབྲེལ་བའི་སྐོར་ཧ་གོ་ཡག་དེ་ཏོག་ཙམ་མ་འདྲ་བ་ཆགས་ཀྱིན་ཡོད་བསམ་གྱིན་འདུག དེ་རིང་ངའི་གཏམ་བཤད་ཀྱི་བརྗོད་གཞི་ནི། སྐྱེས་པ་ཕོས་དབང་སྒྱུར་བའི་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགག་སྒོ་ལས་བརྒལ་བ། བོད་ཀྱི་བུད་མེད་རླབས་ཆེན་ཁག་ཅིག་གི་ངོ་སྤྲོད་ཅེས་པ་དེ་ཆགས་བསྡད་ཡོད། ངའི་བོད་ཀྱི་བུད་མེད་དང་འབྲེལ་བའི་སྐོར་གནས་ཚུལ་ཤེས་ཡག་མང་ཆེ་བ་ཞིག་དུས་རབས་ ༡༩ སྨད་དང་ ༢༠ དཀྱིལ་ཙམ་ལ་དབྱིན་ཇིའི་འགྲུལ་བཞུད་པ་དང་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན། རྒྱ་ནག་ནས་བོད་ལ་སླེབས་པའི་འགྲིམ་འགྲུལ་བ་ཚོའི་བོད་སྐོར་བྲིས་ཡོད་པའི་དཔེ་དེབ་འདི་དག་ནས་ཤེས་རྟོགས་བྱུང་སོང་བ་དང་། ཁོ་ཚོས་བོད་དང་འབྲེལ་བའི་ཆོས་དང་རིག་གཞུང་། སྤྱི་ཚོགས་སོགས་ཀྱི་ཐོག་མང་པོ་བྲིས་ཡོད་ལ། ལྷག་པར་དུ་བོད་ཀྱི་བུད་མེད་དང་འབྲེལ་བའི་སྐོར་གནས་ཚུལ་མང་པོ་བསྡུ་རུབ་བྱས་འདུག ཕྱི་གླིང་བ་འདི་ཚོས་བོད་ཀྱི་བུད་མེད་ཀྱི་གནས་བབ་འདི། ཨེ་ཤ་ཡའི་རྒྱལ་ཁབ་གཞན་ཚོའི་བུད་མེད་ཀྱི་གནས་བབ་དང་མ་འདྲ་བ་ཞིག་མཐོང་ཡོད་པ། དཔེར་ན་རྒྱ་ནག་ལྟ་བུར་མཚོན་ན། གུང་ཁྲན་མ་སླེབས་གོང་དང་སླེབས་པའི་རྗེས་ཀྱི་རྒྱ་རིགས་བུད་མེད་ཀྱི་གནས་བབ་ཡག་པོ་མེད་པ་དཔེ་ཆ་བཞག་ན།  བུད་མེད་རྣམས་དང་དམིགས་བསལ་ཟུར་མོ་(Concubine) རྣམས་སྤྱི་ཚོགས་ནས་ལོགས་སུ་ཕུད་ཡོད་པ་དང་། རྒྱུན་རིང་པོ་ཞིག་ནས་རྒྱ་རིགས་བུད་མེད་ཆུང་ཆུང་རྣམས་རྐང་པ་བསྡམས་པའི་ལུགས་སྲོལ་དེ་དར་ཁྱབ་ཆེན་པོ་བྱུང་ཡོད་ཅིང་། རྒྱ་གར་ལ་མཚོན་ན་ཡང་བུད་མེད་རྣམས་ཧིན་རྡུ་དང་ཁ་ཆེ་གཉིས་ཀའི་སྤྱི་ཚོགས་ནས་ཟུར་ཕུད་བྱས་ཡོད་ལ། དམིགས་བསལ་ནང་ལ་མགྲོན་པོ་འདྲ་སླེབས་དུས། བུད་མེད་རྣམས་ཀྱི་མགྲོན་བསུ་བྱེད་ཆོག་གིན་མེད།

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱེད་བཞིན་པའི་ཁ་ཆེའི་(Triple Talaq)ལྟ་བུར་མཚོན་ན། གཉེན་སྒྲིག་བྱས་ཟིན་པའི་སྐྱེས་པ་ཞིག་རང་གི་བཟའ་ཟླ་དང་གཉེར་འཐོར་བྱ་དགོས་ཀྱི་ཡོད་ན། (Talaq)  ཞེས་པའི་ཚིག་དེ་ཐེངས་གསུམ་ལབ་ན་འགྲིག་གིན་ཡོད་པ་དང་། ཧིན་རྡུ་ལ་མཚོན་ན་ཡང་ ༡༩༥༠ སྔོན་ལ། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་དེ་རང་གི་ཁྱོ་ག་དང་ཁ་བྲལ་ཆོག་གི་མེད། འོན་ཀྱང་བོད་ལ་མཚོན་ན། གོང་གི་ལུགས་སྲོལ་འདི་རིགས་མེད་པ་དང་། སྤྱིར་བཏང་ཆ་ནས་བོད་ཀྱི་བུད་མེད་རྣམས་སྐྱེས་པ་ནང་བཞིན་རང་དབང་དང་འདྲ་མཉམ་གཅིག་མཚུངས་མེད་ནའང་། གོང་གི་རྒྱལ་ཁབ་འདི་ཚོ་དང་བསྡུར་ན་བོད་ཀྱི་བུད་མེད་ཀྱི་གནས་བབ་གང་ཙམ་ཡག་པོ་ཡོད་རེད་བསམ་གྱིན་འདུག དེར་བརྟེན་ཕྱི་གླིང་བ་མང་པོ་ཞིག་གིས་བོད་ཀྱི་བུད་མེད་ཀྱི་གནས་བབ་དེ་མཐོང་དུས་ཧང་སངས་ཡོད་ལ། དཔེར་ན་ཨ་རིའི་རྩོམ་པ་པོ་སུཊ་ཡམ་སྐ་སྤྲིང་(Sudyam Cutting) ལགས་ཀྱིས།“བོད་ནང་རྒྱ་གར་གྱི་བུད་མེད་ལོགས་བཀར་ལམ་ལུགས་ (Purdah System) དང་རྒྱ་ནག་གི་བྱིས་པ་མ་སྐྱེས་གོང་གསོད་པའི་ལུགས་སྲོལ་(Infanticide) སོགས་མེད་དུས། བུ་དང་བུ་མོ་ཆུང་དུས་ནས་དབྱེ་དབྱེད་དེ་ཙམ་མེད་པ་དང་། ཁོ་ཚོར་སོ་སོའི་བཟའ་ཟླ་བདམས་པའི་རང་དབང་དང་ད་དུང་ཁང་པ་དང་།རྒྱུ་ནོར་བདག་དབང་སོགས་ལ་གཅིག་མཚུངས་ཀྱི་ཐོབ་ཐང་འདུག་” ཅེས་བྲིས་ཡོད་པ་དང་། གཞན་ཇོ་སིབ་རོག་(Joseph Rock) དང་ལྷ་སར་ཡོད་པའི་གོ་མིན་ཏང་གི་སྐུ་ཚབ་མཐའ་མ་ཤེན་ཚུང་ལི་ཡེན་(Shen Tsung-Lien) ད་དུང་ཕྱི་རྒྱལ་འགྲུལ་བཞུད་པ་མང་པོ་ཞིག་གིས་བོད་ཀྱི་བུད་མེད་སྐོར་བྲིས་ཡོད་ཅེས་གསུངས་སོང་། དེ་དང་འབྲེལ་ནས་འཇམ་དབྱངས་ནོར་བུ་ལགས་ཀྱིས། “ང་ཚོས་དྲན་དགོས་པ་ཞིག་ལ། བོད་ནང་ཁྲིམས་ཐོག་ནས་བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་པ་དང་། ལྷ་སར་མཚོན་ན། སེ་འབྲས་དགའ་གསུམ་གྱི་དགོན་པར་ས་རུབ་དུས་བུད་མེད་རྣམས་ཡོང་ཆོག་གི་མེད་པ་དང་། བོད་གཞུང་ལ་མཚོན་ན། སྐབས་དེར་གོ་ས་མཐོ་བོ་ཟིན་པའི་བུད་མེད་ལས་བྱེད་ཧ་ལམ་མེད་པ་ལྟ་བུ་ཡིན་”་ཞེས་གསལ་བཤད་གནང་སོང་།

