ལྷ་རུའི་བུ། ༼ལ་དྭགས།༽
སང་ཉིན་དཔོན་པོས་དཔོན་ཉམས་བསྟན་ནས་བདག་ལ་གཤེ་ནའང་ཆོག གནངས་ཉིན་མི་ངན་ཁ་རུབ་བྱས་ཏེ། བདག་གི་མདུན་ལམ་མེད་བརླག་ཏུ་གཏང་ནའང་སླ། ངས་དེ་རིང་གནས་ལུགས་དང་རྒྱུ་མཚན་སྲོག་གི་སྙིང་པོར་བཟུང་ནས། དྲང་པོའི་ཚིག་གསུམ་གཡས་འཁྱོག་གཡོན་འཁྱོག་མེད་པར་གཟུ་བོ་བློས་མ་བཤད་ན། གོམས་གཤིས་ངན་པ་ཞིག་རྒྱ་ཡན་ལ་ཤོར་ཉེན་ཆེ། མི་རིགས་ཤིག་གི་མི་སྡེ་ཞིག་མལ་ས་ནས་ནམ་ཡང་གཉིད་ནས་ཕུང་བའི་ཉེན་ཁ་ཆེ། ད་དུང་རིན་ཐང་ཅི་ཡང་མེད་པའི་སྐད་ཆ་རྫུན་མ་རྫུན་མ་ཞིག་ལ་དམངས་ཀྱི་མགོ་བོ་རྦད་དེ་འཐོམ་ན། བདེན་པ་དང་གནས་ལུགས་ཀྱི་བཞིན་རས་ཀྱི་ཉིན་བྱེད། སྤྲིན་ནག་གི་གྲིབ་གཡོགས་ལ་ཡོངས་སུ་ནུབ་ནས། མི་རིགས་ཤིག་གི་མི་རབས་མང་པོས་ཚེ་སྲོག་དང་ཤེས་ཡོན་གྱི་རིན་ཐང་གཞལ་བྱའི་ཡུལ་ལ་ནམ་ཡང་མེད་འགག་གི་ངོ་བོར་གྱུར་ཉེན་ཤིན་ཏུ་ཆེ། དེས་ན་ངས་དེ་རིང་རང་ཉིད་སྒེར་གྱི་བསམ་ཚུལ་རེ་ཟུང་ནག་པོ་ཡི་གེར་ཕབ་ནས། རྨོངས་གཉིད་དང་ཞེ་འཁོན་གྱི་གཟིར་བའི་མི་བུ་འུ་ཐུག་ཅན་ཁ་ཤས་ཀྱི་གདོང་ལ་ཐད་ཀར་གཏད་ནས་བཤད་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ཀྱང་རང་གི་རྣ་བར་ལས་ཀ་ཅུང་ཙམ་སྐུལ་ཅིག ནང་གི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་སྤྱད་ནས་རང་གིས་བྱེད་ཕྱོགས་ལ་ལམ་ཙམ་ཞུན་ཐར་བྱོས་ཤིག
བོད་ཕྲུག་ཁྱིམ་སྡེ་ནི། བྱིས་པ་ན་གཞོན་མང་པོའི་ཤེས་ཡོན་གྱི་ནོར་མཆོག་སྦྱིན་མཁན་དང་། རིག་གཞུང་གི་བསམ་བློ་སྐྱེད་སྲིང་བྱ་སའི་ཤེས་རིག་ནོར་བུའི་དོ་ར་ཞིག་ཡིན་པ་བདག་གིས་སྨྲོས་ཅི་ལ་དགོས། འདས་པའི་རང་རེའི་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་ལོ་རྒྱུས་ཀྱི་ཤུལ་ལམ་ཁྲོད། ཤེས་ཡོན་སློབ་གསོའི་སྟེང་ལ་བྱས་པ་ཅན་གྱི་ཚོགས་པ་ཞིག་བཙལ་དགོས་ན། བོད་ཕྲུག་ཁྱིམ་སྡེ་ལྟ་བུའི་ཚོགས་པ་རེ་ཟུང་ཞིག་ལས་མེད། དུས་དེང་སང་ཡིན་ནའང་བཙན་བྱོལ་གྱི་སློབ་ཕྲུག་ཕལ་མོ་ཆེ་ནི། རྡ་ས་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་ནས་ཤེས་ཡོན་གྱི་གོ་སྐབས་ཕུལ་དང་འབུལ་བཞིན་ཡོད། དེ་ནི་སུས་ཀྱང་བསྙོན་དུ་མེད་པའི་བདེན་དོན་ཞིག་རེད། འོན་ཀྱང་འདུས་བྱས་སོ་ན་མི་གནས་པ་ཆོས་ཉིད་ལ་སོང་། དུས་ཀྱི་འགྱུར་འགྲོས་དང་། རང་རེའི་བཙན་བྱོལ་སྤྱིའི་འཚོ་བའི་གནས་བབ་ལ་འགྱུར་བག་གིས། དེ་སྔོན་གཏོང་ཕོད་ཅན་གྱི་སྒེར་དང་རོགས་ཚོགས་ཀྱིས། གནས་སྟངས་ལ་གཞིགས་པའི་རོགས་སྐྱོར་བྱེད་ཕྱོགས་ལ་ཤུགས་ཆེའི་འཕོ་འགྱུར་ཕྱིན་ཡོད་པ་ཉེ་བའི་ལོ་ཟླའི་ནང་བོད་ཁྱིམ་གྱི་འགན་འཛིན་གྱིས་བརྒྱུད་ལམ་ཁག་ནས་གསལ་བཤད་མཐིལ་ཕྱིན་བྱས་པ་ལས་རྟོགས་སླ། མ་འོངས་པར་བྱས་པ་ཅན་གྱི་ཚོགས་སྡེ་དེ.