མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་ཅི་ནས་ཀྱང་དགོངས་པ་ཞུ་རོགས་གནང་།

བོད་ཀྱི་དུས་བབ།
༢༠༡༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར།

དཔལ་ལྡན་སྲིད་སྐྱོང་དང་དཔལ་ལྡན་བཀའ་ཤག ཡང་ན་དཔལ་ལྡན་བཀའ་བློན་ཞེས་པའི་མཚན་གནས་འདི་དག བཟང་སྤྱོད་དང་དྲང་པོའི་བློ་ཁོག་ཁྱོན་ནས་མེད་པའི་ད་ལྟའི་བཀའ་ཤག་གི་མི་འགྲོ་འདི་ལྟ་བུ་དག་ལ་སྦྱར་ན་ལས་འབྲས་ཁྱད་གསོད་ཆགས་འགྲོ་ངེས་ཀྱི་བསམ་ཚུལ་ཡང་ཡང་འཁོར་གྱི་འདུག འདི་ལྟར་ལངས་ཤོར་ལྟ་བུས་མཚན་གནས་འདི་དག་སྦྱར་རྐྱང་བྱས་ན་མ་འོངས་པར་བོད་རང་གི་རྒྱ་ཆེ་མི་མང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་ཕྱོགས་གྲོགས་པོ་ཚོའི་ངོས་གཉིས་ཀ་ནས་ལོ་རྒྱུས་ལྡན་པའི་མཚན་གནས་འདི་དག་གསན་སྐབས་ཐུགས་སུན་ཉོབ་སྣང་ཡོང་མི་སྲིད་པ་མིན་སྟབས། རྩོམ་འདིའི་འགོ་བཙུགས་མ་ཐག་ཁོང་རྣམ་པར་མཚན་གནས་དེ་དག་སྦྱར་ནས་འབྲི་རྒྱུར་དཀའ་ངལ་ཆེན་པོ་བྱུང་། ཡིན་ནའང་། རྟ་ལམ་བོང་བུས་བཀག་པ་ད་ལྟའི་དུས་ཚོད་གཅིག་པུ་མིན་པ། མིའི་སྤྱི་ཚོགས་གང་སར་འབྱུང་བཞིན་པའི་གནས་སྟངས་ལ་རིགས་འགྲེས་ཏེ་རང་སེམས་རང་གིས་གསོ་བཞིན་རྩོམ་འདི་འབྲི་འདོད་བྱུང་།

སྤྱིར་བཏང་མང་པོ་བརྗོད་མི་དགོས་པར། བློ་བཟང་སངས་རྒྱས་ནས་འགན་བླངས་པའི་བཀའ་ཤག་སྔ་ཕྱི་གཉིས་ཀར་འཐུས་ཤོར་ཆེ་ཆུང་མང་པོ་བྱུང་ཡོད་པ་ནས། ཆེ་བ་༧རྒྱལ་བའི་ཐུགས་དཀྲུགས། སྲུང་མས་བཀའ་བཀྱོན་ཕོག མི་མང་གིས་ངོ་རྒོལ་བྱས། ༧རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་བྱུང་ཡོད་པ་བཅས་མི་མང་ནང་ས་རིས་ཐང་གསལ་དུ་གྱུར་ཡོད་ཀྱང་། དེ་དག་གབ་སྦས་དང་གླེང་མི་དགོས་པ་གཙོ་འདོན་བྱས་ཡོད་པ་དཔེར་ན། བློ་བཟང་སངས་རྒྱས་ཀྱིས་ངའི་གྲོགས་པོ་ཡིན་ཟེར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་དོན་གཅོད་ཀྱི་ལས་འགན་ཞུ་སྐབས། སན་ཕ་རིན་སེ་སི་ཀོར་དོལ་རྒྱལ་བསྟེན་མི་༧གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་སྔ་ཚུན་ནས་ཡིབ་སྟེ། ཆིབས་བསྒྱུར་སྐབས་སྐུའི་ཉེ་འཁྲིས་སུ་བཅར་ཏེ་ལོག་བཤད་བརྒྱབས་པའི་གནས་ཚུལ་བྱུང་བར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཛ་དྲག་ཏུ་གཟིགས་ཏེ་གྲོས་ཆོད་ཀྱི་ལམ་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པ་ཐག་གཅོད་གནང་། རྗེས་སུ་ཞིབ་འཇུག་ཚོགས་ཆུང་གིས་གྲུབ་དོན་སྙན་ཐོ་བཀའ་ཤག་གི་མཚན་བསྣམས་པའི་ད་ལྟའི་མི་འདི་དག་ལ་གནང་ཡོད་ཀྱང་། བཀའ་ཤག་གིས་སྙན་ཐོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབུལ་རྒྱུ་ལྟ་ཅི། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ལའང་ནང་དོན་སྙན་སྒྲོན་ཙམ་ཡང་ཞུས་མེད། མཐར་རྐུན་མར་དཔའ་དར་འཐེན་པ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གངས་སྐྱིད་དུ་ལས་ཀ་མུ་མཐུད་སྤྲད་ཡོད་པ་དང་། དེའི་སྟེང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དམིགས་བསལ་བསྐོ་བཞག་ཁ་ལ་འཁྱེར་ཏེ། དོན་དུ་སྒྲིག་གཞི་དོན་ཚན་དེ་དང་རྒྱབ་འགལ་གྱིས་ཚད་མཉམ་དྲུང་འཕར་ནས་དྲུང་ཆེར་གནས་སྤར་བསྐོ་བཞག་བྱས་ཡོད། ཡིན་ཡང་ཕྱི་ཚུལ་འཁྲབ་སྟོན་དུ་སྐལ་རྡོར་ལ་ཉེན་བརྡ་ཞིག་བཏང་སྟེ་འཐུས་པ་བྱས་ཡོད། སྐལ་རྡོར་ལ་ད་བར་ཉེན་བརྡ་ཐེངས་གསུམ་ཕོག་ཡོད། གཞུང་ཞབས་གཞན་ལ་ཉེན་བརྡ་ནི་གནས་སྤར་འགོག་བྱེད་ཅིག་ཡིན་ཡང་། བློ་བཟང་སངས་རྒྱས་ཀྱི་གྲོགས་པོ་ཡིན་སྟབས་ལྟོས་མེད་རང་བྱེད་བཞིན་པ་གཞུང་ཞབས་ནང་དུའང་བསམ་ཚུལ་ཤུགས་ཆེ་ཡོད་པ་གསལ་བོ་རེད། དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་བློ་བཟང་སངས་རྒྱས་གཉིས་ཁ་མཐུན་བྱས་ཏེ། བོད་ཀྱི་ཐེབས་རྩ་དང་མཉམ་བཞག་གཞུང་འབྲེལ་གན་ཡིག་ངོ་བཤུས་དོན་གཅོད་དང་བཀའ་དྲུང་ཡིག་ཚང་གང་གིའང་ཡིག་སྣོད་དུ་མ་བཞག་པར་ལྐོག་ཏུ་མེད་པ་བཟོས་པ་རེད། དེའི་རྒྱུ་མཚན་ནི་ཨ་རིའི་དོན་ཁང་དང་ཉི་ཧོང་དོན་ཁང་གཉིས་ཀ་ཁོང་གཉིས་ནས་འགྲོ་གྲོན་ཐབས་ཤེས་བཏང་སྟེ་ཉོས་པ་ཡིན་ཞེས། ༢༠༡༥ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་སྐབས་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཞལ་ཁྲ་ལམ་མེར་བཞུགས་ཡོད་པ་ཟུར་དུ་བཞག་སྟེ་རྒྱ་ཆེ་མི་མང་ལ་ཞལ་རྫུན་གྲངས་ལས་འདས་པ་གསུངས་ཡོད། དོན་ལ་དོན་ཁང་དེ་གཉིས་ཉོ་བྱེད་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་ཀྱི་ཐེབས་རྩ་ནས་བགོས་པའི་དོན་ཁང་གི་ཐོབ་སྐལ་གྱིས་སྤུས་གཟིགས་གནང་བ་རྩིས་ཞིབ་སྙན་ཐོར་ཧ་ཅང་གསལ་བོ་བཀོད་འདུག་པ་སོགས་སྐྱོན་དང་ནོར་འཁྲུལ་ཞིབ་པ་མ་འོངས་པར་དེབ་གཟུགས་སུ་ཐོན་ངེས་པས་སྐབས་འདིར་བརྗོད་པར་བྱ་བ་ནི།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ཇི་ལྟར་གསལ་བོ་བཀོད་པ་བློ་རབ་འབྲིང་མཐའ་གསུམ་གྱི་གོ་བས་ཆུན་པ་ནང་བཞིན་ཡོད་ནའང་། བཀའ་ཤག་གིས་ཉམས་ལེན་ཞུ་ཕྱོགས་དེ་ལས་ལྡོག་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཟུར་ཟ་གནང་ཡོད་པ་མ་ཟད། མི་མང་ཁ་ལ་འཁྱེར་ནས་ཐག་གཅོད་དྲང་བདེན་མ་བྱུང་བའི་བསམ་ཚུལ་མི་མང་ནང་འདུག་ཚུལ་ཀྱང་ལྟོས་མེད་ཀྱིས་བཀོད་འདུག ཐག་གཅོད་དྲང་པོ་བྱུང་མིན་བཀའ་ཤག་རང་ལ་རྩོད་བཤད་ཀྱི་ཡང་དག་པའི་ལྕེ་དང་། དེ་སྒྲུབ་བྱེད་ཀྱི་དཔང་པོ་ཚད་འཕེར་ཡོད་མེད་ལ་རག་ལས་པ། ཁ་མཆུ་ཨང་ ༢༠ པའི་ཆེད་དུ་འཚོགས་པའི་ཉན་ཞིབ་དག་གི་སྐབས་བཀའ་ཤག་ལ་དགོས་ངེས་ཀྱི་དུས་ཚོད་ཡོངས་རྫོགས་གནང་སྟེ་བར་དོ་ངོ་འཕྲོད་གསལ་བོ་གནང་བ་དེས་ཤེས་པ་ལས། ཉན་ཞིབ་གཅིག་ལའང་བཅར་མ་མྱོང་ཞིང་ཟེར་རྗེས་འབྲང་པའི་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་མི་ཁ་ཤས་ཀྱི་བབ་ཅོལ་ལ་གསན་ཏེ་མི་མང་ཞེས་པའི་ཚིག་སྤྱད་ཡོང་བ་འདི་དེ་བས་རང་མདོག་སྟོན་བྱེད་ཅིག་སྟེ། འུ་ཐུག་ན་དགྲ་ལ་ཡིན་ཡང་ལག་གདེང་སྦྲེལ་སྲིད་པའི་རྣམ་པ་མཚོན་བྱེད་ཅིག་རེད།

འདོད་བློ་མ་ཁེངས་པ་དང་ལས་འབྲས་དང་མཐུན་མིན་གྱི་ཚིག་ཙམ་ལ་སྐྱབས་བཅོལ་བ་ལས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་པ། བསྐྱར་ཞིབ་དང་དོགས་གཅོད། དོན་ཚན་ ༦༤ དགོངས་དོན་འོག་བསྐྱར་ཞིབ་གནང་ཆོག་པ་གསལ་ཡང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས་བསྐྱར་ཏུ་ཞུ་གཏུགས་ཀྱི་གཞི་རྩ་མེད་པ་གབ་ཡིབ། འཁྱོག་བཤད་ཅི་འདྲ་བྱས་ཀྱང་མི་མང་ལ་དབུ་སྐོར་ག་ནས་ཞུ་ཐུབ། དེ་མིན་དབུས་ལྷན་ཁང་ཞིག་གི་ལས་དོན་ཆེ་ཕྲ་གང་ཡང་པར་ཆས་ནང་གདོང་བསྟན་ཏེ་གསར་འགོད་པར་བཤད་དགོས་ཚེ། ཡ་གའི་སྲིད་སྐྱོང་ལྷན་ཁང་ཁག་ཏུ་མར་བབས་བབས་པ་ཡིན་པ་ཞིག་ལ། ཁ་མཆུ་ཨང་ ༢༠ པ་དང་འབྲེལ་ཏེ་གདོང་སྟོན་མ་ཕོད་པ་ནི། ཕུག་ན་བདེན་པ་མེད་པ། དོན་ལ་བློ་ཁོག་མེད་པ་ཉག་ཅིག་ཡིན་པ་གཤིན་རྗེའི་ཆོས་ཀྱི་རྒྱལ་པོས་ཀྱང་ཏན་ཏན་གསུང་གི་རེད། ལས་བྲེལ་ཡིན་ན། ཨ་ནེ་སྙིད་མོའི་ཆང་སར་ཉིན་ཕྱེད་གཏོང་ཐུབ་དོན་མེད་པས་རྫུན་དང་སྒྲུང་གིས་ནམ་རིང་མི་འཁྱོལ་བ་ཧ་ཅང་གསལ་བོ་ཆགས་སོང་སྙམ་པས། ད་ནི་ཚོད་ཅིག་འཛིན་རོགས་དཔལ་ལྡན་བཀའ་ཤག་ལགས།

