བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཆེན་མགོ་འཛུགས་ཐོག་མཉམ་འབྲེལ་ཁག་ནས་ཕྱག་ལས་གང་འདྲ་ཞིག་གནང་བ་ཡིན་ནའང་དོ་བདག་གཞིས་མི་ཚོར་དོན་དམ་གྱིས་མཐོང་རྒྱུ་ཡོད་པའི་ཕན་ཐོགས་སྒྲུབ་ཐུབ་ན་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ་བཙུགས་པ་གོ་ཆོད་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག དྷ་རམ་ས་ལའི་གངས་སྐྱིད་ཀྱི་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་ནང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པ་མགོ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག དེ་བཞིན་ཁྲིམས་ཞིབ་པ་གཞན་གཉིས་དང་བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་རྒྱུན་ལས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞན་ཡང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། མཉམ་འབྲེལ་ཁག་བཅོ་ལྔ་ཡི་འགན་འཛིན་དང་ཚོགས་མི་བཅས་མི་གྲངས་ ༡༠༠ ལྷག་འཛོམས་འདུག
ཚོགས་ཆེན་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་མཉམ་འབྲེལ་ཚོགས་མིའི་ཕྲུ་གུ་ ༡༠ ཡི་མཚན་གཞུང་རྒྱན་དཀྲུག་གནང་སྟེ་མཉམ་འབྲེལ་སློབ་ཡོན་ཐོབ་པ་གསལ་བསྒྲགས་དང་། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་རྩིས་ཁུངས་ནས་ས་གནས་མཉམ་འབྲེལ་རེར་ཧིན་སྒོར་འབུམ་གཉིས་རེ་གནང་། དེ་བཞིན་བདེ་སྐྱིད་སླར་གསོའི་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ་ལོ་ངོ་ ༥༠ འཁོར་བའི་དྲན་རྟེན་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་སྐུ་བརྙན་རེ་ཕུལ་སོང་། གཞན་ཡང་། ཐེངས་འདིའི་ཚོགས་ཆེན་རྗེས་ལས་ཡུན་འཁྱུར་འགྲོ་ཡི་ཡོད་པའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་ལས་ཐོག་རྣམ་རྒྱལ་ཚེ་རིང་ལགས་དང་། ཚོགས་གཙོ་གསར་པ་ཀོ་ལི་གྷལ་གྱི་མཉམ་ལས་ཚོགས་གཙོ་བློ་བཟང་ཆོས་འབྱོར་ལགས་གཉིས་ལ་སྲིད་སྐྱོང་མཆོག་ནས་འཚམས་འདྲིའི་མཇལ་དར་གནང་།
མཛད་སྒོའི་ཐོག་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་ལགས་ནས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་སྐབས། ཕྱི་ལོ་ ༢༠༠༩ ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་ས་གནས་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ ༡༥ ལ་གསོལ་ཕོགས་བསྡོམས་སྒོར་ས་ཡ་ ༢༣།༦༣ དང་། ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་རྣམས་པའི་མཚན་དོད་ལ་ཁྱོན་སྒོར་ས་ཡ་ ༢།༡༦། ཤས་བདག་གི་ཕྲུ་གུའི་ཤེས་ཡོན་ཆེད་ཁྱོན་སྒོར་ས་ཡ་ ༢ བཅས་སྤྲད་ཡོད་པ་དང་། མཉམ་འབྲེལ་གྱི་ལས་མི་རྣམས་ལ་ཟབ་སྦྱོང་དང་ཤས་བདག་ཚོགས་མི་ལ་མཐུན་རྐྱེན། གཞོན་སྐྱེས་ལས་མེད་ལ་ལས་ཀའི་གོ་སྐབས་བསྐྲུན་ཡོད་པ་དང་། ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་ལ་མི་གནོད་པའི་ལས་གཞི་གང་མང་ལའང་ཆ་ཤས་བླངས་ཡོད་སྐོར་དང་། ད་ལྟ་སྦེང་ལོར་ལས་ཁང་དབུས་མའི་ས་ཁང་མ་གནས་སྒོར་ས་ཡ་ ༣༡།༢༦ དང་སྦེང་ལོར་བོད་ཀྱི་ཁྲོམ་རའི་མ་གནས་སྒོར་ ༡༨།༧༩ ཙམ། སྦེལ་ཀོབ་སྤྱི་མཉམ་ཡན་ལག་སྡེ་ཚན་གྱི་མཁར་དབང་མ་གནས་སྒོར་ས་ཡ་ ༡༤།༦༥ བཅས་ཁྱོན་སྒོར་ས་ཡ་ ༦༤།༦༢ ལྷག་ཙམ་གྱི་མ་གནས་གྱི་མཁར་དབང་ཡོད་པ་བཅས་མདོར་བསྡུས་ན། ད་ལྟ་བསྒྱུར་དཀའ་བའི་མཁར་དབང་གི་མ་གནས་རྩིས་གསལ་ལྟར་སྒོར་ས་ཡ་ ༨༦.༡༨ ཡོད་སྐོར་དང་། ཕྱི་ལོ་ ༢༠༠༦ དང་ ༢༠༡༢ དང་ ༢༠༡༧ བཅས་སོ་སོར་ཡུལ་མི་ཚོར་སྤྱི་མཚུངས་སྟོན་ཉེས་དང་འབྱུང་བའི་གོད་ཆག་གུན་གསེབ་ཆེད་ཁྱོན་སྒོར་ས་ཡ་ ༡༢༡ བཅས་ཀྱི་རོགས་རམ་གནང་ཡོད་པ་དང་། བོད་མིའི་མཉམ་འབྲེལ་ཁག་གི་ལས་བྱེད་གྲངས་ ༢༩༠ ཡི་རྩ་ཕོགས་ཀྱི་བརྒྱ་ཆའི་ ༤ དང་། འགན་འཐུས་གྲངས་ ༡༣༥ ཡི་མཚན་དོད་དང་ལས་དོད་ཀྱི་བརྒྱ་ཆའི་ ༢།༧༥ དང་། མཉམ་འབྲེལ་ཁག་གི་གཙང་ཁེའི་བརྒྱ་ཆ་ ༡༥ བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྤྱི་མཚུངས་ལྟར་དཔལ་འབྱོར་ལས་ཁུངས་ལ་འབུལ་བཞིན་ཡོད་སྐོར། གཞན་ཡང་། མཉམ་འབྲེལ་ལ་མི་མང་གི་ཡིད་ཆེས་ཆེ་རུ་འགྲོ་བཞིན་ཡོད་པས་དངུལ་བཅོལ་སྒོར་ས་ཡ་ ༡༣༣༧༦ ལ་ཟིན་ཡོད་པ་དང་། ས་གནས་མཉམ་འབྲེལ་ནས་ལོ་རེར་སྒོར་ས་ཡ་ ༡༤༥།༨༢ ཙམ་ཤས་བདག་མང་ཚོགས་ལ་སོ་ནམ་ཞིང་བུན་དང་སུད་ཚོང་། གླ་འཁོར་དང་བ་ཕྱུགས་ཉོ་བྱེད་སོགས་ཀྱི་ཆེད་བུན་གཏོང་གནང་གི་ཡོད་སྐོར་སོགས་བརྗོད་སོང་བ་དང་། མཇུག་ཏུ་སྤྱི་འཐུས་ལས་ཐོག་པདྨ་བདེ་ལེགས་ལགས་ནས་མཉམ་འབྲེལ་གྱི་ཚོགས་གཙོ་ཐེངས་ ༤ གནང་བ་སོགས་ལོ་ངོ་ ༢༠ ལྷག་ལ་ཞབས་ཞུ་ཞུས་ཏེ་མཉམ་འབྲེལ་གྱི་ཕ་ལྟ་བུ་ཆགས་ཡོད་པས་ཆེ་བསྟོད་མཚོན་བྱེད་དུ་བཀའ་དྲིན་ཆེ་ཞུས་སོང་།
དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ས་གནས་ཁག་ལ་བཅར་པའི་སྐབས་སུ་ཁ་ཤས་སུ་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མགོ་འཛིན་མཐུན་པོ་ཞེ་དྲག་འདུག དགོངས་པ་བཞེས་སྟངས་དེ་ས་གནས་མཉམ་འབྲེལ་དང་ས་གནས་མགོ་འཛིན་གང་ཡིན་ནའང་ས་གནས་དེའི་མི་མང་གི་ཆེད་དུ་བཟོས་པ་ཞིག་ཡིན་སྟབས་མཉམ་རུབ་ཀྱི་ལས་ཀ་བྱས་པ་མི་མང་ལ་ཁེ་ཕན་ཡོང་གི་འདུག་གསུང་མཁན་འདུག དེ་ནི་ལེགས་པའི་ཆ་རེད་བསམ་ཀྱི་འདུག ཡང་ས་གནས་ཁ་ཤས་སུ་ང་ཚོ་རང་སྐྱོང་ཡིན་པས་ས་གནས་མགོ་འཛིན་ལ་གང་ཡང་བསྟུན་དགོས་མེད་ལབ་ནས་རྒྱབ་འགལ་ལྟ་བུ་སྡོད་མཁན་ཡོད་པ་རེད། ང་ཚོ་སྤྱི་འཐུས་ཚོ་མར་བཅར་ཏེ་ཚོགས་འདུ་ཚོགས་པའི་སྐབས་སུའང་ང་ཚོ་ས་གནས་མགོ་འཛིན་འོག་ལ་མེད་ལབ་ནས་ཚོགས་འདུ་ལའང་མ་བཅར་མཁན་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དེ་ཏག་ཏག་བསྡད་ཡོད་པ་མ་རེད་བསམ་གྱི་འདུག གང་ལྟར་ས་གནས་གང་དང་གང་ཡིན་ནའང་དེའི་སྤྱི་ཁྱབ་ལྟ་བུ་དེ་ས་གནས་མགོ་འཛིན་ཆགས་ཡོད་པ་རེད། དེ་བས་རང་སྐྱོང་ཡིན་ནའང་ས་གནས་མགོ་འཛིན་དེའི་འོག་ལ་གནས་དགོས་ཀྱི་ཡོད་པ་རེད། ས་གནས་གང་དང་གང་གི་མཉམ་འབྲེལ་ཡིན་ནའང་ས་གནས་དེའི་མགོ་འཛིན་གྱི་ཁྱབ་འོག་ཡིན་པ་གསལ་པོ་མཁྱེན་དགོས་ཀྱི་ཡོད་པ་རེད། དེ་ནི་བཅའ་ཁྲིམས་དུའང་ས་གནས་འཐུས་ཚོགས་དང་ས་གནས་མགོ་འཛིན་ལ་དུས་ནས་དུས་སུ་ལས་དོན་སྙན་ཞུ་འབུལ་དགོས་པ་སོགས་གསལ་པོ་ཡོད་པ་རེད། དེ་བས་དོན་ངོ་མར་མཉམ་འབྲེལ་དང་ས་གནས་མགོ་འཛིན་གྱིས་མཉམ་རུབ་ཐོག སྤྱི་བའི་རྩ་དོན་ཆེད་ལས་ཀ་ག་རེ་བྱེད་དགོས་ཀྱི་ཡོད་པར་གོ་བསྡུར་སྦྱངས་བཤད་གནང་རྒྱུ་དང་། མཉམ་རུབ་ཀྱི་ནུས་པ་ཇི་ལྟར་སྤུངས་ཐུབ་པ་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག མདོར་ན་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་ནས་ཕྱག་ལས་གང་འདྲ་ཞིག་གནང་རུང་མ་ཤས་བདག་པོ་དོ་བདག་གཞིས་མི་ཚོར་དོན་དམ་གྱིས་མཐོང་རྒྱུ་ཡོད་པའི་ཕན་ཐོགས་སྒྲུབ་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ངོས་ནས་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ་བཙུགས་པ་དེ་བཞིན་གོ་ཆོད་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསུང་བཤད་གནང་སྐབས། ༧གོང་ས་མཆོག་ནས་དུས་རྟག་ཏུ་གཞིས་ཆགས་སྲ་བརྟན་ཡོང་དགོས་པ་གསུང་གི་ཡོད་པ་དང་། མཉམ་འབྲེལ་ཚོས་གང་འདྲ་བྱེད་ཀྱི་ཡོད་མེད་བཀའ་རྩད་ཕེབས་ཀྱི་འདུག་ལ། མཉམ་འབྲེལ་ཚོ་ལ་དགའ་ལྡན་ཕོ་བྲང་དང་འཛིན་སྐྱོང་བཀའ་ཤག་ནས་ཕྱག་རོགས་གནང་དགོས་ཀྱི་ཡོད་པའི་ལམ་སྟོན་ཕེབས་ཀྱི་འདུག དེ་བས་ད་ལྟ་བར་དུ་བཀའ་ཤག་ངོས་ནས་གང་ཐུབ་ཅི་ཐུབ་གནང་ཡོད་ལ། མ་འོངས་པར་ཡང་མཐུན་རྐྱེན་སྦྱོར་དགོས་པ་དེ་འདྲ་ཡོད་ན་ང་ཚོའི་ངོས་ནས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། སྤྱི་མཐུན་མཉམ་འབྲེལ་ངོས་ནས་ཕྱག་ལས་གནང་སྟངས་ཐད་དུས་དང་མཐུན་པར་འགྱུར་བ་བཏང་སྟེ་འཕྲུལ་ཆས་ཀྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ཅི་ཡོད་པ་སོགས་ལ་དགོངས་བཞེས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གཞིས་ཆགས་སྲ་བརྟན་གནས་དགོས་པ་ལ་མི་མང་ཚོགས་དགོས་ཀྱི་ཡོད་པ་དང་། དེར་ལས་ཀ་ཡོད་པ་དང་འཚོ་བ་སྐྱེལ་རྒྱུ་ཞིག་ཡོད་ན་མི་མང་གནས་ཐུབ་པས། ད་བར་དུ་མཉམ་འབྲེལ་གྱིས་ཐུགས་ཕན་གསོ་བའི་ཕྱག་ལས་གནང་གི་ཡོད་པ་དང་། ད་དུང་མུ་མཐུད་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང་། མཉམ་འབྲེལ་ཁག་ལྔ་ཙམ་སྐྱོ་བོ་དང་ཡར་རྒྱས་འགྲོ་ཡི་མེད་ཚོད་འདུག་པས། བསྐྱར་གསོ་བྱེད་པའི་རེ་བ་མེད་པ་ཡིན་ཚེ་ཟླ་སྒྲིལ་གཏང་ན་ག་རེ་ཆགས་ཀྱི་ཡོད་མེད་དང་ཕན་གྱི་ཡོད་མེད། བསྐྱར་གསོ་ཐུབ་མིན་ལའང་དགོངས་པ་བཞེས་དགོས་པ་ཆགས་ཡོད་པས། ད་ལྟ་ཤེས་ཡོན་གྱི་ཐད་ནས་སློབ་གྲྭ་ཁག་ལ་སློབ་ཕྲུག་མེད་པ་ལ་བརྟེན་ནས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་གི་ཡོད་པ་དང་། ནང་སྲིད་ནས་རྒས་གསོ་ཁང་ཁག་ཟླ་སྒྲིལ་གཏོང་གི་ཡོད་པ་བཞིན། མཉམ་འབྲེལ་ནས་