། རྒྱུན་གནས་དང་ཚགས་ཚུད་སྲ་བརྟན་སླད་འབྲེལ་ཡོད་དབུས་བོད་མིའི་སྒྲིག་འཛུགས་དང་། སློབ་ཕྲུག་གི་ཕ་མ། སློབ་ཟུར་ཡོངས་རྫོགས། དེ་བཞིན་ད་ཡོད་བོད་ཁྱིམ་གྱི་ལས་ཀྱི་སྣེ་མོ་བ་སོགས། ལས་བྱེད་མཆིས་སོ་ཅོག་གིས་དུས་དང་མཐུན་པའི་མནོ་བསམ་ཞིབ་མོ་བྱ་དགོས་པ་ནི། དོན་གྱི་སྙིང་པོ་འདོར་དུ་མེད་པ་ཞིག་རེད་ལ། བསམ་གཞིག་བྱེད་དགོས་པ་ཞིག་ཀྱང་རེད། དེ་དག་ནི་སྤྱི་བཤད་ཙམ་ཡིན།
ཁྱད་པར་སྐབས་དོན་གླེང་བར་བྱ་བ་ནི། གོང་སྨོས་འགྱུར་འགྲོས་ཀྱི་གནས་སྟངས་ལ་དགོངས་ནས། འདི་ལོ་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ཀྱི་བོད་ཁྱིམ་ཡན་ལག་སློབ་གྲྭ་ཀུན་གྱི་ལས་ཀྱི་སྣེ་མོར་གཏོགས་པའི་འགན་འཛིན་ཚོགས་མི་སོགས་ལས་གྲུབ་པའི་འཛིན་སྐྱོང་འཕེལ་རྒྱས་ཚོགས་འདུའི་ནང་། འདི་ལོ་ནས་རིན་མེད་སློབ་ཡོན་གྱི་གོ་སྐབས་བླང་བཞིན་པའི་སློབ་ཕྲུག་གི་ཕ་མའི་ས་ནས་རང་གི་ཕྲུ་གུའི་འགན་ལེན་མཚོན་ཆེད། ཟླ་རེར་ཧིན་སྒོར་༢༠༠རེ་བསྡུ་རྒྱུའི་ཐག་གཅོད་བྱས་ཡོད། ཐག་གཅོད་དེ་ནི་བོད་ཁྱིམ་གྱི་ཁེ་ཕན་ཙམ་མ་ཡིན་པར། སྤྱི་ཡོངས་ཀྱི་འབྲེལ་ཡོད་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་ཐག་གཅོད་རྨད་དུ་བྱུང་བ་ཞིག་ཡིན་ནའང་། ཉེ་ཆར་ལ་དྭགས་སུ་མི་མང་མང་པོས་བསམ་གཞིག་མ་ཐུབ་པར། བོད་ཁྱིམ་འཛིན་སྐྱོང་འཕེལ་རྒྱས་ཀྱི་ཚོགས་འདུའི་གྲོས་ཆོད་ལག་བསྟར་ཐད་འགོག་རྐྱེན་ཡོང་བཞིན་ཡོད་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན། ལ་དྭགས་ལྟ་བུར་མཚོན་ན་སྤྱི་ལོ་༡༩༧༥ལོར་བོད་ཁྱིམ་སློབ་གྲྭ་ཐོག་མར་གསར་བཙུགས་བྱས། དུས་དེ་ནས་བཟུང་ད་ལ་ཐུག་གི་བར་གཞིས་ཆགས་ཀྱི་བྱིས་པ་ལོ་ངོ་གསུམ་ལ་སླེབས་རྩ་ན། ཀར་ཀོར་མེད་པར་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་ཡོད་པ་ཙམ་དུ་མ་ཟད། སློབ་མ་སོ་སོའི་འཇོན་ནུས་ཀྱིས་འདང་ན། སློབ་མཐར་མ་ཕྱིན་བར་ཤེས་ཡོན་གྱི་འགྲོ་གྲོན་སྤུ་ཉག་གཅིག་ཙམ་ཡང་གཏོང་མི་དགོས་པར། སློབ་གྲྭའི་གཞུང་ཕྱོགས་ནས་ནར་གཏོང་བྱེད་བཞིན་ཡོད་པ་ནི། བསམ་བརྗོད་ལས་འདས་པའི་གསབ་ཐབས་བྲལ་བའི་བཀའ་དྲིན་གཞལ་དུ་མེད་པ་ཞིག་ཡིན། འདི་ནི་ང་ཚོའི་འདས་པའི་བྱུང་རབས་ནང་རླབས་ཆེན་གྱི་ལས་དོན་འདི་འདྲ་བ་ཞིག་བྱུང་བ་ཐོག་དང་པོ་རེད་སྙམ། འོན་ཀྱང་དེང་སང་ཧི་མ་ལ་ཡའི་ཕར་ཕྱོགས་ནས་རང་རེའི་བོད་ཕྲུག་བཙན་བྱོལ་ལ་ཡོང་མཁན་ཉུང་དུ་སོང་བ་དང་། བཙན་བྱོལ་ནང་ནའང་དེང་སྐབས་བྱིས་པ་སྐྱེ་འཕེལ་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དང་། བོད་མིའི་འཚོ་བའི་གནས་སྟངས་གཞན་དང་ལྟོས་ན། སྔོན་ཆེད་ལས་ཧ་ཅང་དྲག་ཏུ་ཕྱིན་ཡོད་པ་དེས། ཕྱི་ཕྱོགས་ནས་རོགས་སྐྱོར་གྱི་མཐུན་རྐྱེན་འབྱོར་སྤྲོད་བྱེད་མི་ཡང་། ལོ་རེ་ནས་ལོ་རེར་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་འགྲེལ་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་འདི་ལྟའི་གནས་བབ་ཅིག་གི་འོག་ལ་མ་འོངས་པར་བོད་ཕྲུག་ཁྱིམ་སྡེའི་སྒྲིག་འཛུགས་འདི་རྒྱུན་གནས་དང་། སྔར་གྱི་བྱས་བཟང་རྒྱུན་མཐུད་ཐུབ་ཐབས་ལ་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས་པ་ལས། ཁུངས་མེད་ལོང་གཏམ་དང་མཐོ་འཚམ་པའི་སྐད་ཆ་སྣ་ཚོགས་བཤད་ནས། སྤྱིའི་སྒྲིག་འཛུགས་གོང་བུར་གནས་པ་འདི་གཏོར་བརླག་བསམ་ངན་གྱི་སྦྱོར་བ་བྱེད་མི་ཡོངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ལས་ཅི་ཡང་མ་ལྷག རྒྱུ་མཚན་ནི་ནམ་ཡང་རྔོ་མི་ཐོགས་པ་ཞིག་ཡིན། གཞིས་ཆགས་ཀྱི་མགོ་ཁྲིད་ཚོས་ཀྱང་རང་གི་ལས་དོན་ངོ་མ་ནི། ཚིག་ཙམ་དང་ཟེར་སྒྲོས་ཀྱི་རྗེས་སུ་གཡམ་རྒྱུག་མེད་པར། དོན་ལ་དབུལ་ཕྱུག་གནས་སྟངས་ཀྱི་སོ་མཚམས་ལེགས་པར་ཕྱེ་ཤེས་པར་བྱས་ནས། སྤྱི་ཚོགས་ལེགས་ལམ་དུ་འཁྲིད་རྒྱུ་དེ་ཡིན་པ་ལས། གནས་སྐབས་ཀྱི་དཀའ་ངལ་དང་ལ་ལའི་ཟེར་སྒྲོས་ལ་བརྟེན་ནས། བརྟག་ཞིབ་མེད་པར་དངོས་ཡོད་ཀྱི་གནད་དོན་དང་ལེན་མ་བྱེད་པར་བསྐྱུར་རྒྱུ་དེ་མ་ཡིན། ཤིན་ཏུ་ནས་ཡིད་མུག་དགོས་པ་ཞིག་ལ། དེང་སང་གཞིས་ཆགས་ཀྱི་མི་ཐ་ཤལ་ལ་ལ་ནི། གཞན་གྱི་ལག་ནས་རོགས་དངུལ་དང་རོགས་སྐྱོར་གྱི་མཐུན་རྐྱེན་ལེན་རྒྱུ་ཡོད་ན། སྤྱང་ལྟོགས་ལུག་རོར་ཧབ་ཐོབ་བྱེད་པ་བཞིན་འདོད་རྔམ་དང་འཁོན་རྩོད་བྱེད་ཅིང་། ཤེས་ཡོན་དང་ཉམ་ཐག་ལ་ཕན་པ་བྱ་རྒྱུ་ཞིག་ཡོད་ན། ཐམས་ཅད་གཞུང་དང་སྤྱི་པའི་མགོ་ཐོག་ལ་འཇོག་རྐྱང་བྱེད་ཀྱི་ཡོད་པ་ནི། རྒྱུ་འབྲས་དང་བག་མེད་ངོ་ཚའི་གོས་དང་བྲལ་བའི་སྡིག་གྲོགས་ཀྱི་ངང་ཚུལ་ཀུན་ནས་ཚང་པ་ཞིག་རེད། བྱེད་ཕྱོགས་དེ་དག་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་བསམ་བློའི་ལྟ་གྲུབ་ཀྱི་སྒྲོམ་གཞིའི་ནང་རུལ་སུངས་ཀྱི་བྱ་བྱེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་བཏང་དེང་དཔོན་པོའི་མིང་གནས་འཛིན་པ་ཚོས་རོགས་རམ་འཚོལ་རྒྱུ་དང་། རོགས་དངུལ་ཕོན་ཆེ་རྙེད་ན། རང་གི་གཟི་བརྗིད་ཅིག་ལ་རློམ་ནས་ཕྱོགས་ཡོངས་ལ་སྐད་གཟེངས་མཐོ་མཐོ་བྱས་ནས་འུད་སྒྲོག་བྱེད་པ་ནི། མིའི་རིགས་ཀྱི་གཞི་རྩའི་དངོས་པོའི་གནས་ལུགས་དང་འབྲེལ་བའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པའི་རང་རྟགས་དམར་རྗེན་མ་ཞིག་རེད། མི་ལ་དགོས་པ་ནི། དཀའ་སྤྱད་དང་སྡུག་རུས་ཀྱི་ཁྲོད་ནས་མི་ཚེའི་སྙིང་པོ་འཚོལ་ཐབས་དང་། མི་ཚེའི་ནང་གཞན་བརྟེན་དང་། འཚེ་བའི་བྱ་སྤྱོད་མ་ཡིན་པའི་འཚོ་བ་སྲ་ཞིང་འཐས་པ་ཞིག་རག་པའི་ཐབས་བྱ་རྒྱུ་ནི་མང་པོའི་ནང་ནས་གལ་ཆེན་ཞིག་རེད། ནུབ་ཕྱོགས་ཀྱི་ཁྱིམ་བདག་པའི་ཁྲོད་རང་ཉིད་ཇི་ཙམ་ཉམ་ཐག་གི་གནས་སུ་ལྷག་ནས་ཡོད་ནའང་། རང་གི་བྱིས་པའི་ཤེས་ཡོན་གྱི་འགྲོ་གྲོན་དང་། དུས་གསུམ་གྱི་ཟས་གོས་གནས་མལ་གྱི་ཆེད་དུ་རང་ངོས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་སྤྱད་ནས། གཞན་བརྟེན་མེད་པའི་ཐབས་ལམ་འཚོལ་བའི་གོམས་གཤིས་ཡོད་པ་ནི་ངེས་པར་དུ་སློབ་སྦྱོང་བྱ་རིན་ཡོད་པ་ཞིག་རེད་གདའ།
རང་རེའི་སྲོལ་རྒྱུན་གྱི་འཚོ་གནས་གོམས་གཤིས་ནང་རོགས་རམ་ཞེས་པའི་ཐ་སྙད་དེ། དེང་རབས་ཀྱི་རང་རེའི་སྤྱི་ཚོགས་བཞིན་བཀོལ་སྤྱོད་དང་ཆ་རྒྱུས་ཡོད་པ་ཡོངས་ཁྱབ་ཅན་ཞིག་མིན། སྔུན་གྱི་འཚོ་བའི་ཁྲོད་རང་ཁ་རང་གསོ་དང་། བག་མེད་ལོངས་སྤྱོད་མེད་པའི་འཚོ་བ་གཙིགས་སུ་བཟུང་བའི་རང་རེའི་ཕ་མེས་ཡང་མེས་ཀྱི་རིང་ལ། ཕ་ཤུལ་བུ་འཛིན་གྱི་ལྟ་ཕྱོགས་ཡང་དག་ཅིག་ཡིན་ནའང་། སྤྱི་ལོ་༡༩༥༩ལོར་མཐོ་སྒང་བོད་ཀྱི་ཆབ་སྲིད་དབང་བསྒྱུར་ཐད། སྔར་ན་མ་གྲགས་པའི་གནམ་ས་བླ་འོག་བརྗེ་པའི་འཕོ་འགྱུར་བྱུང་སྟབས། འུ་ཚོ་མགོ་ནག་རྩམ་གཟན་པ་མང་པོ་ཕྱི་ཡུལ་དུ་རང་གི་མཁར་གཞིས་ལོངས་སྤྱོད་ཡོད་ཚད་རང་སར་འཕངས་ནས། ཡ་ང་བའི་བཙན་བྱོལ་གྱི་འཚོ་བའི་བརྒྱུད་ལམ་བདམས་པ་དང་སྦྲགས། མི་རིགས་གཞན་གྱི་ལག་ནས་རོགས་དངུལ་གསོལ་རས་མ་ཞུས་ཀ་མེད་ལ་གྱུར་བ་ནི། གནས་ལུགས་དང་འཚམ་པའི་དགོས་མཁོར་དང་ལེན་བྱས་པ་ཞིག་ཡིན་པ་ཀུན་ལ་ཐུན་མོང་དུ་སྣང་བ་བདེན། རོགས་རམ་དེ་དག་གནས་སྟངས་ཤིག་ལ་བརྟེན་ནས་འབྱུང་ཡོད་ནའང་། ནམ་ཞིག་སྦྱིན་ཡུལ་གྱི་གནས་སྟངས་ལ་འཕོ་འགྱུར་འབྱུང་མཚམས། རང་བཞིན་གྱིས་ཡོད་པ་ནས་མེད་པར་འགྱུར་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་རེད། དེ་ལ་ང་ཚོ་འདོད་ཀྱང་རུང་མ་འདོད་ཀྱང་རུང་། འཁོར་བའི་ཆོས་ཉིད་ལ་ཟློག་ཐབས་མེད་པ་ནི། མེ་ལྕེ་ཐུར་དང་ཆུ་མོ་གྱེན་ལ་འདྲེན་མི་སྲིད་པ་དང་གཅིག་འདྲ་རེད། གནད་དོན་འདི་གཙོ་ཆེ་ད་ལྟའི་བོད་ཀྱི་ན་གཞོན་གསར་བའི་སྤྱི་ཚོགས་ཙམ་དུ་མ་ཟད། ཕྱི་ནང་གཉིས་ཀྱི་བོད་མི་རྒན་རབས་པ་ཚོས་ཀྱང་ངེས་ཤེས་བརྟན་པོ་མ་རྙེད་པར་བསམ་གཞིག་རྣལ་མ་བྱེད་དགོས་པ་ཞིག་རེད། ལར་ནས་ནང་བསྟན་ཆོས་ལུགས་ཀྱི་སློབ་གསོའི་ནང་། འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སྤོང་དགོས་པའི་བླང་བྱ་བསྟན་ཡོད། དེ་ནི་རང་ཁ་རང་གསོ་དང་རོགས་རམ་བསླངས་ནས་གཞན་བརྟེན་གྱི་འཚོ་བ་སྐྱེལ་སྟངས་གཉིས་ལས་དང་པོ་དང་ཤིན་ཏུ་འབྲེལ་ཆེ་ཡིན། ལྷག་དོན་ཉེ་ལམ་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་འདུའི་ནང་། བོད་ཕྲུག་ཁྱིམ་སྡེས་སྔ་ཕྱི་མང་པོར་ཟླ་རེར་ཧིན་སྒོར་༢༠༠རེ་བསྡུ་རྒྱུའི་གནས་སྟངས་དེ་ནི། ཕ་མའི་འགན་ལེན་མཚོན་བྱེད་ཙམ་ལས་སློབ་ཡོན་མིན་པའི་གསལ་བཤད་རིམ་པ་དུ་མ་བྱས་ཀྱང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་གནད་ཡོད་མི་སྣས་འབྲེལ་མེད་དོན་གཞན་དུ་རིན་མེད་ཤེས་ཡོན་གྱི་གོ་སྐབས་བསྐྲུན་རྒྱུ་ནི། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་༼ཤེས་ཡོན་སྲིད་བྱུས་༽ཀྱི་དགོངས་དོན་ཞིག་ཡིན་པ་མི་མང་ལ་ལོག་རྟོག་སྤེལ་བའི་སྐད་ཆ་གུང་བསྒྲིགས་ནས་བཤད་པ་དེར་བསམས་ན། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཡིག་ཆའི་དགོངས་དོན་ལ་མེད་པའི་དོན་མིན་ཞིག་ཡོད་པར་འགྲེལ་ལོག་བྱས་པ་ནི། མང་གཙོའི་སྤྱི་ཚོགས་ནང་གི་ནག་ཉེས་ཆེ་ཤོས་ཤིག་ལ་དྲངས་ཆོག་ལ་དྲངས་འོས་པ་ཞིག་ཀྱང་རེད། ༼ཤེས་ཡོན་སྲིད་བྱུས་༽ནི་ལེའུ་བཅོ་ལྔའི་བདག་ཉིད་ཅན་གྱི་ཁྲིམས་མཐུན་གྱི་ཡིག་ཆ་འགངས་ཆེན་ཞིག་ཡིན། དེའི་དངོས་ཤུགས་གཉིས་ཀ་ནས་རྒྱལ་ཁབ་དང་། མི་སྒེར་གང་ཡིན་ནའང་། གཞན་བརྟེན་མ་ཡིན་པའི་རང་ཁ་རང་གསོའི་སྤྱི་ཚོགས་ཤིག་དགོས་པའི་སློབ་གསོ་སྤེལ་གྱིན་ཡོད། དེ་ཡང་གོང་སྨོས་ཡིག་ཆའི་ལེའུ་གསུམ་པ་༼ཤེས་ཡོན་གྱི་དགོས་པ་༽ཞེས་པའི་གཤམ་འཁོད་དོན་ཚན་གསུམ་པའི་ནང་། རང་གི་རྒྱལ་ཁབ་དང་ཡུལ་མི་གཉིས་ཀ་གཞན་གྱི་རོགས་སྐྱོར་ལ་བརྟེན་མི་དགོས་པར་རང་རྐང་ཚུགས་ཐུབ་པ་ཞེས་པ་སོགས་ལས། རང་རེའི་སྒྲིག་འཛུགས་ཀྱི་ཕུགས་ཀྱི་དམིགས་ཡུལ་གང་ཡིན་ལག་གི་རི་མོ་བཞིན་མི་གསལ་བ་གཅིག་ཀྱང་མེད། དེས་ན་དེ་རིང་ད་གཟོད་ཁྱོན་ལོ་ངོ་ཞེ་བཞིའི་རྗེས་ལ་བོད་ཁྱིམ་གྱིས་ལ་དྭགས་ཙམ་མ་ཟད། གཞན་ཡན་ལག་སློབ་ཁག་ཀུན་གྱི་ད་ཡོད་སློབ་ཕྲུག་གི་ཕ་མ་ཚོར་ཟླ་རེར། རང་གི་ཕྲུ་གུའི་འགན་ལེན་མཚོན་པའི་ཧིན་སྒོར་༢༠༠རེ་བསྡུ་རྒྱུའི་འབོད་སྐུལ་གྱི་གསལ་བསྒྲགས་བསྐྱངས་པ་དེ་ནི། ཕྱི་མ་དྲགས་ཀྱང་སྔ་དྲགས་པའི་བྱ་བྱེད་ཞིག་གཏན་ནས་མིན། དེ་དག་ཐམས་ཅད་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པའི་དཔོན་ཆེན་ཚོའི་ཀླད་པའི་ནང་ཕ་ངོ་བུ་དང་། བུ་ངོ་ཕར་འཕྲོད་པ་བཞིན་ངེས་ཤེས་སྐྱེས་པ་ཞིག་ལོས་དགོས། ད་དུང་དེ་མིན་གྱི་གཞིས་ཆགས་ཀྱི་ཉམ་ཆུང་འབངས་མི་དཀྱུས་མ་ཚོས་ཀྱང་ངེས་པར་དུ་ཡིད་ལ་ཆུབ་པ་ཞིག་དགོས།
