ང་ཚོས་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་ཙམ་ཡང་ཞུ་མ་ཐུབ་ན་ལོ་རྒྱུས་ཀྱི་ནག་ཅན་ཆགས་རྒྱུ་རེད་བསམ་པའི་ཐོག་ནས་ད་ལན་རྗེས་དྲན་ཞུས་པ་ཡིན་ཞེས་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག བཞུགས་སྒར་དྷ་སའི་ཀ་ལབ་གསོལ་མགྲོན་ཁང་(Club House) ་དུ། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དཔོན་ཆེན་རིག་འཛིན་དོན་གྲུབ་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༥༩་ཟླ་ ༧ཚེས་ ༡༩ ཉིན་རྒྱ་དམག་ཁྲི་བཞི་ཁ་སྡོང་གི་དམག་འཁྲུག་ཁྲོད། བཙན་རྒོལ་རྒྱལ་གཅེས་དཔའ་བོ་རིག་འཛིན་དོན་གྲུབ་ལགས་ཀྱིས། བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་སྐུ་སྲོག་བཏང་ནས་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་ཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལས་ཐོག་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱི་གཙོས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་འཛོམས་འདུག་པ་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་བྱས་པའི་བཙན་རྒོལ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་རིག་འཛིན་དོན་གྲུབ་ལགས་ཀྱིས། བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་བཏང་བའི་དངོས་བྱུང་ལོ་རྒྱུས་ཞེས་པའི་དེབ་ཅིག་ཀྱང་དབུ་འབྱེད་གནང་སོང་།མཛད་སྒོའི་ཐོག་མར་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་དབལ་ཤུལ་རིག་འཛིན་དོན་གྲུབ་ལགས་རྗེས་དྲན་ཞུ་དགོས་དོན་སྐོར་བརྗོད་སྐབས། དེ་རིང་ང་ཚོས་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་ཁོང་ལྟ་བུ་ཞིག་ཡིན་ན་ལུང་ཚན་ཆུང་ཆུང་ཞིག་གི་དཔོན་པོ་ཙམ་ལ་ངོས་འཛིན་བྱས་ནས་རྗེས་དྲན་བྱས་པ་དེ་འདྲ་རྩ་བ་རང་ནས་མིན། ང་ཚོས་ཁོང་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི། རྒྱལ་གཅེས་དཔའ་བོ་འདི་འདྲ་ཞིག་གི་ལོ་རྒྱུས་སྤྱི་ཚོགས་སྟེང་ནས་མེད་པར་ཆགས་སོང་བ་དང་། ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཉག་ཕྲ་བའི་གནས་སྐབས་འདི་འདྲ་ལ་རྒྱལ་གཅེས་དཔའ་བོ་གཅིག་གི་ལོ་རྒྱུས་ནག་གསུབ་བཏང་ན། ང་ཚོ་བོད་མི་མང་གི་ལོ་རྒྱུས་ཀྱི་གྲུ་ཟུར་ཞིག་ནས་ཉམས་རྒུད་འགྲོ་ཡི་འདུག