ཀྱང་ཟླ་སྒྲིལ་གཏོང་དགོས་པ་དེ་འདྲ་ཡོད་ཚེ་གཏང་ན་འཕྲལ་ཕུགས་གཉིས་ལ་ཕན་པས་དེ་ལ་དགོངས་བཞེས་གནང་དགོས་སྐོར་སོགས་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་ཉིན་བཞིའི་རིང་མཉམ་འབྲེལ་ཁག་གི་ལས་བསྡོམས་དང་རྩིས་ཁྲ་ཁག་གི་ཐོག་བགྲོ་གླེང་དང་། མཉམ་འབྲེལ་སྲ་བརྟན་གནས་ཐབས་དང་སྤྱི་ཚོགས་ལ་ཞབས་འདེགས་ག་རེ་ཞུ་དགོས་མིན། ས་གནས་མཉམ་འབྲེལ་གྱི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་དང་། ཉིན་མཐའ་མར་གྲོས་ཆོད་གཏན་འབེབ་དང་། མ་འོངས་ལོ་གཅིག་ནང་ཅི་ཙམ་ལག་བསྟར་ཐུབ་མིན་ཐད་ཞིབ་འཇུག་གོ་བསྡུར་གནང་རྒྱུ་ཡིན་འདུག
བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཡོངས་ཐབས་སུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མ་ཐག་བོད་མི་ཁེར་རྐྱང་གི་གཞིས་ཆགས་ལས་གཞི་འཛུགས་བསྐྲུན་གནང་བ་མ་ཟད། གཞིས་ཆགས་ཁག་སྲ་བརྟན་དང་མི་མང་གི་འཚོ་རྟེན་ཡར་རྒྱས་ཆེད་ཁྲིམས་མཐུན་མཉམ་འབྲེལ་དེབ་སྐྱེལ་གནང་ཡོད་ཀྱང་། མཉམ་འབྲེལ་གྱི་སྒྲིག་ཁྲིམས་ལྟར་མ་ཤས་ཀྱི་བདག་པོ་རྣམས་ཀྱིས་རང་སྐྱོང་གི་སྟངས་འཛིན་འགན་ཁུར་ཞུས་མ་ཐུབ་པ་སོགས་ཀྱིས། བར་ལམ་མཉམ་འབྲེལ་ཁག་མང་པོར་གྱོང་གུད་དང་བུ་ལོན་ནང་ལྷུང་བའི་དཀའ་ངལ་བྱུང་བར་བརྟེན། ཕྱི་ལོ་ ༢༠༠༡ ལོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་བཀའ་ཤག་སྐབས་ ༡༢ པས་སེམས་འཚབ་ཆེན་པོས་གྲོས་ཚོགས་སྐབས་བཅུ་གསུམ་པར་མཉམ་འབྲེལ་གྱི་གནས་སྟངས་གསལ་བཤད་གནང་ཏེ་ཁྲིམས་སྒྲིག་ལྟར་སྒེར་བདག་ཅན་དུ་བསྒྱུར་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་བོད་མིའི་མཉམ་འབྲེལ་ཁག་ ༡༥ ལས་གྲུབ་པའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཞེས་པ་རྒྱ་གར་དབུས་མཉམ་འབྲེལ་ཁོངས་སུ་དེབ་སྐྱེལ་གནང་ཐུབ་ཡོད་འདུག