རྒྱལ་ཁབ་ཅིག་གི་མདུན་ལམ་གསར་བསྐྲུན་བྱ་སའི་སློབ་གྲྭ་ནི། མི་སྡེའི་སྤྱི་ཚོགས་ཀྱི་ནང་ནས་ཆེས་གལ་འགངས་ཆེ་བའི་བསྟི་གནས་ཤིག་ཡིན། དེས་ན་སློབ་གྲྭ་དང་མི་མང་། སློབ་གྲྭ་དང་དགེ་རྒན། སློབ་གྲྭ་དང་སློབ་མའི་ཕ་མ། ད་དུང་སློབ་གྲྭའི་དགེ་རྒན་དང་མི་མང་། སློབ་གྲྭའི་འཛིན་སྐྱོང་དང་མི་མང་གི་མགོ་ཁྲིད་དབར་ཉི་མ་མེ་འགྲོགས་དང་། ཆར་བ་ཆུ་འགྲོགས་བཞིན། བདག་ཉིད་གཅིག་འབྲེལ་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་མེད་ཚེ། སློབ་གྲྭར་བསྐྱོད་འགྱུར་དང་། སྐྱོད་བཞིན་པའི་སློབ་མའི་ཤེས་རིག་འཕེལ་རྒྱས་ལ་གདོན་འགེགས་ཀྱིས་བར་དུ་གཅོད་པའི་བྱ་བ་རྩོམ་པ་བཞིན། སློབ་མར་སྐྱེས་སྦྱངས་ཀྱི་རིག་སྟོབས་ཅུང་ཟད་ཙམ་ཡང་མི་ཆགས་པ་དང་། ཆགས་ཀྱང་ཡུན་དུ་མི་གནས་པ། ཡུན་དུ་གནས་ཀྱང་དགག་ལ་ཐུག་དུས་བཀོལ་སྤྱོད་ཀྱི་ནུས་པ་མི་འཐོན་པ་སོགས་ཡོང་ངེས་པ་དངོས་སྟོབས་རིག་པས་དཔོག་ནུས་པ་ཞིག་ཡིན། ཉེ་ཆར་མི་མང་ཚོམས་ཆེན་དུ་ཚོགས་པའི་ཚོགས་འདུ་དེའི་ཐད་བསམ་ཡུལ་ལས་འདས་པའི་གོད་ཆག་ཕྱིན་ཡོད་པ་བདག་ལ་མྱོང་བ་དངོས་སུ་བྱུང་བ་མ་ཟད། དུས་རྒྱུན་སྤྱི་བའི་དོན་གནད་ལ་དེ་ཙམ་སྣང་བ་མི་གཏད་པའི་དཀྱུས་མའི་གང་ཟག་གི་ཁྲོད་ལའང་བློ་ཕམ་བྱེད་མཁན་མང་པོ་འདུག སྤྱིར་ན་ཚོགས་བཅར་བའི་ཁྲོད་ལ་མང་པོས་གོང་སྨོས་ཧིན་སྒོར་༢༠༠བསྡུ་རྒྱུར་དཀའ་ངལ་ཡོད་ཚུལ་བརྗོད་མཁན་གཅིག་རྗེས་གཉིས་འབྲངས་བྱེད་མི་ཅུང་མང་པོ་འདུག་པས། སློབ་གྲྭའི་བཀའ་དྲིན་ལ་བསམ་ཤེས་ཡོད་མཁན་གྱི་མི་སྡེ་ལ་ལར། རང་གི་མ་སྦས་སེམས་ཀྱི་འཆར་སྒོ་ཚོགས་སུ་སྨྲ་འདོད་བྱུང་འདུག་ཀྱང་། མི་མང་གི་ལག་གིས་བཟློག་པ་བརྡབས་པ་དང་། ཁ་སྒོས་སྐད་ཅོར་བསྐྱོན་པའི་ཚོགས་ཁང་གི་ཁ་དབུགས་ཤིན་ཏུ་བཙོག་དྲགས་པས། སྤོབས་པས་མ་འདང་ནས་རང་གི་འདུག་ས་ནས་ཨོང་ཤ་ཡང་བཀྱགས་མ་ཕོད་པར་ལྷག་མཁན་ཡང་བྱུང་ཡོད་པའི་གཏམ་གང་ས་ནས་ཐོས་རྒྱུ་འདུག དེ་དག་ལ་བསམས་ན་བློ་ཕམ་ཚད་མེད་ཡོང་གི་འདུག དོན་དེ་དག་ལ་བརྟེན་ནས་ད་ལྟའི་སློབ་གྲྭའི་དགེ་རྒན་མང་པོར་ཐུགས་ཕམ་དང་། སློབ་གྲྭའི་འཛིན་སྐྱོང་གིས་སྤྱི་ཡོངས་ལ་སྨན་པའི་ལས་རིམ་དུ་མ་ལག་བསྟར་ཐད་དཀའ་ཁག་ཅིག་འབྱུང་གིན་ཡོད། དེས་ན་འབྲེལ་ཡོད་ཀུན་གྱིས་ཕྱིན་ཆད་ཀྱི་ནོར་འཁྲུལ་ཡོ་བསྲང་དང་། འབྱུང་འགྱུར་གྱི་ལས་དོན་བྱེད་ཕྱོགས་ལ་རམ་འདེགས་མེད་ནའང་། སློབ་གྲྭ་དང་དགེ་རྒན་སྤྱི་ལ་སྡིགས་པའི་རྣམ་འགྱུར་དང་ཟུར་ཟའི་ཚིག་གི་མདའ་མོ་འདི་འདྲ་མི་འཕེན་པའི་འགན་འཁྲི་གཞིས་ཆགས་ཀྱི་བཅུ་དཔོན་ཡན་གྱི་མི་སྣ་ཐམས་ཅད་ལ་ཡོད་པས་དགོངས་པར་བཞུགས་སུ་གསོལ། ཉེ་ཆར་གྱི་བློ་ཕམ་འབྱུང་གཞིའི་གནད་དོན་ཅི་དང་གང་ཡོད་ཐམས་ཅད་ལ་གཞིས་སྤྱིས་གསལ་བཤད་ཡོ་བསྲང་མྱུར་བར་མྱུར་བར་སང་འགྱངས་གནངས་འགྱངས་མེད་པར་གནང་དགོས་པ་ནི། དགག་རྩའི་དོན་ཞིག་ཡིན། སྤྱིར་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་སོགས་ཀྱི་མི་ཡི་ཁྲོད་ལ་རང་གི་གཞིས་ཆགས་ཀྱི་སློབ་གྲྭ་གཅིག་ཁོ་ན་དེ་ལ་སྡང་སེམས་དང་། ཡང་ཡང་མ་འོས་པ་དང་མ་འཚམ་པའི་རྣམ་འགྱུར་འཛིན་པ་དང་འཁུན་སྒྲ་སྒྲོག་མཁན་དེ་འདྲ་འདུག་པས། རང་སེམས་རྣལ་དུ་ཕབ་ནས་ནོར་འཁྲུལ་གང་ཡོད་ཐད་ཀར་གང་ཟག་སུ་དང་འབྲེལ་བ་དེར་གང་འོས་བསལ་ཐབས་བྱེད་པ་ལས། སྤྱིའི་སྒྲིག་འཛུགས་ལ་གཞི་མེད་བསྙོན་འཚོལ་བ་དང་། ཀླན་ཀ་བྱ་མི་ཉན་པ་སེམས་ལ་ཟུངས་ཤིག རང་ཅག་བསོད་ནམས་གླིང་གཞིས་ཆགས་ཀྱི་མཐའ་ན། རྒྱ་གར་གཞུང་དམངས་ཀྱིས་གཉེར་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཇི་སྙེད་ཅིག་ཡོད་ནའང་། རང་རེའི་གཞིས་ཆགས་ཀྱི་སློབ་གྲྭ་སྟེ། ལ་དྭགས་བོད་ཁྱིམ་ལ་མཚོན་ན། དགེ་རྒན་ཚོས་རང་སྡེའི་བོད་ཕྲུག་དང་། གཞན་སྡེ་ཡུལ་མིའི་ཕྲུ་གུ་མང་པོའི་ཆེད་དུ་ཞོགས་སྔ་ལངས་དང་། དགོང་འཕྱི་ཉལ། རང་དོན་ཡལ་བར་བསྐྱུར་ནས་སྤྱི་དོན་གཙིགས་འཛིན་གྱི་ལས་དོན་གནང་ཕྱོགས་ལ་རྗེས་སུ་ཡི་རངས་མེད་ནའང་། སེམས་ཤུགས་དང་ལྷག་བསམ་གྱི་སྤོབས་པ་ཞུམ་པར་བྱེད་པའི་དགོས་མེད་ཀྱི་ཁ་རྡུང་གཏོང་མཚམས་ཅི་ནས་བཞག་དགོས་པ་ནན་ཏན་གྱིས་ཞུ་རྒྱུ་ཡིན། དེ་དག་ནི་རང་གཞན་གྱི་བྱིས་པའི་མདུན་ལམ་བརླག་པར་བྱེད་པའི་བྱ་བྱེད་ཡ་མ་ཟུང་ཞིག་ཡིན་ནོ།།
སྲིད་པ་རྒད་པོའི་འབེལ་གཏམ་ལས། “མི་རྒྱུ་བཟའ་བར་ལྕགས་ཀྱི་འགྲམ་པ་དགོས་”ཞེས་གསུངས་པ་ལྟར། སྔོན་ཆད་ང་ཚོར་རོགས་སྐྱོར་བྱེད་མཁན་གྱི་སྦྱིན་པའི་བདག་པོ་དེ་དག་ནི། ས་སྒང་འདིའི་སྟེང་གི་ཕྱུག་བདག་རྐྱང་རྐྱང་མིན། ཁོང་ཚོ་ནི་ང་ཚོའི་ཤ་ཁྲག་རུས་གསུམ་དང་འབྲེལ་བ་ཅུང་ཟད་ཙམ་ཡང་མེད་པ་མ་ཟད། ཕལ་མོ་ཆེ་ནི་དུས་ད་ལྟ་བར་ང་ཚོའི་མིག་གིས་ཀྱང་རིག་མྱོང་མེད། ཐག་རིང་ཐག་རིང་གི་སྦྱིན་པའི་བདག་པོ་དེ་དག་གིས། བོད་ཀྱི་ཆོས་དང་