ལྡོམ་བུ།
ཉེ་ཆར་རྩིབས་རི་རྒོད་ཕྲུག་ཟེར་བའི་༧རྒྱལ་བའི་བཀའ་ལ་ཚད་འཛིན་བྱེད་མཁན་ཞིག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པའི་འཆར་གཞི་ཆེན་པོ་དྲུག་ཅེས་པ་དེ་༧གོང་ས་མཆོག་གི་དགོངས་པ་མིན་ཚུལ་དང་། དེ་ནི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་དགོངས་པ་ལ་སྒྲོ་སྐུར་ཞུས་པ་ཡིན་པར་མ་ཟད། ཁོང་ལ་མཛད་དཀའ་བཟོ་བ་ཡིན་ཚུལ་སོགས་ཉག་ཉོག་མང་པོ་ཞིག་བྲིས་འདུག་པ་ཁོང་དགོད་ཅིག་དང་ལྷན་ཡལ་བར་དོར་རྩིས་བྱས་ཀྱང་། མི་འདི་རིགས་ཀྱིས་༧གོང་ས་མཆོག་གི་དགོངས་པ་ལོན་མཁན་ནི་ཁོ་ཚོ་ལས་མེད་ཤག་དང་། གཞན་ཚོས་ཅི་ཞིག་བཤད་ཀྱང་ཁོ་ཚོའི་ལྟ་བ་དང་མ་མཐུན་ན་༧གོང་ས་མཆོག་གི་བཀའ་དང་འགལ་ཚུལ་སོགས་ཉག་ཉོག་བཤད་པ་མཚམས་མི་འཇོག་ལ། ༧རྒྱལ་བའི་བཀའ་ལ་སྒྲོ་སྐུར་ཞུས་པ་ཟེར་བ་ནི་མ་ཉེས་ཁ་གཡོགས་ཆེན་པོ་ཡིན་པས་འདིར་ཚིག་འགའ་སྤྲོས་པའི་འདུན་པ་བྱུང་།
དང་པོ། རང་ལུགས་འཇོག་པ།
དང་པོ་རང་ལུགས་འཇོག་པ་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་༧གོང་ས་མཆོག་གི་འཆར་གཞི་དང་པོ་ནི་རྒྱ་དམར་སྲིད་གཞུང་གིས་བོད་ནང་དུ་རྩ་གཏོར་བྱས་ཟིན་པའི་ནང་ཆོས་ཀྱི་རྩ་ལག་དགོན་སྡེ་ཁག་རྒྱ་གར་དུ་བསྐྱར་གསོ་གནང་རྒྱུ་དེ་ཡིན་སྟེ། བཙན་བྱོལ་དུ་འབྱོར་ནས་འཚོ་བའི་དཀའ་ངལ་དང་གནམ་གཤིས་འཕྲོད་མིན་སོགས་ཕྱིའི་དཀའ་ཁག་བརྒྱ་ཕྲག་མང་པོ་གདོང་ལེན་གྱིས་རྒྱ་གར་གཞུང་ནས་ཆོག་མཆན་ཞུས་ཏེ་སེ་འབྲས་དགའ་གསུམ་གྱིས་གཙོས་རིས་སུ་མ་མཆིས་པའི་ཆོས་སྡེ་ཁག་བསྐྱར་འཛུགས་གནང་ཡོད་ལ། དེ་ནི་༧གོང་ས་མཆོག་གི་མཛད་ཆེན་རྣམས་ཀྱི་ནང་ནས་མཛད་ཆེན་གལ་ཆེ་ཤོས་དེ་ཡིན་མོད། རྩིབས་རི་རྒོད་ཕྲུག་ཟེར་བ་ཁྱོད་ཀྱིས་སྐབས་དེར་༧གོང་ས་མཆོག་གིས་ས་ལས་རྡོ་ལས་གནང་མེད་པས་ཁོང་ལ་བྱས་རྗེས་དེ་མེད་ཟེར་རྒྱུ་ཡིན་ན་བདག་ཅང་མི་སྨྲའོ། །