རྒྱུ་མཚན་གཉིས་པ་དེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོར་རྗེས་དྲན་ཞུ་རྒྱུའི་རང་དབང་གི་ཁོར་ཡུག་ཅིག་གནང་ཡོད་པ་འདིའི་ནང་། ང་ཚོས་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་ཙམ་ཡང་ཞུ་མ་ཐུབ་ན། ང་ཚོ་དངོས་གནས་དྲང་གནས་ལོ་རྒྱུས་ཀྱི་ནག་ཅན་ཞིག་ཆགས་རྒྱུ་རེད་བསམ་པའི་ཐོག་ནས་ད་ལན་རྗེས་དྲན་ཞུས་བ་ཡིན། ཞེས་བརྗོད་སོང་།
དེའི་རྗེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱིས། ལྷ་སྲས་རིག་འཛིན་དོན་གྲུབ་ལགས་ཀྱི་ལོ་རྒྱུས་ལ་མཇལ་དུས་ཁོང་ཉིད་དཔའ་བོ་ངོ་མ་ཞིག་དང་། བོད་མི་རིགས་ཀྱི་བསྟན་སྲིད་ལ་ཤ་ཞེན་ཡོད་མཁན་གྱི་དཔའ་བོ་ཞིག་ཡིན་པ་ཤེས་ཐུབ་ཡོད་པས། ཁོང་ལྟ་བུའི་དཔའ་བོ་རྣམས་ལ་རྗེས་དྲན་དང་ཁོང་ཚོའི་ལོ་རྒྱུས་དག་སྤྱི་ཚོགས་ནང་གླེང་གལ་ཆེན་ཡིན་སྐོར་དང་། བོད་པའི་སྤྱི་ཚོགས་འདི་ཆུང་ཆུང་ཞིག་ལས་མིན་ཡང་། དེར་དགྲ་བོ་ཆེན་པོ་ཞིག་ཡོད་པ་དང་། དགྲ་བོ་དེས་བོད་མི་རིགས་ཀྱི་སྐྱེ་བོ་དམ་པ་ཞིག་མེད་པར་བཟོ་རྒྱུའི་ཐབས་ཤེས་གང་ཐུབ་ཐུབ་བྱེད་ཀྱི་ཡོད་སྐོར་བརྗོད་པ་དང་འབྲེལ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ནང་ཁ་མཆུ་ཞིག་འགྲོ་མུས་ཡིན་པ་དང་། ཁ་མཆུ་དེ་སུ་ལ་འཐོབ་རྒྱུ་ཡིན་མིན་ཁྲིམས་ཞིབ་ཁང་རང་གིས་ཐག་གཅོད་གནང་རྒྱུ་ལས་སུས་ཀྱང་བཤད་ཐབས་མེད་པ་ཞིག་ཡིན་ཡང་། བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚང་མས་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གང་གནང་བ་དེར་བརྩི་སྲུང་བྱེད་དགོས་པ་དང་། ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་སོང་།
མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིགས་ལགས་ཀྱིས། དུས་རྒྱུན་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མི་སྒེར་སོ་སོའི་ལོ་རྒྱུས་ཡིན་ན་ཡང་ཡིག་ཐོག་ཏུ་འགོད་ཐུབ་པ་བྱེད་དགོས་ཞེས་བཀའ་སློབ་ཕེབས་ཀྱི་ཡོད་པ་ལྟར། ད་ལན་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གིས་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་ལགས་ཀྱི་ལོ་རྒྱུས་དེབ་ཏུ་བསྐྲུན་ཐུབ་པ་དེ་བྱས་རྗེས་ཤིག་ཡིན་སྐོར་དང་། དཔའ་བོ་ཁོང་ལྟ་བུའི་རྗེས་སུ་མཐུད་དགོས་ཀྱི་ཡོད་ན། ང་ཚོ་བོད་མི་ཆོལ་ཁ་གསུམ་ཡོངས་ནས་རྡོ་རྩ་གཅིག་སྒྲིལ་དང་འཆམ་མཐུན་གནང་དགོས་སྐོར་དང་། དུས་རྒྱུན་སྤྱི་ཚོགས་ནང་གནས་ཚུལ་ཆུང་ཚགས་རིགས་ལ་བརྟེན་ནས་ཞེ་འཁོན་འཛིན་རྒྱུ་མེད་སྐོར་དང་། རྒྱ་ནག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་རྒྱུ་བཏང་སྟེ་གཞུང་དམངས་གཉིས་དང་། མི་སྒེར། ཚོགས་སྡེ་བར་ལ་དཀྲུག་བསྡད་ཀྱི་ཡོད་ལ། ཁོ་ཚོའི་ལས་འགན་ཡང་དེ་ལྟར་ཡིན་པས། དེ་ཚོའི་ཐོག་ལ་ཚང་མས་སྤྱང་གྲུང་དོད་པོ་བྱེད་གལ་ཆེ་སྐོར་སོགས་གསུངས་སོང་།