རིག་གཞུང་ལ་དད་པ་དང་། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་ལ་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོགས་ནས། རང་ཅག་བོད་པ་ཡོངས་ལ་གང་ཐུབ་དང་གང་འཇོན་གྱིས་རོགས་རམ་གནང་གི་ཡོད་པ་རང་ཅག་གིས་ཤེས་པར་བྱེད་དགོས། སྦྱིན་པའི་བདག་པོ་དེ་དག་གི་ནང་ནས་མང་པོས། རང་གི་དུས་གསུམ་གྱི་ཟ་མ་ཉུང་འཕྲི་དང་། སྐབས་རེར་ལྟོགས་སྒོམ་བྱས་ནས་བསགས་པའི་དངུལ་དང་། དུ་བ་འཐེན་མཁན་ཚོས་དུ་བ་བཅད་ནས་བྱུང་པའི་དངུལ་སྨར་སོགས། ང་ཚོའི་འཚོ་གནས་ཀྱི་བདེ་དོན་ལ་དམིགས་ནས་ཕན་གྲོགས་བྱེད་ཀྱི་ཡོད། རོགས་སྐྱོར་དེ་དག་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས། ནམ་ཞིག་ལྟག་ཆུ་ཆད་པའི་རྫིང་བུའི་དཔེ་ཟླར་འགྱུར་ངེས་ཡིན། དེར་བརྟེན་བཀའ་ཤག་རིམ་བྱོན་གྱིས་རང་རྐང་གཞན་བརྟེན་མ་ཡིན་པའི་གནས་སྟངས་ཤིག་གི་སྟེང་ལ་ཁྲ་ཚུགས་ཐབས་སུ་བསམ་བློ་དང་ལག་ལེན་གཉིས་ཀ་ནས་གྲ་སྒྲིག་དང་གོམ་པ་སྤོ་དགོས་པའི་བླང་བྱ་བསྟན་ཡོད། ས་གནས་སོ་སོའི་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཚང་མས་བཀའ་ཤག་གི་དགོངས་དོན་ལ་སློབ་སྦྱོང་ལེགས་པར་བྱས་ནས། ལྡོག་ཕྱོགས་མ་ཡིན་པའི་གོ་རྟོགས་མི་མང་དཀྱུས་མའི་སྤྱི་ཚོགས་ནང་སྤེལ་དགོས་པ་དེ་བརྗེད་ངེས་ཀྱི་ཡུལ་དུ་བསྐྱུར་མི་ཉན། མི་མང་ཚོས་ཀྱང་དེ་བསྟུན་གྱི་གོམ་པ་མདུན་སྤོས་མ་བྱེད་ན། རང་གི་བུ་ཕྲུག་དང་སྤྱི་ཚོགས་ཀྱི་ཕུགས་མདུན་ལ་རིན་ཐང་རྩ་ནས་མ་སྤྲད་པ་དང་གཅིག་པ་རེད།
མཐའ་དོན་རྡ་ས་བོད་ཁྱིམ་གྱི་འཛིན་སྐྱོང་འཕེལ་རྒྱས་སྡེ་ཚན་གྱིས་ཐག་གཅོད་གནང་བའི་གོང་སྨོས་གྲོས་ཆོད་དེ་ནི། བོད་ཁྱིམ་གྱིས་ལོ་མང་སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་ལ་རྒྱུས་མངའ་གཏིང་ཟབ་དང་། བོད་ཁྱིམ་རང་གི་འབྱུང་འགྱུར་གྱི་བྱེད་ཕྱོགས་བཅས་ལ་མནོ་བསམ་བྱས་ཏེ། ཐག་གཅོདད་ཡང་དག་གནང་བ་ཞིག་ཡིན་པ་ཕྱོགས་གང་ནས་བསམས་ཀྱང་ནོར་བ་དང་འཁྲུལ་བ་རྩ་ནས་རྙེད་མི་སྲིད་པའི་ཆོས་ཉིད་ཀྱི་རང་བཞིན་གནས་ལུགས་དང་མཐུན་པ་ཞིག་ཡིན་ནོ།། །།
ལྷ་རུའི་བུ་ སུ་རེད། ?
གནས་ལུགས་དང་རྒྱུ་ཚན་ལྡན་པའི་དཔྱད་རྩོམ་ཞིག་རེད་འདུག་
འོན་ཀྱང་སྐད་ཆ་མང་བས་གཞན་གྱི་རང་དབང་ལ་ཕོག་ཐུག་མ་
འགྲོ་བ་ཤོག།
ལྷ་རུའི་བུ་ལགས་གནས་ལུགས་དང་རྒྱུ་མཚན་བཤད་པ་བཟང།འོན་ཀྱང་ལས་ཀྱི་སྣེ་མོ་བ་ཞེས་ཡང་ཡང་བརྗོད་འདུག་ཀྱང་གང་ཟག་གི་མིང་འམ་ལས་སྣེ་གྱི་མིང་བརྗོད་མ་ནུས་པ་ཅི་རེད།ད་དུང་ལྷ་རུའི་བུ་ཁྱོད་ཀྱི་མིང་དངོས་ཡིན་ནམ།