ལར་ནས་ཤེས་ལྡན་གཟུ་བོར་གནས་པ། ངོ་ཚའི་གོས་དང་ལྡན་པ། རིག་པ་རྣལ་དུ་གནས་པ། སྤྱི་པ་ནམ་ཡང་རང་དོན་ཁོག་བཅུག་གིས་ཡལ་བར་མི་འདོར་མཁན་ཞིག་ཡིན་ན། ཇི་ལྟར་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ པའི་ནང་གསེས་ ༡ གསལ་བ་བཞིན། ‘‘ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་གཏུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་’’ ཞེས་པའི་བླ་ན་མེད་པའི་གནས་བབ་ལ་ལྟོས་མེད་སུས་བྱེད་ནུས་སམ།

བཀུར་འོས་མི་མང་གིས་མཁྱེན་གསལ་བཞིན། སྲིད་སྐྱོང་དང་བཀའ་བློན་ཚོས་ལས་འཁུར་དམ་བཅའ་ཕུལ་སྐབས། ‘‘༄༅། ། བདག་་་ བློ་བཟང་སེང་གེ་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་’’ཞེས་མནའ་བོར་ཏེ་དམ་བཅས་ཡོད།

འོན་ཀྱང་བཅད་ཁྲའི་ནང་གསལ་དུས་ཡུན་ཟླ་གཅིག་རིང་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ནས་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ བར་བཅད་ཁྲ་ཉམས་ལེན་བྱས་མེད་ཅིང་། དེ་རིང་ཚེས་ ༡༦ ཉིན་ད་དུང་གྲགས་འགུལ་གང་ཡང་མེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ ནང་། གལ་སྲིད་རྩོད་ལན་པས་བརྡ་ཐོར་བརྩི་བཀུར་མ་བྱས་ན། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༡༣ པའི་ནང་གསེས་ ༢ ། ‘‘བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།’’ ཞེས་པ་དང་འགལ་བར་ངོས་འཛིན་བྱས་ཡོད། ཞུ་སྦྱོར་པའི་ཞུ་རྩ་ཁྲིམས་ཞིབ་ཁང་གིས་ངོས་ལེན་གནང་རྗེས་རྩོད་ལན་པར་བརྡ་ཐོ་བཏང་བར་བརྩི་བཀུར་མ་བྱས་པ་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་གྱི་ཡོད་ན། ཆེས་མཐོའི་ཁྲིམས་ཁང་གིས་བཏང་བའི་བཅད་ཁྲ་ཉམས་ལེན་མ་བྱས་ན་བཅའ་ཁྲིམས་རིན་པོ་དང་འགལ་ཟིན་པ་ཐང་གི་གྲོག་མ་ལའང་ཞུ་ག་ལ་དགོས།

དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༡ ནང་གསེས་ཁ་པའི་ནང་དུའང་། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པ་བཀའ་བློན་འོས་འདེམས་ཁོངས་ཞུགས་རྒྱུ་དང་། བཅའ་ཁྲིམས་དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་མིའི་ནང་ཞུགས་རྒྱུ། བཅའ་ཁྲིམས་དོན་ཚན་ ༩༧ ། ༡༠༡། ༡༠༧། ཏེ་རང་དབང་ཅན་གྱི་སྡེ་ཚན་ཏེ་དབུས་འོས་བསྡུ་ལས་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་པ་བཅས་ཀྱི་འོས་མིར་ཞུགས་རྒྱུ་བཅས་བཀག་བསྐྱིལ། དེ་བཞིན་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བཟོ་ཆོག་པ་གསལ་བ་མ་ཟད། ད་དུང་དེར་བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་། གནས་ཕབ། གནས་དབྱུང་སོགས་ཐད་ཀར་གནང་ཆོག་པ་གསལ་བས། ཁྲིམས་སྒྲིག་གི་གནས་ཚུལ་ཞིབ་ཏུ་མ་སྦྱངས་པའི་རྒྱབ་སྐྱོར་པ་མི་མང་ཉུང་ཤས་ཀྱི་མདུན་སར་ཉི་མ་འཁྱོལ་ཐབས་དང་། མཉམ་དུ་སྡིག་པ་མིག་བཙུམ་བྱེད་པ། ཁྲིམས་ཀྱི་དབང་བསྒྱུར་ཡང་རང་ལ་ཐུག་ན་གལ་ཆེར་མི་བརྩི་རུང་། སྲིད་སྐྱོང་དང་བཀའ་བློན་གྱི་མཚན་ལ་དགའ་བའི་སྤུན་ཟླ་ཕོ་མོ་ཚོས་རང་ཉིད་ལ་ཐར་ལམ་ཞིག་བཙལ་དགོས་པའི་དུས་ལ་བབ་འདུག་པ་ཅི་ནས་ཀྱང་ངོས་བཞེས་གནང་ན་མཛེས།