མཇུག་ཏུ་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་མི་རིགས་ཀྱི་འདས་པའི་བྱུང་བ་དང་། མི་གྲངས་ཉུང་ཉུང་། ལོ་གྲངས་ཐུང་ཐུང་གཅིག་གི་རིང་ལ་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཆེད་དུ་བཞག་པའི་ལག་རྗེས་ཀྱི་རྣམ་པ་དེ་ཆོས་དང་མཐུན་པ་དང་། དོན་དང་ལྡན་པ། མི་རིགས་གཞན་གྱིས་འགྲན་བསྡུར་མི་ཐུབ་པའི་རླབས་ཆེན་ཞིག་བྱུང་ཡོད་རེད། ཡིན་ན་ཡང་། བོད་པའི་སྤྱི་ཚོགས་ཀྱི་ནང་ལ་རིག་གནས་དང་ལེགས་སྦྱང་གི་ཐད་ནས་བལྟས་པ་ཡིན་ན། ཕུན་སུམ་ཚོགས་པ་དང་གཞན་དྲང་མི་འཇོག་པ་ཞིག་ཡོད་པ་དང་ཆབས་ཅིག་ཏུ་ཞན་ཆ་དང་སྟོང་ཆ་དེ་འདྲ་ཡང་མི་ཉུང་བ་ཞིག་ཡོད་རེད། ང་ཚོའི་བྱུང་རབས་ཀྱི་ནང་ལ་ཞན་ཆ་ཆེ་ཤོས་ཤིག་ནི་འདི་ལྟ་བུའི་བྱུང་བའི་རྣམ་གཞག་སྟེ།དབྱིན་སྐད་ཐོག་ཞུས་ན་ History དེ་བྱུང་གི་གནས་སྟངས་ཏེ། ང་རང་ཚོའི་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་དང་ལེགས་སྦྱང་གང་གི་ཐོག་ནས་དངོས་བྱུང་གི་གནས་ཚུལ་དེ་ཚོ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པའམ། བདེན་རྟགས་དང་བཅས་ཏེ་དེ་བྱུང་རིག་པའི་གཞུང་ལུགས་བསྐང་ཐུབ་པ་ཞིག་བྱུང་མེད་པ་རེད། དེ་མ་བྱུང་བ་དེའང་ང་རང་ཚོ་རྐྱང་པའི་ཞན་ཆ་ཅིག་མ་རེད། ང་ཚོའི་དགེ་རྒན་རྒྱ་གར་ཟེར་ན་མི་འདུག ང་ཚོའི་དཔེ་བལྟ་ས་རྒྱ་གར་འཕགས་པའི་ཡུལ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དེ་བྱུང་དེ་རྒྱལ་ཁབ་གཞན་དང་བསྡུར་ན།ཞན་ཆ་ཡོད་པ་ཞིག་དང་། ལྷག་པར་དུ་གནའ་བོའི་བདེ་བྱུང་དེ་ཚོ་བོད་གཙོ་བོར་གྱུར་བའི་རྒྱ་གར་གྱི་རིག་གཞུང་ཁྱབ་བརྡལ་འགྲོ་སའི་ལུང་པ་གཞན་པའི་དེ་བྱུང་ནས་ཚུར་ལེན་དགོས་ཀྱི་ཡོད་པ་དང་། རྒྱ་གར་ནང་གི་ནང་པའི་བྱུང་བ་ལྟ་བུར་མཚོན་ན། མང་ཆེ་བ་ཞིག་ཧྥ་ཡན་(Fa Yan) དང་། བུ་སྟོན། ཏ་ར་ན་ཐ་སོགས་དེ་ཚོའི་ཡིག་ཆའི་ཐོག་ནས་མ་གཏོགས་རྒྱ་གར་ཁོ་རང་གི་ཡིག་ཆའི་ཐོག་ནས་རྙེད་ཁག་པོ་ཆགས་བསྡད་ཡོད་རེད། དེར་བརྟེན། ང་ཚོས་རྒྱ་གར་གྱི་དེ་བྱུང་ལ་ཡིག་ཆ་མང་པོ་ཕུལ་ཡོད་ཀྱང་། ང་རང་ཚོ་རང་གི་དེ་བྱུང་གི་གནས་སྟངས་དེ་ཞན་པོ་ཞིག་ཆགས་ཡོད་སྟབས། ཆབ་སྲིད་ཀྱི་གནས་སྟངས་རྐྱང་རྐྱང་རེད་མི་འདུག