ཁོང་གིས་བོད་ཀྱི་བུད་མེད་ཀྱི་གནས་བབ་སྐོར་གསུངས་ཚར་བའི་རྗེས། བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རླབས་ཆེན་བུད་མེད་ཁག་ཅིག་གི་ངོ་སྤྲོད་གནང་སོང་བ། དཔེར་ན། བོད་བཙན་པོའི་དུས་ཀྱི་རྒྱལ་ཕྲན་ཡོངས་རྫོགས་མངའ་འོག་གཅིག་ཏུ་བསྡུ་བར་རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་སད་མ་དཀར་དང་འབྲོ་བཟའ་ཁྲི་མ་ལོད། དུས་རབས་བཅུ་གཅིག་པར་བྱུང་བའི་མཁས་གྲུབ་གཉིས་ལྡན་གྱི་བུད་མེད་མ་ཅིག་ལབ་སྒྲོན་དང་། ཁོང་རང་གིས་བཅར་འདྲི་བྱས་པའི་བོད་དོན་ཆེད་རྒྱ་དམག་ལ་འགོག་རྒོལ་བྱེད་མཁན་རྡོ་རྗེ་གཡུ་སྒྲོན། རྒྱ་རི་ཚང་འཆི་མེད་སྒྲོལ་མ། ཨ་ནེ་འཕྲིན་ལས་ཆོས་སྒྲོན། ལྷ་ཀླུ་ལྷ་ལྕམ། རྒྱ་གར་གྱི་དམག་མིའི་ནང་ཞུགས་པའི་བོད་རིགས་བུད་མེད་དམག་མི། ད་དུང་འབྲས་ལྗོངས་ཀྱི་བཙུན་མོ་ཡེ་ཤེས་སྒྲོལ་མ་དང་། དབྱིན་ཡིག་ནང་རང་གི་དཔེ་དེབ་འདོན་སྤེལ་བྱེད་མཁན་བོད་ཀྱི་བུད་མེད་དང་པོ་རིན་ཆེན་ལྷ་མོ་སོགས་བོད་ཀྱི་བུད་མེད་གྲགས་ཅན་མང་པོ་ཞིག་གིས་ལོ་རྒྱུས་གསུངས་གནང་སོང་།དེའི་རྗེས་ཉིན་རྒྱབ་ཏུ། བོད་དང་འབྲེལ་བའི་ཞིབ་འཇུག་གནང་མཁན་གཞོན་སྐྱེས་ཉམས་ཞིབ་པ་བཞི་ཡིས་བརྗོད་གཞི་དཔེར་ན། ལྷོ་ཨེ་ཤ་ཡའི་ནང་གི་བོད་མིའི་འཚོ་ཐབས་ཀྱི་དཀའ་ངལ། བོད་འབྲས་གཉིས་ཀྱི་འབྲེལ་ལམ་དང་རུམ་སྟེགས་དགོན་དང་རྒྱལ་དབང་༧ཀརྨ་གཉིས་ལ་དབྱེ་ཞིབ།  བོད་རྩོམ་འགྱུར་མ་དང་དེའི་ཁྱད་ཆོས། ད་དུང་བཙན་བྱོལ་བོད་མིའི་མི་ཚེའི་ལོ་རྒྱུས་ལས། བོད་དང་དེའི་མཚོན་དོན་དང་ངོ་བོ་ལ་བསྐྱར་ཞིབ་སོགས་བརྗོད་གཞི་འདྲ་མིན་ཐོག་རྩོམ་ཡིག་སྒྲོག་སྦྱང་གནང་ཡོད།

ད་ལན་ཚོགས་འདུར་རྩོམ་ཡིག་སྒྲོག་སྦྱང་གནང་མཁན་ཀ་ལི་ཀ་ཏ་གཙུག་ལག་སློབ་གྲྭ་ཆེན་མོར་དཔལ་འབྱོར་རིག་པའི་དགེ་རྒན་གཞོན་པ་གནང་བཞིན་པའི་བཀྲ་ཤིས་ཕུན་ཚོགས་ལགས་ལ། ཁོང་གི་ཞིབ་འཇུག་དང་འབྲེལ་བའི་ཐོག་བཅར་འདྲ་བྱེད་དུས། ཁོང་གིས་“ངའི་ཞིབ་འཇུག་གི་བརྗོད་སྙིང་གཙོ་བོ་ནི། སྔོན་མ་ནས་ང་ཚོ་བཙན་བྱོལ་བོད་མིའི་འཚོ་བ་སྐྱེལ་སྟངས་ལ་མཚོན་ན། མང་ཆེ་བའི་འཚོ་ཐབས་ནི་ཞིང་ལས་དང་། བཟོ་གྲྭ། མཉམ་འབྲེལ། དགུན་ཚོང་(སུད་ཚོང་།) སོགས་ཆགས་ཀྱིན་ཡོད་ནའང་། ད་ལྟའི་དུས་ཚོད་ནང་མང་ཆེ་བ་ཞིག་ཉམས་དམས་སུ་ཕྱིན་ཡོད་པ། དཔེར་ན། ཞིང་ལས་དང་བཟོ་གྲྭ། མཉམ་འབྲེལ་སོགས་ཆགས་བསྡད་ཡོད། གོང་གི་འཚོ་ཐབས་འདི་དག་རིམ་བཞིན་བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་རྒྱུའི་ནུས་པ་མེད་པ་འདྲ་བོ་ཆགས་བསྡད་ཡོད། ང་ཚོ་ནམ་རྒྱུན་བཙན་བྱོལ་བོད་མི་ཚོས་གལ་ཆེན་བརྩི་བཞིན་པའི་སུད་ཚོང་ལྟ་བུ་ལ་མཚོན་ནའང་། གནམ་གཤིས་དང་དཔལ་འབྱོར། ས་ཆ་སོགས་གང་ཅིའི་ཐད་ནས་དཀལ་ངལ་འཕྲད་ཀྱིན་ཡོད་པ་དང་། དཀའ་ངལ་དེ་སེལ་རྒྱུར་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་རོགས་དངུལ་དང་བུན་གཡར་སོགས་ལས་འགུལ་འགའ་རེ་སྤེལ་ཡོད་ཀྱང་། ངས་བསམ་ན། འདི་དག་ཀྱང་ཡུན་རིང་པོ་གནས་ཀྱིན་རེད་བསམ་གྱིན་མི་འདུག བྱས་ཙང་གནས་སྟངས་དེ་འདྲ་ཞིག་གི་འོག་ནས། བོད་རིགས་གཞོན་སྐྱེས་མང་པོ་ཞིག་རང་གི་གཞིས་ཆགས་ཀྱི་ས་ཁོངས་ནས་མར་དོན་ཏེ། ལས་ཀ་འཚོལ་བར་ཕྱི་ལོགས་ལ་འགྲོ་དགོས་པ་ཆགས་ཡོད། དེ་ཡང་བརྒྱ་ཆར་གཞིགས་ན་སུམ་བཅུ་དང་ལས་མེད་ཀྱི་བརྒྱ་ཆ་ནི། ༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་གཤེར་ལྟར་བྱས་ན། བརྒྱ་ཆ་༡༧ ཙམ་ཆགས་བསྡད་ཡོད། དེ་ཡང་ཕྱི་ལོགས་ལ་སྡོད་ནས་ལས་ཀ་བྱ་རྒྱུ་དེ་ལས་སླ་པོ་ཞིག་མེད་པ་དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། ལས་མེད་ཀྱི་གྲངས་འབོར་མང་པོ་ཡོད་པའི་སྒང་བོད་རིགས་གཞོན་སྐྱེས་ཚོའི་འཚོ་བ་སྐྱེལ་རྒྱུ་ཁག་པོ་ཆགས་ཡོད། དེར་བརྟེན་གནས་སྟངས་དེ་འདྲའི་འོག་མཐའ་མ་ཕྱི་རྒྱལ་ལ་འགྲོ་རྒྱུ་ལས་ཐབས་ལམ་གཞན་མེད་པ་ལྟ་བུ་འགྱུར་ཡོད། གནས་ཚུལ་འདི་རིགས་ངས་བོད་མིའི་སྒྲིག་འཛུགས་ངོས་ནས་ཧ་མ་གོ་བ་རེད་བསམ་གྱིན་མི་འདུག་ལ། གཞུང་ཕྱོགས་ནས་ཀྱང་བོད་རིགས་གཞོན་སྐྱེས་ཚོར་དཔལ་འབྱོར་གྱི་རོགས་སྐྱོར་དང་ཚོང་གི་ཆེད་བུན་གཡར་བཏང་བ་སོགས་ལས་འགུལ་སྐོར་ཞིག་སྤེལ་ཡོད་ཀྱང་། རྒྱ་གར་མི་སེར་ལག་འཁྱེར་མེད་པ་དང་ཚོང་རྒྱག་པའི་ཆོག་མཆན་མེད་པ་སོགས་དཀའ་ངལ་སྣ་མང་ཞིག་འཕྲད་ཀྱིན་ཡོད་ལ། དཀའ་ངལ་འདི་དག་སེལ་རྒྱུར་རྒྱ་གར་གཞུང་དང་འབྲེལ་བ་བྱ་རྒྱུ་གལ་ཆེན་ཆགས་ཡོད། རྒྱ་གར་གཞུང་ནས་ཀྱང་དཀའ་ངལ་འདི་དག་སེལ་རྒྱུར་རྒྱུན་རིང་པོ་ཞིག་ནས། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ (Tibetan Rehabilitation Policy 2014) ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་ཀྱང་། འདིས་དངོས་ཡོད་བཙན་བྱོལ་བོད་མིའི་འཚོ་བའི་དཀའ་སྡུག་སེལ་རྒྱུར་ལག་ལེན་ཇི་ཙམ་གཏོང་གིན་ཡོད་མེད་གསལ་པོ་མེད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་གལ་ཏེ་སྲིད་བྱུས་དེ་ལག་བསྟར་བྱེད་པའི་དབང་དུ་བཏང་ནའང་། དེའི་ཚོང་རྒྱག་ཆོག་པའི་ཆོག་མཆན་ལྟ་བུ་བོད་མིའི་གཞི་རྩའི་འཚོ་ཐབས་ཀྱི་དཀའ་ངལ་ཡང་སེལ་མ་ཐུབ་པ་དང་ད་ལྟ་དམིགས་བསལ་རྒྱ་གར་གཞུང་གི་རོགས་རམ་སོགས་མེད་དུས། བོད་མི་རྣམས་རང་གི་ས་ཁོངས་ཀྱི་ཕྱི་ལོགས་ལའང་འཚོ་བ་སྐྱེལ་རྒྱུ་ཁག་པོ་ཆགས་བསྡད་ཡོད།” ཅེས་བརྗོད་བྱུང་།དེའི་རྗེས་ད་ལན་གྱི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་གྲུབ་མཚམས་སུ། ཚོགས་འདུར་ཐེངས་གཉིས་མཉམ་ཞུགས་གནང་མཁན་ལྡི་ལིར་ཡོད་པའི་ཞི་བདེ་དང་རྩོད་རྙོག་ཉམས་ཞིབ་བསྟི་གནས་ཁང་(Institute of Peace and Conflict Studies )གི་རྒྱ་ཡིག་ཚན་པར་ཕྱག་ལས་གནང་བཞིན་པའི་དཔལ་ལྡན་བསོད་ནམས་ལགས་ལ། ཚོགས་འདུའི་སྒྲོམ་གཞི་དང་བརྗོད་གཞི་གཏན་འབེབས་བྱེད་སྟངས་སྐོར་དགོངས་ཚུལ་ཡོད་མེད་སྐད་ཆ་དྲིས་དུས། ཁོང་གིས་ད་ལན་གྱི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་འདི་སྔོན་མ་དང་མ་འདྲ་བར། བོད་དང་འབྲེལ་བའི་བརྗོད་གཞི་ཁེ་གཙང་གཅིག་གི་ཐོག་མཁས་དབང་གདན་ཞུ་བྱེད་སྟངས་དེ་མ་འདྲ་བ་ཞིག་ཆགས་བསྡད་འདུག་ལ། ཞོར་དུ་ཁོང་གིས་ “དེ་རིང་འཇམ་དབྱངས་ནོར་བུ་ལགས་ནས་བོད་ཀྱི་བུད་མེད་དང་འབྲེལ་བའི་སྐོར་གསུངས་པའི་ལོ་རྒྱུས་འདི་དག་ང་ཚོས་དུས་རྒྱུན་ཐོས་བཞིན་པ་དང་སློབ་གྲྭའི་ནང་སྦྱངས་པའི་ལོ་རྒྱུས་འདི་དག་དང་འདྲ་གི་མེད་པ་དང་། དམིགས་བསལ་བོད་ཀྱི་བུད་མེད་སྤྱི་དང་ཡང་སྒོས་རྒྱ་དམག་ལ་འཐབ་འཛིང་བྱེད་མཁན་གྱི་བུད་མེད་གྲགས་ཅན་དཔེར་ན་སྙེ་མོ་ཨ་ནེ་ལྟ་བུའི་ལོ་རྒྱུས་ཤེས་ཡོང་དུས། ང་རང་ཚོའི་སོ་སོའི་ངོ་བོ་དང་ལྟ་ཕྱོགས་ལ་ཁྱད་པར་ཆེན་པོ་བཟོས་ཀྱིན་འདུག་བསམ་སོང་” ཞེས་བརྗོད་བྱུང་།

གནས་ཚུལ་མཁོ་གཏོང་བ་གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese