༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་ཡུལ་དེའི་སྲིད་འཛིན་གྱི་མཚན་ཐོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
ཁ་སང་ཕྱི་ཚེས་ ༡༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༩ ལོའི་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཡོངས་འོས་བསྡུའི་ཁྲོད། ཡུལ་དེའི་ལས་ཐོག་སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་ (Cyril Ramaphosa)ལགས་ཀྱི་རྒྱལ་ཡོངས་ཀང་རི་སི་ཚོགས་པར་(ANC) རྒྱལ་ཁ་ཐོབ་པར། འབྱུང་འགྱུར་ལྷོ་ཨ་ཧྥི་རི་ཁའི་ཕུགས་བསམ་དང་རེ་བ་མངོན་འགྱུར་ཡོང་བར་སྨོན་འདུན་ཞུ་ཡི་ཡོད་ཅེས་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག
འཚམས་འཕྲིན་དེའི་ནང་། ཉེ་ལམ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་ངོས་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། ལྷོ་ཨ་ཧྥི་རི་ཁར་ཡར་རྒྱས་དང་གོང་འཕེལ་ཡོང་བར་ནུས་པ་ཆེན་པོ་ཡོད་པ་དང་། མི་མང་རྣམས་ཀྱིས་དྲང་བདེན་དང་འདུམ་འགྲིག་ཡོང་བའི་བློ་སེམས་ཐོག་ཞི་བདེ་དང་དམངས་གཙོ། འདྲ་མཉམ་དར་སྤེལ་ཐད་ཧུར་ཐག་བྱེད་བཞིན་ཡོད་པ་རེད། ངོས་ཀྱི་རེ་བར་སྐུ་ཉིད་ཀྱི་མགོ་ཁྲིད་འོག་རྒྱལ་ཁབ་མུ་མཐུད་ཡར་རྒྱས་འགྲོ་བ། ཁྱད་པར་དུ་ཁེ་དབང་དེ་ཙམ་མ་ཐོབ་པའི་མི་མང་གི་འཚོ་བར་ཡར་རྒྱས་ཡོང་བ་དང་། མི་མང་ཁྲོད་ཡིད་ཆེས་དང་རེ་བ་སྐྲུན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས། དེས་རྒྱལ་ཁབ་གཞན་གྱི་མི་མང་ཚོར་ཀྱང་སེམས་ཤུགས་སྤྲོད་ངེས་རེད། ཅེས་གསུངས་འདུག
འཚམས་འཕྲིན་གྱི་མཇུག་ཏུ། ངོས་ནས་སྐུ་ཉིད་ཀྱི་འབྱུང་འགྱུར་ནང་དཀའ་ཁག་ལ་གདོང་ལེན་བྱེད་པའི་ཁྲོད་བྱ་བ་ལམ་འགྲོ་དང་། ལྷོ་ཨ་ཧྥི་རི་ཁའི་ཕུགས་བསམ་དང་རེ་བ་མངོན་འགྱུར་ཡོང་བར་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག དེ་བཞིན་ཐེངས་འདིར་ཨ་ཧྥི་རི་ཁའི་སྲིད་འཛིན་མཆོག་ནས་འོས་བསྡུའི་གསལ་བསྒྲགས་སྐབས། ཨ་ཧྥི་རི་ཁའི་རྒྱལ་ཡོངས་ཀང་རི་སི་ཚོགས་པས་མི་མང་གི་མངོན་འདོད་ཀྱི་འབོད་སྒྲ་གསལ་བོར་ཐོས་ཡོད་པ་དང་། མི་མང་གིས་ལས་ཀ་དགོས་པ་དང་ལྐོག་ཟ་རུལ་སུངས་མེད་པར་བཟོ་དགོས་པ་བརྗོད་ཀྱི་ཡོད་པས། རྒྱལ་ཡོངས་ཀང་རི་སི་ཚོགས་པས་ལྷོ་ཨ་ཧྥི་རི་ཁའི་ནང་མི་མང་ལ་གང་ཐུབ་ཀྱིས་ལས་ཀ་སྐྲུན་ཐབས་དང་ལྐོག་ཟ་རུལ་སུངས་མཚམས་འཇོག་ཐབས་བྱ་རྒྱུ་ཡིན་སྐོར་གྱི་ཁས་ལེན་བྱས་ཡོད་འདུག