གུས་པའི་རེ་བ་ནི། ཡང་ན་ད་ལྟའི་བཀའ་ཤག་གི་གནས་སྟངས་འདི་བཞིན་རང་ཐོག་ཏུ་བླངས་ཏེ་གཏོང་ལེན་གྱི་སྒོ་ནས་བསམ་བློ་བཏང་བ་ཡིན་ན། ངས་ནི་མི་ཚེ་ལྷག་མ་ཅི་ཡོད་དང་། ལྷག་པར་སྐྱེ་བ་ཕྱི་མ་རྣམས་ལ་ལམ་ཁ་ཞིག་ཏན་ཏན་སྐྲུན་རྒྱུར་འབད་བརྩོན་ཞུ་ངེས་ཡིན། ནོར་བ་ཡོང་སྲིད། སྤྱི་པ་རང་དོན་དུ་སྤྱད་ནས་ནོར་འཁྲུལ་བཟོས་པ་ནོར་ལུགས་ཚབས་ཆེན་ཡིན་ཡང་། ད་ནི་བྱུང་ཟིན་པས། ལམ་ཁ་ཡག་ཤོས་གཅིག་ཡོད་པ་ནི། འཇིག་རྟེན་ཀུན་ཏུ་དབྱར་གྱི་ཆུ་བོའི་རྣམ་པར་དར་སྲོལ་ཆགས་ཟིན་པ་ལྟར། མང་གཙོའི་ལམ་ལུགས་ནང་མི་མང་གི་བརྒྱ་ཆ་མང་ཆེ་བས་འདོད་མོས་ཁྱོན་ནས་མེད་པ། ཐ་ན་ཡིད་ཆེས་ཚུན་བརླགས་ཟིན་པའི་རྣམ་པ་བསྟན་པ་ཡིན་ན། ངེས་པར་བཟང་སྤྱོད་དང་ལྡན་པའི་ངང་དགོངས་པ་ཞུ་དགོས་པ་རེད། དེ་ནི་ཚུལ་མཐུན་གྱི་ལམ་ཁ་གཅིག་པུ་དེ་རེད། དེས་རང་ཉིད་བདེ་བ་དང་ཡང་དག་པའི་ལམ་ལ་དགོད་པ་ཙམ་མིན་པར། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་སྒྱུར་བ་དང་། བོད་མིའི་མང་གཙོ་སྔར་ལས་ཡང་དག་པར་སྒྱུར་བ། བོད་ཀྱི་བདེན་དོན་འཐབ་རྩོད་ལ་ནུས་ཤུགས་གསར་པ་ཁ་སྣོན་བྱས་པ་དང་མཚུངས་པས་དེ་ལ་ཅི་ནས་ཀྱང་དགོངས་པ་བཞེས་དགོས་པ་རེད་སྙམ། ངས་བསམས་ན་ལམ་ཁ་འདི་ད་ལྟའི་བོད་ཀྱི་དམ་ལྡན་ལྷ་མི་ཡོངས་ཀྱི་དགོངས་ཚུལ་རེད་སྙམ། གལ་སྲིད་བཀའ་ཤག་ཐུགས་ཡིད་མི་ཆེས་ན། ད་བར་ཆོས་སྐྱོང་ཁག་གིས་བཀའ་ཤག་ལ་བསྩལ་བའི་བཀའ་ལུང་ཁག་ལ་བསྐྱར་ཞིབ་ཅིག་གནོང་དང་། ཡིད་ལ་ལྗིད་ཏིག་གེར་འབབ་པ་ཞིག་ཏན་ཏན་ཡོད་པ་རེད།