འཆར་གཞི་གཉིས་པ་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་དགོན་སྡེ་ཁག་བསྐྱར་འཛུགས་ཀྱིས་ནང་ཆོས་ཉམས་པ་སོར་ཆུད་གནང་རྒྱུ་ཞེས་པ་དེ་རེད། འདིར་དགོན་སྡེ་ཁག་བསྐྱར་འཛུགས་ཞེས་པ་དགོན་པ་དང་ལྷ་ཁང་བཞེངས་པ་ཙམ་ལ་མི་གོ་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣལ་མ་ཚོའི་ནང་ཆོས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་བ་ལའང་གོ་དགོས་ཏེ། ༧གོང་ས་མཆོག་མོན་དང་ལ་དྭགས་ཁུལ་དུ་ཡང་ནས་ཡང་དུ་ཕེབས་ཏེ་དགོན་པ་བསྐྱར་བཞེངས་དང་བཤད་གྲྭ་གསར་འཛུགས་གནང་ཡོད་པར་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་བྱོལ་བའི་དགོན་སྡེ་ཁག་ཏུ་བཞེས་ནས་ནང་ཆོས་སློབ་གཉེར་གནང་བར་བསྐུལ་ཡོད་པར་མ་ཟད། མི་མང་རྣམས་ལའང་དབང་དང་ལུང་ཙམ་གྱིས་ཡིད་ཚིམས་ཏེ་སྡོད་མི་ཉན་པར་ནང་ཆོས་ལ་སློབ་གཉེར་མཐིལ་ཕྱིན་བྱེད་དགོས་ཚུལ་གྱི་བཀའ་སློབ་རྣམས་བགྲང་གིས་མི་ལང་མོད། ཧི་མ་ལ་ཡའི་རི་རྒྱུད་དུ་ནང་ཆོས་དར་རྒྱས་སུ་ཕྱིན་པའི་བྱས་རྗེས་༧གོང་ས་མཆོག་ལ་མེད་པ་འདོད་མཁན་གྱི་ལས་ངན་པ་ཁྱོད་ཀྱི་རྣ་བ་འོན་པའམ། ཡང་ན་ཁྱོད་ལས་མ་དག་པས་མ་གོ་བར་ངེས་སོ། །
འཆར་གཞི་གསུམ་པ་ནང་ཆོས་འཛམ་གླིང་དུ་ཁྱབ་སྤེལ་གནང་རྒྱུ་ཞེས་པ་དེ་ལ་མཚོན་ན་༧གོང་ས་མཆོག་ཨ་རི་དང་ཡོ་རོབ། ཉི་ཧོང་། ཐའེ་ཝན་སོགས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཕེབས་ཏེ་ནང་ཆོས་ཀྱི་ཁྱད་པར་དུ་འཕགས་པའི་ཡོན་ཏན་རྣམས་གསུང་གནང་གི་ཡོད་ལ། ༧གོང་ས་མཆོག་གང་ཕེབས་ས་རུ་ཆོས་ཚོགས་སྟོང་ཕྲག་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་བཞད་ནས། སྔོན་མ་ནང་ཆོས་ཀྱི་མཚན་གོ་མ་མྱོང་བའི་སྐྱེ་བོ་འབུམ་ཕྲག་མང་པོས་ད་ལྟ་ནང་ཆོས་ཉམས་ལེན་གནང་གི་ཡོད་མོད། དེའི་བྱས་རྗེས་ཀྱང་༧གོང་ས་མཆོག་ལ་མེད་པར་འདོད་མཁན་གྱི་ཁྱོད་ནི་ངོ་མ་ལས་ངན་པའོ། །
འཆར་གཞི་བཞི་པ་བོད་ནང་དུ་ནང་ཆོས་བསྐྱར་གསོ་ཞེས་པ་ལ་མཚོན་ན། རིག་གནས་གསར་བརྗེ་མཇུག་གྲུབ་རྗེས་དད་ལྡན་མི་མང་གིས་དགོན་སྡེ་ཁག་བསྐྱར་གསོ་བྱས་ཏེ་ཕྱི་ཚུལ་ནས་བསྟན་པ་སླར་ཡང་དར་ཡོད་པ་ལྟར་ཡོད་ཀྱང་། རྒྱལ་བའི་བསྟན་པ་ནི་ལུང་དང་རྟོགས་པ་གཉིས་ཡིན་པ་ལས། ས་རྡོ་རི་བྲག་རྣམས་མིན་པས་༧གོང་ས་མཆོག་གིས་ཀྱང་དེ་ལ་དགོངས་ནས་གདན་ས་དང་བཤད་གྲྭའི་དགེ་བཤེས་དང་མཁན་པོ་དཔེ་ཆ་བ་བརྒྱ་ཕྲག་མང་པོར་བོད་དུ་ཕེབས་ནས་དཔེ་ཁྲིད་གནང་དགོས་པའི་བཀའ་གནང་དང་གནང་མུས་ཡིན་ལ། དེང་སང་དགེ་བཤེས་དེ་འདྲ་འགའ་རེ་ལ་སློབ་མ་དཔེ་ཆ་བ་སྟོང་ཕྲག་ལྷག་འདུག་པས་དེའི་མཛད་རྗེས་ཀྱང་༧གོང་ས་མཆོག་ལ་མེད་པར་འདོད་མཁན་གྱི་ཁྱོད་ནི་སྙིང་རྗེའི་ཡུལ་ལོ། །
འཆར་གཞི་ལྔ་བ་ནང་ཆོས་རྒྱ་ནག་ཏུ་ཁྱབ་སྤེལ་གནང་རྒྱུ་ཞེས་པ་དེ་ལ་མཚོན་ན། རྒྱ་དམར་སྲིད་གཞུང་གིས་བཀག་འགོག་བྱེད་མིན་ལ་མ་ལྟོས་པར་རྒྱ་རིགས་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོ་༧གོང་ས་མཆོག་མཇལ་དུ་ཡོང་གི་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་ན་ཁོང་རྒྱ་ནག་ཏུ་ཕེབས་ནས་ཆོས་འབྲེལ་གནང་རྒྱུའི་དགོངས་པ་ཡོད་ཚུལ་ལན་གཅིག་མིན་པར་གསུངས་ཡོད་པར་མ་ཟད། ༧གོང་ས་མཆོག་གིས་བཏང་གནང་བའི་དགེ་བཤེས་དང་མཁན་པོ་རྣམ་པས་རྒྱ་ནག་ཏུ་ནང་ཆོས་ཁྱབ་སྤེལ་གྱིས་ད་ལྟ་རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གནང་མཁན་ཡང་ཁྲི་ཕྲག་ལྷག་ཡོད་པས་༧གོང་ས་མཆོག་ལ་དེའི་བྱས་རྗེས་ཀྱང་མེད་པ་འདོད་མཁན་ཁྱོད་སེམས་ཕམ་འོས་སོ། །
འཆར་གཞི་དྲུག་པ་ནང་ཆོས་རྒྱ་གར་དུ་བསྐྱར་གསོ་གནང་རྒྱུ་ཞེས་པ་དེ་ལ་མཚོན་ན། ༧གོང་ས་མཆོག་གིས་རྒྱུན་དུ་རྒྱ་གར་བ་ཚོ་ལ་བོད་ཀྱི་ཆོས་ནི་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན། ནཱ་ལེནྡྲའི་ཆོས་ནི་རྒྱུ་མཚན་དང་རིག་པ་འབའ་ཞིག་ལ་ཁུངས་གཏུགས་ནས་ཡོད་པས་ཚན་རིག་དང་མཐུན་པ་ཡིན་སོགས་གསུང་གི་ཡོད་ལ། ༧གོང་ས་མཆོག་གི་སྔོན་གྱི་དགོངས་གཞི་ཆེན་པོ་གསུམ་གྱི་སྟེང་རྒྱ་གར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་བསྐྱར་གསོ་གནང་རྒྱུ་ཞེས་པ་བསྣན་ནས་དགོངས་གཞི་ཆེན་པོ་བཞི་རུ་བསྒྱུར་གནང་ཡོད་མོད། ཁ་བྱང་བསྟན་གྱི་བྲག་ཕུག་ཁྱོད་ཀྱིས་དགོངས་གཞི་ཆེན་པོ་བཞི་པོ་ག་རེ་ཡིན་ཧ་གོ་མི་འདུག་པ་ནི་རྗེས་ལུས་ཆེན་པོའོ། །
གཉིས་པ། གཞན་ལུགས་དགག་པ།