སྤྱི་ཚོགས་དང་ལེགས་སྦྱང་གི་གནས་སྟངས་ཐད་ནས་ཀྱང་ང་ཚོས་དངོས་བྱུང་གི་རླབས་ཆེན་གྱི་བྱ་བ་དེ་ཚོ་ད་ལྟ་འཇིག་རྟེན་སྤྱིའི་མདུན་དུ་དེ་བྱུང་རིག་པའི་འགྲོས་དང་མཐུན་པ་བྱས་ནས་འཇོག་རྒྱུའི་ཆ་རྐྱེན་མ་ཚང་བ་བར་ལམ་གྱི་གནས་ཚུལ་མང་པོའི་ཐོག་ནས་མངོན་གསལ་ར་འཕྲོད་བྱུང་ཡོད། འདི་ལྟ་བུའི་བྱུང་བ་དང་། སྒྲུང་། རྟོགས་བརྗོད། གླེང་གཞི་དང་། སྐྱེ་བོའི་བྱུང་རབས་ལྟ་བུ་རང་བཞིན་གྱིས་གནས་སྟངས་ཐ་དད་དུ་སོང་བ་ཞིག་ཡིན་ན་ཡང་། ང་ཚོས་ཚང་མ་བསྲེས་ནས་བཞག་པ་དེ་ང་ཚོའི་ཞན་ཆ་ཆེན་པོ་ཞིག་རེད། ཅེས་དང་། རྒྱ་ནག་གིས་ཕྱི་ལོ་ ༡༩༤༦ ལོར་བོད་བཙན་བཟུང་བྱས་ཏེ་ད་བར་བོད་པའི་སྤྱི་ཚོགས་ནང་ལག་རྗེས་ཡོད་པའི་མི་སྣ་རླབས་ཆེན་བྱུང་ཡོད་པ་དེ་ཚོའི་དེ་བྱུང་གྱི་གནས་ཚུལ་རྣམས་ད་ལྟ་ནས་ཡིག་ཐོག་ལ་འགོད་པའམ། སྒྲ་འཇུག་བྱེད་པ་སོགས་བྱས་ཏེ་མ་འོངས་པར་དེ་བྱུང་རིག་པའི་ཞིབ་འཇུག་གི་རྒྱུ་ཆར་བཀོལ་སྤྱོད་བྱེད་གལ་ཆེ་སྐོར་དང་། བོད་ཀྱི་དེ་བྱུང་གནས་ཚུལ་སྤྱི་དང་། ཆོས་འབྱོར་རིག་གསུམ་ཐད་ཀྱི་དེ་བྱུང་གནས་ཚུལ་རྣམས་དེ་བྱུང་རིག་པའི་འགྲོས་དང་མཐུན་པའི་ཐོག་ནས་ཁ་སྐོང་བྱ་གལ་ཆེ་སྐོར་སོགས་གསུངས་སོང་།
ཡང་དབལ་ཤུལ་དཔོན་པོ་རིག་འཛིན་དོན་གྲུབ་དང་འབྲེལ་ཏེ་ཁོང་གིས། རིག་འཛིན་དོན་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༥༢ ནས་ ༡༩༥༩ བར་རྒྱ་ནག་གི་ཞེད་སྣང་དང་རེ་སྐུལ་གཉིས་ཀར་དྭང་ལེན་མ་བྱས་བར་རང་གི་སྐུ་སྲོག་མ་ཤོར་བར་དུ། རྒྱ་ནག་དང་འབྲེལ་བ་མ་བྱས་པ་དེ། གཅིག་བྱེད་ན་སྐབས་དེའི་བོད་ཀྱི་བྱུང་བའི་ནང་ལ་དཀོན་པོ་ཡིན་སྲིད་པ་དང་། དེ་དུས་རྒྱ་ནག་དམར་ཤོག་ཧ་ཅང་ཆེན་པོ་ཡིན་པ་མ་ཤེས་མཁན་ཕལ་ཆེར་མེད་པ་ལྟ་བུ་ཡིན་པ་མ་ཟད། རྒྱ་ནག་ལ་འཛིང་བ་ཡིན་ན་ཡང་ཤི་ན་མ་གཏོགས་མགོ་བསྒུར་རྒྱུ་མིན་པའི་བསམ་བློ་འཁྱེར་བ་ལས། མཐའ་མར་རྒྱལ་ཁ་འཐོབ་རྒྱུའི་ཡིད་ཆེས་ཀྱི་ཐོག་ནས་འཛིན་མཁན་ཧ་ལམ་མེད་པའི་བཟོ་ལྟ་བུ་ཡིན་སྟབས། རིག་འཛིན་དོན་གྲུབ་ལགས་ལྟ་བུས་རང་གི་སྲོག་མ་ཤོར་བར་དུ་ཨུ་ཚུགས་བྱས་ནས་རྒྱ་ནག་གི་ཞེད་སྣང་དང་གོ་གནས་ལ་རེ་དོགས་མ་བྱས་པར་གནས་ཡོད་པ་དེ། ཆབ་སྲིད་ཀྱི་ངོས་ནས་བལྟས་པ་ཡིན་ན། རྒྱལ་ཞེན་གྱི་བསམ་བློ་ཚད་ལས་བརྒལ་བ་ཞིག་ཡོད་པ་དང་། བསམ་བློ་བརྟན་པོ་ཡོད་པ་ཞིག་ཡིན་པ་མ་ཟད། དེ་ལྟ་བུའི་བསམ་བློ་དང་ལག་རྗེས