ཡང་ཕྱོགས་གཞན་ཞིག་ནས་ཞུས་ན། ད་ལྟའི་སྲིད་སྐྱོང་དང་བཀའ་བློན་རྣམ་པར་ནོར་འཁྲུལ་ཚབས་ཆེན་ཡོད་ཀྱང་། འཇོན་ནུས། མཁྱེན་དཔྱོད། བཟང་སྤྱོད་ཀྱི་ཆ་བཅས་ཀྱང་གང་འཚམས་ཡོད་ན་དེ་ཡང་བསམ་བློ་གཏོང་ས་ཞིག་ཡིན་མོད། ང་ཚོས་མཉམ་དུ་གྲོས་ཚོགས་ནང་བོད་སྤྱི་པའི་རྩ་དོན་དང་། སྒྲིག་འཛུགས་ཀྱི་ལས་དོན་ཆེད་ལོ་བཞི་ལྷག་ལ་རྣམ་དཔྱོད་གཅིག་ཏུ་སྤུངས་ཏེ། རྣམ་དཔྱོད་ཀྱི་བློའི་རྩལ་ཕར་གསལ་ཚུར་གསལ་ཆགས་ཡོད་ཙང་། དྲང་པོར་ཞུས་ན། ཁྱེད་རྣམ་པ་མེད་ཐབས་མེད་པ་དང་། ཁྱེད་རྣམ་པས་དགོངས་པ་ཞུས་པ་ཡིན་ན། དྲག་གྲས་གོ་འཕེར་ཞིག་སྒྲུག་རྒྱུ་མེད་པ་དེ་འདྲ་རྩ་ནས་མིན་པ། ཐོག་མར་བཀའ་བློན་དུ་སླེབས་སྟངས་ནས་ཤེས་གསལ་ཡིན་པས། ག་ས་གང་དུ་ཚད་འཕེར་གྱིས་ཁེངས་འདུག་པ་ཧ་ཅང་གསལ་བོ་རེད་འདུག་ན། མ་འོངས་པ་ལའང་ཐུགས་ཁྲལ་ཁྱོན་ནས་གནང་དགོས་དོན་མི་འདུག་སྙམ། དེས་ན་བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤིགས་འོ་མའི་མར་ལོ་ཅི་ཡིན་ཟེར་ན། དཔལ་ལྡན་སྲིད་སྐྱོང་དང་བཀའ་བློན་གྱི་མཚན་གནས་འོག་མི་སྒེར་ཆེན་པོའི་ཟོལ་དུ་བཞུགས་འདོད་བློས་ཐོངས་མིན་ཙམ་ལ་འཁྲིལ་ནས་ལྟོས་མེད་བྱེད་མིན་ཁོ་ནར་ཐུག་འདུག་པས། ན་ཚོད་ཀྱི་ཆ་ནས་ཞུས་ཀྱང་དགུང་ལོ་ཡར་ཕེབས་ཡོད་སྟབས། རབ་ཏུ་བྱུང་ན། ཚེ་མཇུག་དགེ་སྒྲུབ་ལ་འབད་དེ་བཀའ་ཤག་ལྷན་རྒྱས་ནས་དགོངས་པ་ཞུ་རོགས་གནང་ཞེས་མ་ཞུ་ཐབས་མེད་ཆགས་སོང་ངོ་།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོ་སྒེར་གྱི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 0

  1. ཐོས་པ་དགའ། says:
    ལོ་ 5 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། རང་ཉིད་ཁྲིམས་བཟོ་ལྷན་ཚོགས་སུ་ཡོད་པ་རེད། ཁྲིམས་ལ་མ་རྩིས་ན་ནག་ཉེས་ག་རེ་ཡོད་པ་ཡང་མཁྱེན་བཞིན་ཡོད་ཚོད་རེད། དེས་ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ནང་ནས་ཁྱོད་ཚོས་དོན་སྙིང་ལྡན་པའི་ལས་འགན་འཁུར་དགོས་པ་དུས་ལ་བབ་པ་རེད། ལྟ་རྒྱུ་ཡིན།

    Reply
  2. jimme baharu@yahoo. says:
    ལོ་ 5 སྔོན།

    ཤར་ཕྱོགས་ཁུག་རྟ་རང་ཉིད་རྒྱ་དམར་ཤོག་ཐབས་ཕྱོགས་གཅིག་འགྱུར་དང་འབྲེལ་བ་བྱས་ནས་
    དམར་ཤོག་སྒོར་མོ་ཐོབ་ཐབས་མ་བྱེད་ཨང།
    རིན་ཆེན་སྲོག་དང་བྲལ་ཡང་རྩ་བའི་བླ་མར་བཀུར་འདེབས་མི་ཞུ།
    ལྟོགས་ནས་ཤི་ལ་ཐུག་ཀྱང་རྒྱ་དམར་པོའི་སྒོར་མོ་མི་ལེན།