གཉིས་པ་ཁྱོད་ཀྱི་ལུགས་དགག་པ་ལ། ཁྱོད་ཀྱི་རྩོམ་ཡིག་དེ་ལེ་ཚན་གཉིས་སུ་བགོས་འདུག་པ་ལས་ལེ་ཚན་དང་པོའི་ནང་མི་ཤེས་ཤེས་མདོག་དང་ར་མགོ་ལུག་སྦྱར་གྱིས་མང་པོ་ཞིག་བཤད་འདུག་པ་རྣམས་མདོར་བསྡུས་ན། ཁྱོད་ཀྱིས་ལབ་པ་བཞིན་”གུས་པས་མ་མཐོང་བ་དང་མ་ཐོས་པ་དེ་ལས་བསོད་དམན་སྟོབས་ཀྱིས་ཡིན” ཞེས་པ་ལྟར་དོན་ལ་གནས་འདུག་སྟེ་གོང་ཞུས་ལྟར་༧གོང་ས་མཆོག་གིས་སྲིད་སྐྱོང་གིས་གསུངས་པའི་འཆར་གཞི་དྲུག་གི་སྟེང་ཆུང་བྱིས་པའི་དུས་ནས་ད་ལྟ་ལ་ཐུག་གི་བར་ཕྱག་ལས་གནང་ཡོད་པར་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཚན་རིག་དང་མཐུན་པའི་ཆོས་གཅིག་པུ་དེ་ཡིན་ཞེས་ལན་གཅིག་མིན་པར་གསུངས་ཡོད་ཀྱང་ཁ་བྱང་བསྟན་གྱི་ཕུག་པ་ཁྱོད་ཀྱིས་ལོ་ངོ་ཉི་ཤུ་ཙམ་བླ་མ་བསྟེན་ཀྱང་ཐེངས་གཅིག་ཀྱང་གོ་ཡོད་མི་འདུག
༧གོང་ས་མཆོག་གི་ཞལ་རང་ནས་འཆར་གཞི་དྲུག་པོ་བང་རིམ་བཞིན་གསུངས་མེད་པ་རྒྱུ་མཚན་བགྲང་ནའང་འཐད་པ་མ་མཐོང་སྟེ་དེ་ལྟར་ན་ནང་པའི་སྡེ་སྣོད་གསུམ་པོའང་སངས་རྒྱས་ཀྱིས་གསུངས་མེད་པར་ཐལ་ཏེ། སངས་རྒྱས་ཀྱིས་འདི་ནི་འདུལ་བ་ཡིན་ནོ། །འདི་ནི་མདོ་སྡེ་ཡིན་ནོ། །འདི་ནི་མངོན་པ་ཡིན་ནོ། །ཞེས་བང་རིམ་གྱིས་གསུངས་མེད་པའི་ཕྱིར། དེ་བས་འཆར་གཞི་དྲུག་པོ་༧གོང་ས་མཆོག་གིས་བང་རིམ་བཞིན་མ་གསུངས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་ཚུལ་བཤད་པ་དེ་དཔལ་ལྡན་སྲིད་སྐྱོང་ལ་དམའ་འབེབས་སུ་འགྲོ་རྒྱུ་བསྐྱུར་ནས་ཁོང་ནི་སངས་རྒྱས་ཀྱི་ཉན་ཐོས་ཆེན་པོ་མངའ་བདག་འོད་སྲུང་སོགས་བཀའ་བསྡུ་བ་པོ་རྣམས་ལྟར་རྣམ་དཔྱོད་མཆོག་ཏུ་ཡངས་པ་ཞར་ལ་བསྟན་འདུག་གོ །
རྒྱུ་མཚན་དེ་དག་གིས་མ་འགྲིག་ན་ད་དུང་ཉིས་སྟོང་བཅོ་བརྒྱད་ལོའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྟེང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གོང་དང་འདྲ་བ་ཞིག་གནང་ཡོད་ལ། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་ཡོད་པས་གལ་སྲིད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་གི་བཀའ་ལ་སྒྲོ་འདོགས་གནང་གི་ཡོད་ན་ཐད་ཀར་གསུངས་སྲིད་མོད། དེ་ལས་ལྡོག་སྟེ་ཁོང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཞལ་འཛུམ་ལྷམ་མེར་བཞུགས་སོང་བ་ནི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་གི་དགོངས་གཞི་དང་མཛད་རྗེས་རྣམས་ངོས་ཟིན་འདུག་པ་མཁྱེན་པས་མིན་ཞེས་སུས་སྨྲ་སྤོབས། དེ་བས་ཁྱོད་ཀྱིས་༧གོང་ས་མཆོག་ཐུགས་ཀྱིས་དགོངས་པ་དེ་ཞལ་ནས་གསུང་མཁན་ཞིག་ཡིན་པ་སྒྲུབ་ཁུལ་གྱིས་ཁ་ཞེ་མི་མཚུངས་པའི་སྐྱེ་བོ་ཞིག་ཡིན་ལུགས་ཤུགས་ལ་བསྒྲུབས་པ་ཡིན་ནོ། །
ཁྱོད་ཀྱི་སྐད་ཆ་རྣམས་ནི་ཧམ་བཤད་དང་འཁྱོག་བཤད་ཡིན་པའི་ཁར་ལེགས་པར་བལྟས་ན་ནང་འགལ་ཡང་ཤིན་ཏུ་མང་པོ་འདུག་སྟེ། མགོ་ནས་དཔལ་ལྡན་སྲིད་སྐྱོང་གིས་གསུང་བཤད་གནང་ས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་ཆོས་དད་རང་དབང་གི་གལ་ཆེའི་རང་བཞིན།(Reincarnation in Tibetan Buddhism: The Importance of Religious Freedom) ཡིན་པ་ཁས་ལེན་བཞིན་དུ་འོག་ནས་བོད་མིའི་སྒྲིག་འཛུགས་དང། སློབ་གྲྭ་ཁག་ཀྱང་༧གོང་ས་མཆོག་གི་ཐོག་མའི་དགོངས་གཞིའི་གྲས་ཡིན་པས་སྲིད་སྐྱོང་མཆོག་གིས་མི་གསུང་དོན་ཅི་ཡིན་ནམ་ཞེས་དྲི་བ་དྲིས་ཏེ་སྲིད་སྐྱོང་མཆོག་ནི་བརྗོད་གཞི་དང་འབྲེལ་མེད་ཀྱི་བཀའ་མོལ་གནང་མཁན་གྱི་བླུན་པོ་ཁྱོད་འདྲ་བ་ཞིག་ཡིན་པར་འདོད་པའི་ལོག་རྟོག་ཕྱིར་བསྟན་པའི་ཁར་རང་ཉིད་ནི་གོང་དུ་ཅི་བཤད་འོག་ནས་བརྗེད་འགྲོ་བའི་སྣང་བ་རྒྱ་ཡན་པ་ཞིག་ཡིན་པ་གསལ་བར་བསྟན་འདུག དེར་མ་ཟད་ད་དུང་གོང་དུ་འཆར་གཞི་དྲུག་པོ་༧གོང་ས་མཆོག་གི་དགོངས་པ་མིན་ཚུལ་རྒྱས་པ་བཤད་རྗེས་འོག་ནས་འཆར་གཞི་གཞན་རྣམས་ཁོང་གི་དགོངས་པ་ཡིན་པའི་དབང་དུ་བཏང་ཡང་འཆར་གཞི་གསུམ་པ་མིན་ནོ།། ཟེར་བ་སོགས་སྔ་ཚིག་ཕྱི་འགལ་མང་དག་ཅིག་བཤད་འདུག་མོད་རེ་ཞིག་བསྐྱུངས་སོ། །
ཁྱོད་ཀྱི་རྩོམ་ཡིག་དེའི་ལེ་ཚན་གཉིས་པའི་ནང་དུའང་དགོད་བྲོ་བ་མང་པོ་འདུག་སྟེ། ༧གོང་ས་མཆོག་གིས་ནང་ཆོས་ཁྱབ་སྤེལ་གནང་གི་མིན་གསུངས་པའི་འགྲེལ་བཤད་ཆ་ཚང་བ་རང་གིས་བཀོད་བཞིན་དུ་ད་དུང་སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་འདུག་པ་རེ་འགའ་བཞིན་དྲངས་ན། ཆོས་ལུགས་ཤིག་ཁྱབ་སྤེལ་གཏོང་བ་ལ་ཁྱབ་སྤེལ་གཏོང་སྟངས་རིགས་གཉིས་ཡོད་ལ། གཅིག་ནི་ཆོས་ལུགས་དེར་མོས་པའི་འགྲོ་བ་རྣམས་ལ་ཆོས་ལུགས་དེ་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཡིན་ཞིང་། གཞན་དེ་ནི་ཆོས་ལུགས་གཞན་ལ་དད་པ་ཡོད་པའི་མི་རྣམས་ལ་ཁ་ཡག་ངོ་དགའ་དང་མགོ་སྐོར་བསླུ་བྲིད་ཀྱིས་རང་གི་ཆོས་ལུགས་ལ་ཞུགས་འཇུག་རྒྱུ་དེ་ཡིན། སྔ་མ་ནི་ཡང་དག་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་སྟངས་ཡིན་ལ། ཕྱི་མ་ནི་ཆོས་ལུགས་བསྒྱུར་བ་(converting religion)ཞེས་འཛམ་གླིང་ས་ཕྱོགས་གང་སར་རྩོད་རྙོག་ཆེ་བའི་ཆོས་ལུགས་སྤེལ་སྟངས་དེ་ཡིན། ༧གོང་ས་མཆོག་གིས་ཆོས་ལུགས་ཁྱབ་སྤེལ་གནང་གི་མིན་ཞེས་པ་ནི་ཕྱི་མ་དེའི་རིགས་གནང་གི་མིན་ཞེས་པའི་དོན་ཡིན་པ་ཁྱོད་ཀྱིས་ཀྱང་གསལ་ཐག་ཆོད་བཀོད་འདུག་སྟེ། “ཆོས་ལུགས་གཞན་གྱི་རྗེས་འཇུག་པ་སངས་རྒྱས་པའི་ཆོས་པར་བསྒྱུར་སྙམ་པའི་སངས་རྒྱས་པའི་ཆོས་ཁྱབ་སྤེལ་གྱི་བསམ་བློ་གཏན་ནས་གཏོང་མི་འོས་”ཞེས་ཁྱོད་ཀྱིས་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་ལུང་དྲངས་འདུག རྒྱུ་མཚན་འདི་དག་གིས་ཁྱོད་ཀྱིས་༧གོང་ས་མཆོག་སངས་རྒྱས་ཀྱི་བསྟན་པ་ལ་ཐུགས་ཁུར་མི་བཞེས་མཁན་གྱི་ཞིག་ཡིན་པ་བསྒྲུབས་ཐུབ་མེད་ལ། དཔལ་ལྡན་སྲིད་སྐྱོང་མཆོག་ཁོང་གི་དགོངས་པ་མི་ལོན་མཁན་ཞིག་ཏུ་བསྒྲུབས་ཐུབ་མེད། དེ་ལས་ལྡོག་སྟེ་རང་ཉིད་ཀྱིས་༧གོང་ས་མཆོག་ལོ་ཉི་ཤུ་བསྟེན་ཀྱང་ཁོང་གི་མཛད་རྗེས་ཀྱི་ཟུར་ཙམ་ཡང་རྟོགས་མེད་པ་གསལ་བར་བསྟན་པ་ཡིན་ནོ། །
མཇུག་ཏུ་རྩོད་པ་སྤོང་བ།
མཇུག་ཏུ་ངེད་གཉིས་ཀྱི་རྩོད་པ་སྤོང་བ་ལ། ཁྱོད་ཀྱིས་མཇུག་ཏུ་ལུང་རིགས་གཉིས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་དགོངས་པ་ལོན་མེད་པ་གསལ་བར་བསྒྲུབས་ཡོད་ཚུལ་བཤད་འདུག་མོད། དོན་དུ་རང་གི་དེ་ཉིད་གསལ་བར་བསྟན་འདུག་པའི་ཁར་ད་དུང་༧གོང་ས་མཆོག་གིས་མི་གཅིག་ལའང་ནང་ཆོས་ཁྱབ་སྤེལ་གནང་མེད་ཟེར་བ་སོགས་སྐད་ཆ་རྫབ་པོ་ཆེ་མང་དུ་བཤད་ནས་༧གོང་ས་མཆོག་གི་མཛད་རྗེས་ནག་གསུབ་གཏོང་བའི་སྦྱོར་ངན་སྤེལ་འདུག་པར་མ་ཟད། ༧རྒྱལ་བའི་བཀའ་ལ་ལོག་འགྲེལ་དང་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ལ་ལོག་བཤད་མང་དུ་བྱས་འདུག་པས་ཁྱོད་ནི་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མི་དགའ་མཁན་ཞིག་མིན་པའི་ཁུངས་སྣེ་གཅིག་ཀྱང་མི་འདུག་པའི་ཁར། ཁོང་ལ་བསམ་སྦྱོར་ངན་པ་འཆང་མཁན་ཞིག་ཡིན་པ་ལུང་རིགས་གཉིས་ཀྱིས་གྲུབ་འདུག་པས་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་ལེགས་བཤད་དེ་སེམས་སུ་ཉར་ནས་རེ་ཞིག་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་འཛིན་ན་ངོ་ཚ་ཁ་སྐྱེངས་ཀྱི་གནས་འདི་འདྲར་གྱར་མི་དགོས་ཙམ་ཡོང་ངེས་སོ། །
མཆན། གོང་དུ་བཀོད་པའི་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།
ཁྱེད་རང་གིས་ཁོང་གི་རྩོམ་ཡིག་ལ་རིག་གྲུབ་དགག་པ་རྒྱབ་པ་ཞིག་ཨེ་ཡིན། ཁྱེད་རང་སེམས་ལ་མ་གཟོད་པའི་ན་ཚ་ཞིག་གིས་བྲིས་པ་འདྲ་བོ་འདུག དོན་དག་ལྟ་བཟོ་གང་ཡང་མི་འདུག
ལྡོམ་བུ་ལགས། ཁྱོད་ཀྱིས་ཤེས་བཞིན་དུ་འདི་འདྲ་ཞིག་བྲིས་པ་ཡིན་ནམ། འོན་ཀྱང་མ་ཤེས་པ་ཡིན། མ་ཤེས་པ་ལ་ཉེས་པ་མེད་ཟེར་སྲོལ་ཡོད་པ་རེད། ཤེས་བཞིན་དུ་ལོག་འགྲེལ་བྱས་ན་དེ་ལས་ཐབས་སྐྱོ་བ་ཞིག་ཡོད་པ་མ་རེད། །
རྩིབས་རི་རྒོད་ཕྲུག་གིས་བྲིས་པ་དེ་ངོ་དེབ་ནང་ལ་ཁྱབ་སྤེབ་ཤུགས་ཆེན་བཏང་སོང་། ལྡོམ་བུས་བྲིས་པའི་ལན་གནད་འགག་འདི་ངོ་དེབ་ནང་སྤེལ་མི་འདུག དེ་འདྲ་ཕྱོགས་རིས་གནང་བ་དེ་ཧ་ཅང་ཐབས་སྐྱོ་བོ་རེད།
༑ ལྡོམ་བུ་ཁོང་ནས་རིག་པ་ཡག་པོ་བཀོད་འདུག་པ་ཐུཌ་རྗེ་ཆེ།
ཆོས་སྤེལ་ཞེས་པའི་སྤེལ་ཡུལ་ལ་གོ་རྒྱུ་འགའ་ཤས་་ཡོད་རེ། རང་རེའི་དཔེ་དེབ་ནང་མདོ་ཁམས་དབུས་གསུམ་ནང་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེ་གནང་ཞེས་སྐབས་སངས་རྒྱས་པའི་ཆོས་ལ་གོ་སྨད་པ་མ་ཚད་ཆོས་ལ་ཤེས་སྒོམ་སྤེལ་མཁན་རྣམས་སུའང་སྟོན་པའི་དགོང་པར་གསལ་སྟོན་གནང་བའང་ཆོས་སྤེལ་བ་ཞུ་ཚོད་ཡིན་འདུག།