ད་ལྟའི་ཆར་མཉམ་འབྲེལ་ཁག་ ༡༥ ཡིས་སྒོར་འབུམ་ ༢༦༤ མ་འཛུགས་ཀྱིས་རྒྱ་གར་དབུས་གཞུང་གི་ (Milti-State Co-operative Society Act, 2002(39 of 2002) ཁྲིམས་གཞིའི་འོག་དེབ་སྐྱེལ་ཞུས་ཏེ་ཚོང་ལས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་བཞིན་ཡོད་པ་དང་། ད་ལྟའི་མཉམ་འབྲེལ་ཁག་ ༡༥ ནི་འབུམ་ལ་བསྟན་སྒང་། ར་ཝང་ལ་ཀུན་ཕན་གླིང་། རྡོར་གླིང་བསུ་ན་མདའ། ཏེ་ཛུ་དར་རྒྱས་གླིང་། ལ་དྭགས་བསོད་ནམས་གླིང་། སྦན་ད་ར་ནོར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། ངྷ་ས་མཉམ་ལས། མན་སྦར་ཕན་བདེ་གླིང་། ཨོ་རི་སཱ་ཕུན་ཚོགས་གླིང་། ཧོན་སོར་རབ་རྒྱས་གླིང་། ཀོ་ལི་སྒལ་དོན་ལྡན་གླིང་། མོན་གྷོ་འདོད་རྒུ་གླིང་། བྷེལ་ཀོབ་བདེ་སྐྱིད་སླར་གསོ། བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་བཅས་ཡིན་འདུག
གསར་འགོད་པ། ཀླུ་མགོན་ཐར།
ཨ་སྒོར་ས་ཡ་གཅིག་དང་1.50་ཕྱེད་ཀྱི་རོགས་སྐྱོར་གནང་བ་འདི་ཡག་པོ་འདུག་ངེས་པར་དགོས་པ་ཞིག་རེད།
སློབ་གྲཱ་ཟླ་སྒྲིལ་དང་རྒན་གསོ་ཁང་ཟླ་སྒྲིལ་གནང་རྒྱུའི་ལས་འཆར་
དེ་དག་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་གོ་དོན་དེ་ཡིན་ནམ་
དབུས་བོད་མིའིི་སྒྲིག་འཛུགས་ཀྱིས་གསར་གཏོད་དེ་ཡིན་ནམ་ཟླ་སྒྲིལ་གནང་
རྒྱུ་དེ་འཛིན་སྐྱོངས་འུ་ཐུག་པའི་ལས་འཆར་ཙམ་ལས་འཛིན་སྐྱོངས་ཚགས་ཚུད་
ཡིན་པ་ལ་ནམ་ཡང་ངོས་འཛིན་ཞུ་གི་མེད་ལ་མཉམ་འབྲེལ་ཁག་རང་་སྐྱོངས་་དུ་
བཟོས་པ་འདིའི་མ་འོངས་མཉམ་འབྲེལ་གྱིས་གནས་སྟངས་ག་འདྲ་ཆགས་
མིན་ཟུར་བལྟས་ལེབ་མཐོང་ལ་སོང་ད་ཡོད་མཉམ་འབྲེལ་ཁག་སྔར་ལམ་
བཞིན་ས་གནས་འགོ་འཛིན་མཉམ་འབྲེལ་གྱིས་ཚོགས་གཚོ་གནང་རྒྱུའི་ལམ་
ལུགས་ཐོག་ངེས་པར་དུ་ཕྱི་ལོག་རྒྱག་དགོས་པ་ནི་ས་གནས་མཉམ་འབྲེལ་
ཁག་ཚགས་ཚུད་དང་ཡར་རྒྱས་འགྲོ་བའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་
དང་སྤྱི་མཐུན་མཉམ་འབྲེལ་ནས་ཤེར་བདག་མི་མང་གི་ཕྲུ་གུ་ལ་སློབ་ཡོན་
གནང་བ་ལ་བསྔགས་བརྗོད་ཞུ་གི་ཡོད་ལ་ཤེས་བདག་མི་མང་ནང་ཉམས་
ཐག་དབུལ་ཕོང་ཚོ་ལའང་འཚོ་སྣོན་འབུལ་ཐུབ་ན་ཁ་ཡོད་ལག་ཡོད་ཀྱིས་
ཕན་ཐོག་ཡོང་རྒྱུ་བཅས་མཉམ་འབྲེལ་ནི་ས་གནས་མི་མང་གི་འཚོ་བར་འགན་
འཁུར་གནང་མཁན་གྱིས་མི་མང་སྤྱི་པའི་གཞུང་ཡིན་ན་མཉམ་འབྲེལ་ཟླ་སྒྲིལ་ཟེར་
བའི་ཐ་སྙད་དེ་ནི་ཐབས་ལམ་རྫོགས་ནས་འུ་ཐུག་གིས་སྐད་ཆ་ལས་གཞན་མ་མཐོང་
པ་དང་མཉམ་འབྲེལ་གྱིས་ཚོགས་ཆེན་འདི་ཚགས་ཚུད་ཡོང་བའི་སྨོན་འདུན་བཅས།