རྒྱ་ནག་ནང་དྭ་ཕྲུག་བརྒྱ་ཕྲག་བདག་ཉར་བྱེད་མཁན་ལི་ཡན་ཤཱའམ་བྱམས་བརྩེའི་བདག་མོར་འབོད་པའི་རྒྱ་མོ་ཞིག་གིས་ནག་ཚོགས་དང་ལག་འབྲེལ་བྱས་ཏེ་མང་ཚོགས་ལ་མགོ་སྐོར་བཏང་ཡོད་སྐོར་བརྗོད་དེ་ལོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ཧུའུ་པའེ་ཞིང་ཆེན་གྱི་ཝོ་བན་གྲོང་ཁྱེར་མི་མང་ཁྲིམས་ཁང་གིས། དྭ་ཕྲུག་ཁང་ཞིག་གི་བདག་མོ་མིང་ལ་ལི་ཡན་ཤཱ་ (Li Yanxia)དང་ཡོངས་གྲགས་ཐོག་བྱམས་བརྩེའི་བདག་མོ་ཞེས་པ་ཞིག་གིས། ནག་ཚོགས་དང་ལག་འབྲེལ་གྱིས་མི་མང་ལག་ནས་དངུལ་འབོར་ཆེན་གཡོ་ལེན་བྱས་བའི་ཉེས་མིང་འོག རྒྱ་སྒོར་ས་ཡ་ ༢།༦༧ ཉེས་ཆད་དང་ལོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན། མོའི་དགའ་རོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་དང་དངུལ་གཡོ་ལེན་སོགས་བྱས་པའི་ཉེས་མིང་འོག རྒྱ་སྒོར་ས་ཡ་ ༡།༢ ཉེས་ཆད་དང་ལོ་ ༡༢།༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་མིན་གྱི་འབྲེལ་ཡོད་མི་སྣ་ ༡༤ འཛིན་བཟུང་བྱས་ཏེ་དུས་ཡུན་རིང་ཤོས་ལ་ལོ་ ༤ ཡི་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་ ༢༠༠༦ ལོར་ལི་ཡན་ཤཱ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཏེ། མོ་རང་ལ་བུ་གཅིག་ཡོད་པ་དང་། གཉེན་ཐོར་ཟིན་པའི་མོའི་ཁྱོ་གས་བུ་ཆུང་རྒྱ་སྒོར་ ༧༠༠༠ བྱས་ནས་མི་ཞིག་ལ་བཙོང་ཡོད་པ་དང་། མོས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་བུ་ཕྱིར་ལེན་ཐབས་བྱས་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་མོས་བྱིས་པ་གཞན་ལ་རོགས་སྐྱོར་བྱེད་པའི་ཐག་གཅོད་བླངས་ཡོད་སྐོར་བརྗོད་དེ། བྱམས་བརྩེའི་བདག་མོ་ཞེས་རྒྱ་ནག་ནང་སྐད་གྲགས་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༧ ལོར་མོའི་དྭ་ཕྲུག་ཁང་དུ་ཁྱོན་བྱིས་པ་ ༡༡༨ ཡོད་པ་དང་། མོས་དྭ་ཕྲུག་ཁང་དེའི་མིང་ལ་བྱམས་བརྩེའི་གྲོང་གསེབ་ཅེས་བཏགས་ཡོད་འདུག་ལ། ཉེ་བའི་ལོ་ཤས་རིང་མོ་ནི་ཧུའུ་པའེ་ཞིང་ཆེན་གྱི་བུད་མེད་འབྱོར་ལྡན་ཞིག་ཏུ་གྱུར་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༡༧ ལོར་མི་མང་བརྒྱུད་བུད་མེད་དེའི་སྐོར་གྱི་གནས་ཚུལ་ཁག་ཅིག་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༥ ནང་ཞིབ་འཇུག་བྱས་སྐབས། མོ་ལ་རྒྱ་སྒོར་ས་ཡ་ ༢༠ ལྷག་དང་རླངས་འཁོར་སོགས་རྒྱས་སྤྲོས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་སྐོར་དང་། ཟླ་དེའི་ལོ་མཇུག་ནས་བཟུང་མོ་ལ་འདྲི་ཞིབ་མགོ་བཙུགས་ཡོད་པ་དང་། ལི་ཡན་ཤཱ་ཡིས་ཕྱི་ལོ་ ༢༠༠༡ ལོ་ནས་ཁྲིམས་འགལ་ལས་རིགས་གཉེར་ཡོད་སྐོར་བཤད། ཡིན་ནའང་། བུད་མེད་དེས་ནག་ཚོགས་དང་ལག་འབྲེལ་བྱས་ཏེ་བྱིས་པ་ལྐོག་ཚོང་བྱས་པ་ཡིན་མིན་སོགས་ཁ་གསལ་མེད་པ་རེད།
ལི་ཡན་ཤཱ་ལ་ཁྲིམས་ཆད་བཅད་པའི་གནས་ཚུལ་ཕྱིར་ཁྱབ་པ་དང་རྒྱ་ནག་གི་ཝི་པོ་སོགས་སྤྱི་ཚོགས་དྲ་ལམ་དུ། མོའི་བྱེད་སྟངས་དེ་ནི་ལུག་པགས་གྱོན་པའི་སྦྱང་ཀི་ཞིག་དང་འདྲ་བོ་ཡིན་པ་སོགས་ཀྱི་སྐྱོན་བརྗོད་མང་པོ་ཡོང་གི་ཡོད་པ་དང་། མི་གཅིག་གིས་ཝི་པོ་སྟེང་། ངའི་ཨ་ཞང་གིས་མོ་ལ་ཞལ་འདེབས་བརྒྱབས་ཡོད། མོའི་ལས་ཀ་ནི་ཐབས་རྡུགས་ཞེ་དྲག་རེད་འདུག ཅེས་དང་། ཡང་གཞན་ཞིག་གིས། ངས་མོ་ལ་བྱམས་བརྩེའི་བདག་མོ་ཞེས་འབོད་ཀྱི་ཡོད་ཀྱང་། མོའི་སེམས་ནང་བྱམས་བརྩེ་མེད་དུས། མོ་ལ་མིང་དེ་འབོད་པའི་རིན་བབ་མི་འདུག་པས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་སོགས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
ཆོས་མེད་ཀླ་ཀློའི་རྒྱུད་ལ་བྱམས་རྩེ་ཨེ་ཧཧཧ
སྙིང་རྗེ་ཡ་ང།