༸གོང་ས་མཆོག་ནས་ཕྱིས་སུ་ནང་ཆོས་ལ་དད་མོས་ཞུ་མཁན་ཕལ་ཆེར་ནུབ་ཕྱོགས་ཚོགས་ཤིག་ནང་སྤྱིར་བཏང་ངས་ནང་ཆོས་སྤེལ་གྱི་མེད་ཀྱང་ཐེངས་འདིར་ཁྱེད་ཚོས་རེ་འདུན་ལྟར་ངས་ནང་ཆོས་གསུང་གི་ཡིན་པའི་བཀའ་ཕེབས་ཡོད།
བསྡོམས་རྒྱབ་ན་རང་མོས་དགོས་པ་ལས་སྤྱིར་ཟེར་སྲོལ་ཡོད་པ་ལྟར་ལག་འདིར་ཡོད་པའི་ཟས་འདི་ཟ་དགོས་ན་ལག་ཕ་ལོས་ཀྱི་ཆོས་དེར་འཇུག་དགོས་སོགས་ཀྱི་ལམ་ལུགས་དྲི་མ་ཅན་དེ་དག་ལས་གྲོལ་དགོས་པའི་བཀའ་དང་དེར་འཇུག་པའི་སྐྱེ་བུ་དམ་པའི་ལམ་ཉམས་ལེན་སྤེལ་བཞིན་པར་དད་གུས་མོས་གསུམ་གྱིས་བརྒྱ་རྩ་ཞུ་དགོས་ལས་ཕན་ལས་གནོད་ཆེ་བའི་ཡོ་བསྲང་ལྟ་བུ་བྱས་ན་ཅི་ཕན།
༄། འཛམ་གླིང་སྟེང་ཆོས་ལུགས་ལ་མ་བརྟེན་པའི་བཟང་་སྤྱོད་དངརྒྱ་གར་ནང་མནའ་བོའི་རིགས་གཞུང་གསུང་གི་ཡོད་པ་ཚང་མས་ཐུགས་ལ་བཞག་རོགས།།
༸ གོང་ས་མཆོག་གི་དགོངས་གཞི་གང་ལྟར་ཀྱང་ནང་ཆོས་འཛམ་གླིང་ལ་སྤེལ་ཟེར་ན་ཆོས་ལུགས་གཞན་མི་དགའ་བ་ཐག་ཆོད་རེད། ངས་ཤེས་པ་ལྟར་་ཡིན་ན་སོ་སོའི་གདོད་མའི་ཆོས་ལུགས་དེ་བཞིན་གནས་ན་ལེགས་ཚུལ་གསུང་གི་ཡོད་བསམ་བྱུང་། རྒྱ་གར་ནང་ལའང་ནཱ་ལེན་ཌའི་ལྟ་གྲུབ་གོང་འཕེལ་དུ་གཏོང་ཟེར་བ་ཙམ་ལས་ཧིན་ངྷི་བ་ཚོ་ནང་པར་བསྒྱུར་ཟེར་བ་དེ་འདྲ་གཏན་ནས་མེད། །
བཙན་ཚུགས་ཀྱིས་འགྲེལ་བཤད་འདི་འདྲ་ཞིག་རྒྱག་དགོས་དོན་ཤེས་སླ་སྟེ། མཚང་ལ་ཤིན་ཏུ་ཕོགས་པས་སོ།
རྐུན་མའི་རྒྱབ་ཏུ་ཇག་པ་ལངས་ན་བལྟ་རྒྱུ་ཞིག་འདུག
ཉག་ཉོག་མང་པོ་ལྟ་འདོད་མེད་ ཡིན་ཡང་ཉིན་ཤས་སྔོན་སྲིད་སྐྱོང་གིས་༧གོང་ས་མཆོག་གི་མཛད་ཆེན་གཅིག་ནི་ནང་ཆོས་འཛམ་གླིང་དུ་སྤེལ་རྒྱུ་དེ་རེད་ཟེར་ འདི་ནི་མ་ཤེས་ཤེས་ཏོགས་བྱས་པ་དང་༧གོང་ས་མཆོག་ལ་མཛད་དཀའ་བཟོ་གཞི་ཞིག་ཡིན་པ་ལས་དོན་དངོས་རྩ་བ་ནས་མིན། ༧གོང་ས་མཆོག་གིས་ནམ་རྒྱུན་ནས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེ་བྱེད་དགོས་པ་དང་ངས་ནང་ནམ་ཡང་ནང་པའི་ཁྱབ་སྤེལ་བྱེད་ཀྱི་མེད་ཟེར་བའི་གསུངས་དེ་ཚོ་རྩ་བ་ནས་གོ་ཡོད་ས་མ་རེད། ནམ་རྒྱུན་གསུངས་ཉན་གྱི་མེད་པའི་རྟགས་ལས་འདས་སོ།