རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་བཅར་བའི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ལ་གནས་སྐབས་རིང་ལས་མཚམས་འཇོག་ཏུ་བཅུག་ཡོད་འདུགདེ་རིང་བལ་ཡུལ་གྱི་ཀ་ཐ་མན་ཌུ་ཆ་འཕྲིན་(The Kathmandu Post) གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཡུ་རོབ་ཀྱི་རྒྱལ་ཁབ་ལཱ་ཊི་ཝིའི་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་པར་དྷིབ་ཡ་དྷབ་(Pradip Yadav)དང་། ཨིག་བྷལ་མི་ཡ་(Iqabal Miya)རྣམ་གཉིས་མཉམ་ཞུགས་གནང་བར་བརྟེན། བལ་གཞུང་གིས་སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་འགལ་ཡོད་པའི་ཉེས་འཛུགས་བྱས་ཏེ་ཞིབ་འཇུག་བྱས་ཡོད་པ་ལྟར། བལ་ཡུལ་སཱ་མཱ་ཇི་བྷ་དྷེ་(Samajbadi Party)ཚོགས་པས་འཐུས་མི་པར་དྷིབ་ཡ་དྷབ་གྲོས་ཚོགས་ཀྱི་ལས་གནས་ནས་གནས་སྐབས་རིང་ལས་མཚམས་འཇོག་ཏུ་བཅུག་ཡོད་སྐོར་བརྗོད་འདུག
གནད་དོན་དེའི་ཐད་བལ་ཡུལ་སཱ་མཱ་ཇི་བྷ་དྷེ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་བཀྲམ་པའི་ནང་། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཚོགས་པའི་ཚོགས་གཙོ་ཨོ་པཱན་དྷར་རཱ་ཡ་དྷབ(Upendra Yadav)གཙོའི་རྒྱུན་ལས་ཚོས་ཚོགས་འདུ་ཚོགས་ཏེ། གྲོས་ཚོགས་འཐུས་མི་པར་དྷིབ་ཡ་དྷབ་ཟླ་དྲུག་རིང་གྲོས་ཚོགས་ནས་ཕྱིར་འབུད་གཏང་རྒྱུ་ཐག་གཅོད་བྱུང་ཡོད་སྐོར་བརྗོད་འདུག
ཡང་ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེ་པུར་ཁཱ་ཤི(Prakash Adhikary)ཡིས་པར་དྷིབ་ཡ་དྷབ་ཀྱིས་གྲོས་ཚོགས་ཀྱི་ལམ་ལུགས་ལ་བརྩི་འཇོག་མ་བྱས་པར་ཚོགས་འདུ་ལ་བཅར་ཡོད་སྟབས། ཁོང་ཟླ་དྲུག་རིང་གྲོས་ཚོགས་ཀྱི་ལས་དོན་ཚང་མ་ནས་གནས་དབྱུང་བཏང་ཡོད་སྐོར་བརྗོད་འདུག
གྲོས་ཚོགས་འཐུས་མི་པར་དྷིབ་ཡ་དྷབ་ཀྱིས་ཚོགས་འདུ་དེར་བཅར་བ་ནི་ཉེས་སྐྱོན་གང་ཡང་མེད་པ་ཞིག་ཡིན་པ་དང་། ཁོས་ཚོགས་འདུ་དེའི་སྟེང་གཏམ་བཤད་བྱས་པ་དང་བསྒྲགས་གཏམ་ལ་མིང་རྟགས་འགོད་པ་གང་ཡང་བྱས་མེད་སྟབས། ཁོ་གཉིས་བལ་ཡུལ་གཞུང་གི་ཕྱི་སྲིད་སྲིད་བྱུས་དང་འགལ་མེད་པར་བརྟེན། ཚོགས་པའི་ངོས་ནས་ཐེངས་འདིའི་ཐག་གཅོད་དེར་བསྐྱར་དུ་བསམ་བློ་གཏོང་བའི་རེ་བ་ཞུ་ཡི་ཡོད་སྐོར་བརྗོད་འདུག
དེ་སྔོན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གིས་བལ་གཞུང་ལ་གྲོས་ཚོགས་འཐུས་མི་གཉིས་ཚོགས་ཆེན་དེར་བཅར་ཡོད་པའི་གནས་ཚུལ་བརྡ་འདེད་བཏང་ཡོད་པ་དང་། བལ་ཡུལ་གཞུང་ཕྱོགས་ནས་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བལ་ཡུལ་གྲོས་ཚོགས་ལ་སྒེར་དོན་ཞིག་གི་ཆེད་དུ་ཕྱིར་སྐྱོད་བྱ་རྒྱུ་ཡིན་ལུགས་ཞུས་ཡོད་པ་ལས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་ཞུགས་རྒྱུའི་སྐོར་སྙན་གསེང་ཞུས་མེད་པ་དང་། ཚོགས་འདུར་ཞུགས་པ་དེ་བལ་ཡུལ་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་འགལ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མཚན་མཐོང་ལ་གནོད་པ་སྐྱེལ་སྲིད་པས་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་བལ་ཡུལ་རཱ་སི་ཊི་རེ་ཡཱ་རྗ་ནཱ་ཊ(Rastriya Janata Party)ཚོགས་པའི་འཐུས་མི་ཨིག་བྷལ་མི་ཡ་ལ་ཉེས་ཆད་བཅད་ཡོད་མེད་གོ་ཐོས་མི་འདུག
བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་དོན་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་གྱི་ར་ཤི་ཏི་རི་ཡ་སཱ་མཱ་ཅར་སཱ་མི་ཏི་ (Rastriya Samachar Samiti) ཞེས་པའི་གཞུང་འབྲེལ་གསར་ཁང་གི་གསར་འགོད་པ་གསུམ་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་སྟེ་ཕྱིར་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་བཀོད་གནང་ཡོད་པའི་གསར་འགྱུར་སྤེལ་ཡོད་པར་བརྟེན། བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་གྱི་བཀའ་རྒྱ་ལྟར། ཉིན་དེའི་ཕྱི་དྲོར་གསར་འགྱུར་དེ་དྲ་ཐོག་ནས་བསུབས་ཡོད་པ་མ་ཟད། གསར་ཁང་གི་མགོ་འཁྲིད་བཞི་ཡིས་གསར་འགོད་པ་གསུམ་དེར་ཆབ་སྲིད་ཀྱི་ཀུན་སློང་ཡོད་ལུགས་བརྗོད་དེ་འདྲི་ཞིབ་བྱས་ཡོད་པ་རེད།
དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། ཨ་རི་ནས་ཡིན་པའི་མིང་ལ་སྤེན་པ་ཚེ་རིང་ཞེས་པའི་བོད་མི་ཞིག་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། བལ་ཡུལ་ཕྱི་མི་གནས་སྤོ་ལས་ཁུངས་ནས་བོད་མི་དེར་འདྲི་རྩད་ཡུན་རིང་བྱས་རྗེས། སྤེན་པ་ཚེ་རིང་ཞེས་པའི་མིང་དེ་༧གོང་ས་མཆོག་དང་འབྲེལ་བ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆེས་དོགས་ཟོན་བྱེད་དགོས་པའི་མིང་ཐོ་ནག་པོའི་ནང་ཡོད་སྐོར་བརྗོད་དེ། བོད་མི་སྤེན་པ་ཚེ་རིང་ཨ་རིའི་ནང་ཕྱིར་ལོག་བཏང་ཡོད་པ་སོགས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མངོན་གསལ་དོད་པོའི་ཐོག་ནས་ཆབ་སྲིད་ཀྱི་དམ་དྲག་དོགས་ཟོན་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
བོད་ལ་རང་དབང་ཐོབ་སོང་ཚེ། སྲིད་དོན་གྱི་དམག་འཁྲུགས་དང་པོ་བལ་ཡུལ་ལ་རྒྱག་གི་ཡིན། ཏང་ཇག་རྒྱ་ནག་གི་རྒྱུགས་ཁྱི་བལ་གཞུང་ལ་ངེས་པར་ཉེས་ཆད་གཏོང་གིན་ཡིན།
བལ་ཡུལ་གཞུང་གནས་གནམ་ཐང་ལ་མིང་ཐོ་འདི་རཉནམ་ས་ཚང་མ་བཅར་ཆོག་གི་མ་རེད། བཀའ་ཟུར་ཟམ་གདོང་རིན་པོ་ཆེ། བཀའ་ཁྲི་བློ་སེང་། སྤྱི་འཐུས་ཚོགས་གཙོ་པད་འབྱུང་དང་། ཚོགས་གཞོན་ཡེ་ཤེས་ཕུན་ཚོགས། གཞན་བཀའ་བློན་འགའ་ཡང་མིང་ཐོ་ཡོད་རེད། མ་ཟད་བསྟན་འཛིན་བརྩོན་འགྲུས་དང་ལྷ་རྒྱལ་རྣམ་སྒྲོལ་མ་དང་། ཤར་གཉལིང་ཟླ་སྒྲོན།བཅད་ཡོད་རེད། ཡིན་ནསང་། ཤར་ཁུག་བློ་བཟང་ཆོས་འབྱོར་དང་། བསྟན་པ་ཡར་འཕེལ་གཉིས་ག་དུས་འགྲོ་ན་འགྲོ་ཆོག་གི་རེད། གང་ཡིན་ཟེར་ན་ཁོང་གཉིས་མི་ནུས་པ་ཅན་ཡིན་པས་སོ།།