ཁ་སང་ཕྱི་ཚེས་ ༣ ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་ཨརྱ་ཚེ་དབང་རྒྱལ་པོ་ལགས་དྲིལ་བསྒྲགས་དྲུང་ཆེ་དང་། དབུས་སྣེ་ལེན་ཁང་གི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་སྟེ། དྲུང་ཆེ་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་ཟིན་ཏེ་དྲུང་ཆེ་གསར་པའི་ལས་འཁུར་དབུ་འཛུགས་གནང་འདུགའདི་གའི་གསར་འགོད་པས་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་རྩིས་སྤྲོད་རྩིས་ལེན་ག་འདྲ་བྱུང་ཡོད་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན། དེ་སྔོན་ཉི་ཧོང་དོན་གཅོད་དང་ལྡི་ལི་དོན་གཅོད་སོགས་ཀྱི་ནང་དྲུང་ཆེའི་ཕྱག་ལས་གནང་བ་དང་། ཉི་ཧོང་དོན་གཅོད་ཀྱི་དྲུང་ཆེའི་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་འཛུགས་ཐུབ་པ་བྱུང་བ་དང་བོད་དོན་སྐོར་ནས་གཞན་ལ་འབྲེལ་བ་བྱ་རྒྱུ་བྱུང་། དེ་བཞིན་ལྡི་ལི་དོན་གཅོད་སྐབས་རྒྱ་གར་གཞུང་དང་ཕྱི་རྒྱལ་གཞུང་ཚབ་ཁག་ལ་འབྲེལ་བྱུང་ཡོད་སྟབས། བཀའ་ཤག་ངོས་ནས་ཉམས་མྱོང་དེ་དག་ཚང་མར་གཟིགས་ཏེ་དྲིལ་བསྒྲགས་དྲུང་ཆེར་བསྐོས་པ་ཡིན་རྒྱུ་རེད་དྲན་ཡོད། དེ་འདྲ་ཡིན་དུས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་ངོས་ནས་ཐུགས་རེ་གནང་བ་དང་ལས་གནས་སྤར་བ་དེ་བཀའ་དྲིན་ཆེན་པོ་ཞེ་དྲག་རེད་ལ། བཀའ་ཤག་གིས་ཐུགས་རེ་གནང་བ་ནང་བཞིན་ཐུབ་ཀྱི་ཡོད་མེད་གང་ཤེས་ཏེ་ད་ལྟ་བར་དུ་ཧུར་ཐག་གིས་འབད་བརྩོན་བྱས་པ་བཞིན་མ་འོངས་པར་མུ་མཐུད་འབད་བརྩོན་ཧུར་ཐག་ཞུ་དགོས་བསམ་ཡོད། ཅེས་གསུངསས་བྱུང་།
མ་འོངས་པར་ལས་དོན་གནང་ཕྱོགས་ཐད་འཆར་གཞི་དང་དམིགས་ཡུལ་ག་རེ་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་ན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཚང་མ་གནད་འགག་ཆེན་པོ་ཞེ་དྲག་ཡིན་ན་ཡང་། ང་རང་ཚོའི་བོད་ཤོར་བ་དང་ད་ལྟ་བར་བོད་ལ་དཀའ་ངལ་ག་རེ་བྱུང་བ་དེ་བོད་པ་ཚོ་ལུང་པ་ཁུག་ཀྱོག་ཅིག་ཏུ་བསྡད་དེ་ཕྱི་ལ་འབྲེལ་བ་དང་དྲིལ་བསྒྲགས་སོགས་མ་བྱུང་བའི་རྐྱེན་གྱིས་ཡིན་པ་དང་། དེ་ཡི་རྐྱེན་གྱིས་རྒྱ་ནག་གིས་ཁེ་ཕན་བླངས་ཏེ་ཕྱི་ལོག་ལ་བོད་དེ་རྒྱ་ཁུངས་ཡིན་པ་སོགས་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ་ང་ཚོར་གྱོང་ཆེན་པོ་ཞིག་བྱུང་ཡོད་སྟབས། དྲིལ་བསྒྲགས་ལས་ཁུངས་ངོས་ནས་ང་རང་ཚོའི་གནས་ཚུལ་གཅིག་པུ་ཕྱི་ལ་བཀྲམས་པ་ཙམ་མ་ཡིན་པར། བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་ག་རེ་ཡིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲིལ་བསྒྲགས་ཤུགས་ཆེར་བྱེད་རྒྱུ་དང་། གཞན་རྒྱ་ནག་གཞུང་གིས་དེང་སང་འཁྱོག་བཤད་དང་དཀྲོག་གཏམ་མང་པོ་ཞིག་སྤེལ་བསྡད་ཡོད་དུས། དེ་དག་ཚང་མར་གདོང་ལེན་དང་དུས་ཐོག་ལ་ལན་འདེབས་བྱ་དགོས་ཡོད་པས། དྲིལ་བསྒྲགས་དེ་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། དྲིལ་བསྒྲགས་ལས་ཁུངས་ལ་དེ་སྔོན་ནས་གནས་ཚུལ་དེ་དག་བརྒྱུད་སྤེལ་བྱེད་ས་བརྙན་འཕྲིན་དང་དྲ་རྒྱ། སྤྱི་ཚོགས་བརྒྱུད་ལམ་དང་ཚགས་ཤོག་ཁག་ཡོད་པ་བཞིན། མ་འོངས་པར་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སྟེང་ནས་དེ་དག་མུ་མཐུད་ཡར་རྒྱས་དང་ཚགས་ཚུད་ཡོང་བ་བྱས་ཏེ། གཏོང་སྟངས་གཏོང་ལུགས་ཐད་ལམ་ལུགས་ཡོད་པ་ཞིག་ཆགས་ཐུབ་པ་ཡོང་བའི་ཆ་ཤས་ཤིག་སེམས་ནང་འཁོར་བསྡད་ཡོད། ཅེས་གསུངས་བྱུང་།
རྩིས་སྤྲོད་རྩིས་ལེན་ག་འདྲ་བྱུང་ཡོད་པའི་སྐོར་ལ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ང་རང་ལ་མཚོན་ན། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྟེ་ངོ་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་དང་། སྤྱིར་ན་ཕྱི་ལོག་སོགས་སུ་སོང་ནས་ལས་ཀ་ལས་རྒྱུ་དང་དངུལ་གསོག་རྒྱུའི་གོ་སྐབས་ཚང་མ་ལ་རག་གི་ཡོད་པ་ལྟར་ང་རང་ལ་ཡང་རག་སོང་མོད། ང་རང་གི་ཐོག་མའི་དམིགས་ཡུལ་དང་ཕ་མ་དང་གཉེན་ཉེ་ཚང་མའི་རེ་བ་བཞིན་བོད་མིའི་སྒྲིག་འཛུགས་ལ་ལས་ཀ་བྱས་ན་ཡག་པོ་ཡོད་པ་དང་། ཕྱི་ལོག་ཏུ་སོང་ནས་ལས་ཀ་བྱེད་རྒྱུ་དེ་དངུལ་གཙོ་བོར་འཛིན་པའི་ལས་ཀ་ཞིག་ཡིན་དུས། དེ་ལས་སྤྱི་པའི་ལས་དོན་ཐོག་ཕྱག་ལས་གནང་ན་ཕན་ཐོགས་དང་ཕ་མ་དང་ནང་མིའི་རེ་བ་ཡང་དེ་ཡིན་སྟབས། མ་འོངས་པར་མུ་མཐུད་ག་ཚོད་བར་སྤྱི་པའི་ལས་དོན་ཐོག་ཐུགས་ཕན་གསོས་པ་བྱུང་རག་བར་སྤྱི་དོན་སྒྲུབ་རྒྱུའི་དམིགས་ཡུལ་ཡོད། ཅེས་གསུངས་བྱུང་།
མ་འོངས་པར་ལས་དོན་ཐད་དམིགས་ཡུལ་དང་འཆར་གཞི་ཅི་ཡོད་སྐོར་ལ་ཁོང་གིས། སྤྱིར་ན་རྩིས་སྤྲོད་རྩིས་ལེན་དེ་ལས་བྱེད་རྙིང་པས་གསར་པར་རྩིས་འབུལ་དང་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་ངོ་སྤྲོད། དེ་བཞིན་ལས་ཁུངས་ནང་དུ་ལས་བྱེད་ཚོས་ལས་ཀ་བྱེད་ཕྱོགས་དང་ལས་ཁུངས་ནང་སྡེ་ཚན་ཁག་ག་ཚོད་ཡོད་མེད་སོགས་རྩིས་ལེན་བྱ་སྲོལ་ཡོད་པ་ལྟར། ང་རང་ལ་མཚོན་ན་རྩིས་སྤྲོད་རྩིས་ལེན་དཔེ་ཡག་པོ་དང་འདོད་པ་ཁེངས་པ་ཞིག་བྱུང་སོང་བསམ་ཡོད། རྩ་བའི་འཕྲོད་བསྟེན་ལས་ཀ་དེ་ཧ་ཅང་གཞི་རྒྱ་ཆེན་པོ་ཡིན་པ་དང་། སྡེ་ཚན་ཆེན་པོ་དྲུག་བདུན་ཞིག་གི་ནང་མི་མང་གི་འཕྲོད་བསྟེན་དང་སྨན་བཅོས་ལྟ་སྐྱོང་དང་འབྲེལ་བའི་འཆར་གཞི་ཆེན་པོ་མང་པོ་ཞིག་ཡོད་པ་རེད། ད་ལྟའི་ཆར་རྩིས་ལེན་རྩིས་སྤྲོད་བྱས་ཏེ་ཉིན་ཁ་ཤས་ལས་འགྲོ་ཡི་མེད་དུས་ལས་གཞི་གསར་པ་འདི་འདྲ་ཞིག་བྱ་དགོས་བསམ་པ་གང་ཡང་བྱུང་མ་སོང་ན་ཡང་། བཀའ་ཤག་དང་འཕྲོད་བསྟེན་བཀའ་བློན་མཆོག་གི་དགོངས་པར་ག་རེ་ཡོད་པ་སྟེ་ད་ལྟ་ཡོད་པ་དེ་སྲ་ཐག་ཐག་ཅིག་མཇུག་སྐྱེལ་དགོས་བསམ་ཡོད། དེ་བཞིན་ག་ལེར་ཉམས་མྱོང་བསག་གིན་ཚོགས་འདུ་སོགས་ཚོགས་ཏེ་ལས་གཞི་ག་རེ་ཐོན་པ་ཡིན་ནའང་མི་མང་ལ་དངོས་ནས་ཕན་ཐོགས་པ་ཞིག་ཡིན་ན་ལག་བསྟར་བྱེད་དགོས་བསམ་ཡོད། ཅེས་གསུངས་བྱུང་།དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནི། ཕྱི་ལོ་ ༡༩༦༩ ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་སུ་སྐྱེས་ཤིང་། ཆུང་དུས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཐོན་རྗེས་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་བསྟན་བཅོས་(Shastri)དང་སློབ་དཔོན་(Acharya )ཐོན་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་ཀ་སྦུག་བདེ་དོན་ལས་རོགས་སུ་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༡ ཉིན་ལས་བྱེད་ངོ་མར་བསྐོ་གཞག་གིས་ཀ་སྦུག་ས་གནས་མགོ་འཛིན་དང་། ལས་འགན་རང་འཇགས་ཐོག་དྲུང་ཆེ་གཞོན་པར་གནས་སྤར། ༢༠༠༡ ལོར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དུ་བསྐོས། ༢༠༠༢ ནས་ ༢༠༠༦ བར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ས་མགོ་དང་། ཕྱི་ལོ་༢༠༠༦ ནས་ ༢༠༠༧ བར་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན། ཕྱི་ལོ་ ༢༠༠༧ ལོར་རྡོར་གླིང་ས་གནས་མགོ་འཛིན། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༦ ཉིན་ཟུང་དྲུང་གནས་རིམ་ཐོག་གནས་སྤར་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༡ ལོར་ལྡི་ལི་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ལོར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ཉིན་དྲུང་འཕར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་དབུས་སྣེ་ལེན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་ཡོད་འདུག
དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི། ཕྱི་ལོ་ ༡༩༦༥ ཟླ་ ༦ ཚེས་ ༡༠ ཉིན་སྐྱེས་ཤིང་། མ་སུ་རི་གཏན་སློབ་ཐོན་རྗེས་རྒྱ་གར་པན་ཇབ་མཐོ་སློབ་ནས་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་རྗེས། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་ན་མ་ལ་ཡི་མཐོ་སློབ་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ལྡི་ལི་མཐོ་སློབ་ནས་ཉི་ཧོང་སྐད་ཡིག་དང་། Chiyoda College of Business,Tokyo ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༤ ནང་དཔལ་འབྱོར་ལས་ཁུངས་ནང་ཐོག་མར་ཕྱག་ལས་གནང་བ་ནས་བཟུང་ལས་འགན་འདྲ་མིན་ནང་ཕྱག་ལས་གནང་བའི་ཁོངས་ནས་གཙོ་ཆེ་ཤོས་ཡིད་ཆེས་དགེ་རྩའི་ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་། ལྡི་ལི་དཔལ་འབྱོར་པར་སྐྲུན་ཁང་གི་འགན་འཛིན་སོགས་གནང་། ཕྱི་ལོ་ ༢༠༠༥ ལོར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་བོད་ཀྱི་གསར་འགྱུར་ཚན་པའི་འགན་འཛིན་གནང་མུས་ཐོག ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ནས་དྲིལ་བསྒྲགས་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
མཚམས་འདྲི་ཞུ།
བྱ་བ་ལམ་འགྲོ་ཡོང་བའི་སྨོན
སྐོུ་རྣམ་པ་གཉིས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ང་རང་ལ་མཚོན་ན། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྟེ་ངོ་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་དང་། འདི་རིགས་ཚང་མ་རང་གིས་རང་ལ་ཞེ་སའི་ཚི་རེད།