ཨ་ཧྥི་རི་ཁའི་རྒྱལ་ཡོངས་ཀང་རི་སི་ཚོགས་པ(African National Congress)ནི་ཕྱི་ལོ་ ༡༩༡༢ ལོར་གསར་འཛུགས་བྱས་ཡོད་དང་། ཐེངས་འདིའི་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་ (Cyril Ramaphosa) ལགས་ཀྱི་སྣེ་ཁྲིད་པའི་རྒྱལ་ཡོངས་འོས་བསྡུའི་ནང་ཚོགས་པ་དེར་འོས་གྲངས་བརྒྱ་ཆའི་ ༥༧ ལྷག་ཐོབ་སྟེ། ཟླ་འདིའི་མཇུག་ཙམ་ལ་ལས་འཁུར་ཞུ་རྒྱུ་ཡིན་འདུག
ཕྱི་ལོ་ ༡༩༩༤ ལོར་ནས་བསྟུད་མར་ཨ་ཧྥི་རི་ཁའི་རྒྱལ་ཡོངས་ཀང་རི་སི་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་བླངས་ཡོད་པ་དང་། འདས་ལོར་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་བ་ཇད་ཁོད་ཛོ་མཱ་ (Jacob Zuma) ལགས་ཀྱིས་སྐབས་ ༢ ལ་སྲིད་འཛིན་གྱི་ལས་འཁུར་བྱེད་སྐབས། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཇེ་དལ་དུ་ཕྱིན་པ་དང་ཁོང་ལ་གཞུང་དངུལ་ལྐོག་ཟའི་རྙོག་གླེང་བྱུང་བར་བརྟེན། སྲིད་འཛིན་གྱི་ལས་ཡུན་མ་རྫོགས་སྔོན་ལ་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་ཡོད་སྟབས། མི་མང་ཁྲོད་ཆབ་སྲིད་ཚོགས་པ་དེར་ཁ་རྡུང་གཏོང་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག་ལ། ཁོང་གི་ཚབ་དུ་སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་ (Cyril Ramaphosa) ལགས་ལོ་གཅིག་ཙམ་རིང་སྲིད་འཛིན་ལས་འཁུར་གནང་སྟེ། ཐེངས་འདིར་བསྐྱར་དུ་འོས་ཐོབ་བྱུང་བ་ནི་འདས་པའི་ལོ་གཅིག་གི་རིང་སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་ལགས་ནས་ལྐོག་ཟ་རུལ་སུངས་གི་ཐད་ལ་དོ་ནན་བྱས་པའི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་ (Cyril Ramaphosa) ལགས་ནི་ཕྱི་ལོ་ ༡༩༥༢ ལོར་སྐྱེས་ཤིང་། ཨ་ཧྥི་རི་ཁའི་ལིམ་པའོ་པའོ་གཙུག་ལག་སློབ་གཉེར་ཁང་ (University of Limpopo)དུ་ཁྲིམས་ལུགས་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༧༠ ཙམ་གྱི་ནང་མི་རིགས་ནག་པོའི་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། ཟླ་ ༡༡ ཙམ་ལ་བཙོན་མཇུག་བྱས་ཡོད་པ་དང་། རྗེས་སུ་རྒྱལ་ཡོངས་གཏེར་བརྐོ་བའི་ཚོགས་པ་ (National Union of Mineworkers) གསར་འཛུགས་ཀྱིས་གཏེར་བརྐོ་བའི་ཐོབ་ཐང་ཐད་འཐབ་རྩོད་དང་གཏེར་བརྐོ་བ་འབུམ་ ༣ ཙམ་ལ་སྣེ་འཁྲིད་དེ་ངོ་རྒོལ་སོགས་བྱས་པས། ལྷོ་ཨ་ཧྥི་རི་ཁའི་མི་རིགས་དཀར་པོའི་དབང་ཤུགས་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་འདུག རྗེས་སུ་ཞིང་ཕྱུགས་ཀྱི་ཚོང་ལས་ལ་ཞུགས་ནས་ནས་ཕྱི་ལོ་ ༢༠༡༥ ལོར་ཨ་ཧྥི་རི་ཁའི་གླིང་ཕྲན་ནང་ཕྱུག་བདག་ཨང་ ༤༢ པ་དེར་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་བསྐྱར་དུ་ཆབ་སྲིད་ནང་ཞུགས་ཤིང་ད་ལྟ་ཁོང་ལ་ཕྲུ་གུ་ ༤ ཡོད་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།
འཚམས་འདྲི་ཞུ