་ནི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས། ཁོང་ཚོའི་དེ་བྱུང་གི་གནས་ཚུལ་རྣམས་ཡིག་ཐོག་དུ་འགོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། སྔོན་བྱོན་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་གཏོང་བྱས་པ་དེ་ཆུད་ཟོས་སུ་གཏོང་མིན་དེ་ཁོང་ཚོའི་ལག་ཏུ་མེད་པར། འབྱུང་འགྱུར་གྱི་མི་རབས་ཚོའི་ལག་ལ་ཡོད་པ་དང་། ཁོང་ཚོའི་བློས་གཏོང་རྣམས་ཆུད་ཟོས་སུ་བཏང་བ་ཡིན་ན། བྱུང་རབས་ཀྱི་ཐོག་ནས་མི་རབས་རྗེས་མ་རྣམས་ཀྱིས་འགན་མ་འཁུར་བའམ་ནག་ཐིག་ཕོག་པ་ལྟ་བུ་ཞིག་ཡིན་སྐོར་གསུངས་སོང་།
རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ལོ་རྒྱུས་ངོ་སྤྲོད་ལྟར་ན། དབལ་ཤུལ་དཔོན་རིག་འཛིན་དོན་གྲུབ་ལགས་ནི་༡༩༡༦ ལོར་མགོ་ལོག་དབལ་ཤུལ་གསེར་རྟ་རུ་ཡབ་དབལ་ཤུལ་སྐལ་བཟང་མགོན་དང་། ཡུམ་ཨ་ཏ་གཉིས་ཀྱི་སྲས་སུ་འཁྲུངས་ཡོད་པ་དང་། ཁོང་མགོ་ལོག་གསེར་རྟ་སྡེ་ཁྲི་སྐོར་གཉིས་ལྷག་གི་དཔོན་པོ་ཡིན་ལ། ཕྱི་ལོ་ ༡༩༥༢ ལོར་རྒྱ་ནག་གི་མགོ་འཁྲིད་ཚོས་དབལ་ཤུལ་རིག་འཛིན་དོན་གྲུབ་ལགས་ལ་དངོས་སུ་ཐུག་འཕྲད་ཐེངས་དང་པོ་བྱས་ཏེ། ཁོང་ཚོས་འཛམ་གླིང་ཡོངས་ལ་དབང་བསྒྱུར་ཟིན་སྐོར་དང་། དབལ་ཤུལ་རིག་འཛིན་དོན་གྲུབ་ལགས་དང་ཁོང་གི་མི་མང་བཅས་རྒྱ་ནག་གི་མངའ་འོག་ཏུ་འཛུལ་ན་བཟང་རབས། དེའི་ཆེད་ཁོང་རྒྱ་ནང་དུ་ཕེབས་དགོས་སྐོར་བཤད་ཡོད་པ་མ་ཟད། ཁོང་ལ་གོ་གནས་དང་། ཟླ་ཕོགས། དམིགས་བསལ་གྱི་དབང་ཆ་བཅས་སྤྲོད་རྒྱུ་སོགས་བཤད་པར། ཁོང་གིས་མོས་མཐུན་གཅིག་ཀྱང་མ་བྱས་པར། སྔོན་ནས་ང་ཚོ་རྒྱ་ནག་གི་ཁོངས་གཏོགས་གཏན་ནས་མིན། རྒྱ་ནག་དང་ང་ཚོའི་བར་འབྲེལ་བ་གཏན་ནས་མེད། དེར་བརྟེན་རྒྱ་འོག་ཏུ་འཛུལ་རྒྱུ་ལས་ང་ཤི་ན་དགའ། ཁྱོད་ཚོ་ང་ཚོའི་ས་ཐོག་ལ་མ་ཡོང་། ང་ཚོ་རྒྱ་འོག་ལ་འཛུལ་དགོས་དོན་མེད། གལ་ཏེ་ཁྱོད་ཚོས་ད་དུང་འདི་ལྟར་ཨུ་ཚུགས་བྱས་ན། ལུང་པ་འདིའི་ཁ་མི་རོ་དང་ཁྲག་གིས་ཁེངས་པའི་དཀའ་རྙོག་ཚབས་ཆེན་ང་ཚོའི་བར་འབྱུང་ངེས་ཡིན། ཞེས་ལན་མང་བཤད་ཀྱང་། རྒྱ་དམག་གིས་དངོས་སུ་བཙན་འཛུལ་བྱས་ཏེ། དམག་འཁྲུག་ཡུན་རིང་བྱེད་བཞིན་པའི་ངང་ལ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༧ ཚེས་ ༡༩ དང་། བོད་ཟླ་༦་ཚེས་ ༡༥ ཉིན་རྒྱ་དམག་ཁྲི་བཞི་ཁ་སྡོང་གི་དམག་འཁྲུག་ཁྲོད་བཙན་རྒོལ་རྒྱལ་གཅེས་བ་ཁོང་སྐུ་བཀྲོངས་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།