༧གོང་ས་མཆོག་གིས་ཝེ་ཐི་ནམ་གྱི་མཇལ་བཅར་བ་ཚོར་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏོང་རྒྱུ་དང་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་ཐབས་དགོས་སྐོར་གསུངས་འདུག
དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝེ་ཐི་ནམ་ནས་ཡིན་པའི་སྒྱུ་རྩལ་བ་དང་ཤེས་ཡོན་པ་སོགས་དད་ལྡན་དོན་གཉེར་ཅན་མི་གྲངས་ ༡༣༠ ལྷག་ལ་འགྲོ་བ་མིའི་རིན་ཐང་ལྟ་བ་དང་། ཐུགས་བསྐྱེད་དམ་བཅའ་གསུམ་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་བ་དང་། མཇལ་བཅར་བའི་དྲི་བར་བཀའ་ལན་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེ་སྔོན་སྙུང་གཞི་བཞེས་ཏེ་སྨན་ཁང་དུ་བཞུགས་དགོས་བྱུང་བ་དང་། ཉིན་ཤས་སྔོན་བོད་ཀྱི་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐོར་སོགས་གསུངས་རྗེས། དུས་རབས་ ༨ པའི་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་གནང་བ་དང་། ཁོང་གིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ངོ་སྤྲོད་གནང་བ་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཁྱད་དུ་འཕགས་པའི་ཁྱད་ཆོས་དེ་བསམ་བློ་བཏང་ནས་རྒྱུ་མཚན་བརྟག་དཔྱད་བྱེད་པ་ལས་དད་མོས་ཙམ་མིན་པ་དང་། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཁོང་ཉིད་ཀྱིས་ཀྱང་དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་གནང་ཡོད་པ་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རྒྱུ་མཚན་ལྡན་པའི་ཆོས་ལུགས་ཤིག་ཡིན་པ་དང་། ཁྱེད་རང་ཚོ་ཝེ་ཐི་ནམ་ཚོར་མཚོན་ན། ནང་པ་སངས་རྒྱས་པ་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་འཇུག་པ་རེད། དེ་བཞིན་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་འཇུག་པ་ཡིན་ན་ཡང་ཁོ་ཚོས་དེ་ཙམ་རྒྱུ་མཚན་བརྟག་དཔྱད་བྱེད་ཀྱི་མི་འདུག ང་ཚོ་བོད་པ་ཚོས་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་མཁན་ཆེན་ཞི་བ་འཚོས་བཀའ་གསུངས་པ་བཞིན་རྒྱུ་མཚན་ལ་དོ་སྣང་ཤུགས་ཆེན་བྱས་ཏེ་ཡོང་བ་རེད། ཅེས་གསུངས་སོང་།
དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་ཐབས་སྐོར་གསུངས་སྐབས། དེང་སྐབས་འཛམ་གླིང་གི་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་སེམས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པ་དང་། ལྷག་པར་དུ་ང་ཞེས་རང་ཉིད་གཅིག་པུ་གཙོར་འཛིན་ཤུགས་ཆེ་དྲག་པས་ཡིན་པ་དང་། སྤྱིར་ན་ཚན་རིག་པ་ཚོས་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་དེ་བྱམས་པ་དང་བརྩེ་བ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་ནི་དོན་དངོས་དང་མཐུན་པ་ཞིག་དང་ལྷག་པར་ང་ཚོ་ནི་ཐོག་མ་ནས་སྤྱི་ཚོགས་སེམས་ཅན་ཡིན་པ་དང་། ཨ་མའི་བྱམས་བརྩེར་བརྟེན་ནས་འཚོ་གནས་ཐུབ་ཀྱི་ཡོད་སྟབས། དེ་ནི་ཆོས་ལུགས་ཀྱི་གནད་དོན་མ་ཡིན་པར་སྐྱེས་དངོས་ཀྱི་གནད་དོན་ཆགས་ཡོད་པས་རྒྱུ་མཚན་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༡ པ་འདིའི་ནང་འཕྲད་བཞིན་པའི་བཀའ་རྙོག་མང་ཆེ་བ་འགྲོ་བ་མིས་བཟོས་པ་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རྣམས་ཨ་མས་བྱམས་བརྩེས་བསྐྱངས་པའི་ཐོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས། རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏོང་དགོས་པ་དང་། ཁྱད་པར་དུ་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་སྐོར་གསུངས་རྗེས། མཇལ་བཅར་བའི་དྲི་བར་བཀའ་ལན་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག