༧གོང་ས་མཆོག་གི་སྐུའི་སྙུན་གཞི་ཧ་ཅང་ཡག་པོ་དྲག་སྐྱེད་བཞེས་ཡོད་པས་སང་ཉིན་ཕྱི་ཚེས་ ༡༢ ཉིན་སྨན་ཁང་ནས་ཐོན་གནང་གི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གློ་ཚད་ཅུང་ཙམ་བཞེས་ཏེ་ལྡི་ལི་མེག་སི་(MAX)སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་ཀྱང་། དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ། སྐུའི་སྙུན་གཞིའི་གནས་སྟངས་ག་འདྲ་ཡོད་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་ཧ་ཅང་ཡག་པོ་བྱུང་ཡོད་སྟབས། སང་ཉིན་ཕྱི་ཚེས་ ༡༢ ཉིན་སྨན་ཁང་ནས་ཕྱིར་ཕེབས་རྒྱུ་ཡིན་པ་དང་། དེ་ནས་ལྡི་ལི་རུ་ཉིན་གཉིས་གསུམ་སྐུ་ངལ་གསོས་རྗེས། ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་སྐོར་གསུངས་བྱུང་།
ཟླ་འདིའི་ཕྱི་ཚེས་༤ ནས་༦ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལི་ཁུལ་གྱི་See Learning བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་རྒྱལ་སྤྱི་རང་བཞིན་གྱི་ཐོག་ནས་དབུ་འབྱེད་དང་མཁས་པའི་བགྲོ་གླེང་སོགས་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༨ ཉིན་གྱི་ཉིན་གུང་གྷ་གྷིལ་གནམ་ཐང་བརྒྱུད་ཕྱིར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་ཀྱང་། ཉིན་དེའི་དགོང་མོ་ནས་སྐུ་གཟུགས་བདེ་མིན་གྱི་གནས་སྟངས་བྱུང་བའི་རྐྱེན་གྱིས་ཚེས་༩་ཉིན་སླར་ཡང་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་དགོས་བྱུང་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།