    Reply
  3. ཤར་མདའ། says:
    ལོ་ 5 སྔོན།

    སྤྱིར་བཏང་མི་སུ་ཞིག་ཡིན་ན་སྨྲ་ཤེས་པ་དང་དོན་གོ་བའི་མྱི་ཞིག་ཡིན་ཚེ་ངེས་པར་གནས་ལུགས་ཡོད་ན་ཁས་ལེན་དགོས་པ་ཆོས་ཉིད་རེད། དཔྱད་བརྗོད་གོ་སླའོ་འདི་འདྲ་དོན་སྙིང་ལྡན་པ་ཞིག་བྲིས་ཡོད་ན་ངེས་པར་ངོས་ལེན་བྱེད་དགོས་པ་དང་། དེ་རྒྱུ་མཚན་མེད་པར་མཐོང་ཚེ་ངེས་པར་གསལ་བཤད་དང་གནས་ལུགས་ཀྱི་ཐོག་ནས་གླེང་དགོས་པ་ལས་གང་ཟག་ཞིག་ལ་སྐྱོན་བརྗོད་བྱས་ནས་ཅི་ཕན་སྐུ་ངོ་ཆོས་འབྱོར་ལགས་ཀྱིས་དཔྱད་བརྗོད་དོན་སྙིང་ལྡན་པ་ཞིག་སྤེལ་འདུག་ཡི་རངས་ཡོད།

    Reply
  4. ཇ་ཚེ། says:
    ལོ་ 5 སྔོན།

    ཤར་ཕྱོགས་ཁུག་ལྟ་ལགས། །རྒྱ་དམར་དགྲ་ལ་དགྲ་བོ་མི་བརྩི་མཁན། །རང་བཙན་བོད་ཀྱི་ལོ་རྒྱུས་མི་བརྩི་མཁན། །ཁ་བའི་སྲིད་སྐྱོང་གུས་ཞབས་མི་བྱེད་མཁན། །ཤས་ཅན་ཕེན་ལ་སྐུ་ཞབས་ཞུ་མཁན་ཁྱོད། །མགོ་གཉིས་ཤར་ཁུག་ཁྱེད་ཀྱི་གཤིས་ལུགས་རེད། །ཁ་བའི་ཆབ་སྲིད་བཤད་པར་དགོད་རེ་བྲོ། །ཤར་ཁུག་དགྲ་བོ་རྒྱ་ལ་དགོས་པ་ཆེ། །ཆོལ་གསུམ་སྤུན་ལ་ཁྱོད་འདྲ་མི་དགོས་སོ།།

    Reply
  5. རྡོ་རྗེ་ཐར། says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཅད་ཁྲ་རྩིས་མེད་དུ་གཏོང་མཁན་ཞིག་ལ་ནམ་ཡང་རེ་བ་མེད། ད་དུང་སྤོབས་པ་མཐོན་པོས་མི་མང་གི་མདུན་ནས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཧམ་པ་ཆེ་བ་ནི་ཁོའི་རང་གཤིས་སུ་གྱུར་འདུག ད་ཡིན་ན་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་ན་ཏག་ཏག་རེད།

    Reply
  6. ཐོག་མདའ། says:
    ལོ་ 5 སྔོན།

    དགོངས་པ་ཞུ་དགོས་མིན་མ་ཤེས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གུས་ཞབས་དང་བརྩི་བཀུར་མེད་པ་ནི་རྒྱ་ཆེའི་མི་མང་ལ་བློ་ཕམ་ཆེན་པོ་བྱུང། ཁྲིམས་ལུཊ་མཁས་དབང་ཞིག་དང་དང་དཔལ་ལྡན་སྲིང་སྐྱོང་གི་མཚན་གནས་ཡོད་པ་ཞིག་གིས་རང་གཞུང་ཁྲིམས་ཞིབ་ཁང་ལ་སྣང་ཆུང་དང་གུས་ཞབས་མེད་པ་ནི་ཡིད་ཐང་ཆད་པ་ཞིག་རེད་དགའ།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་རྩ་འཛིན་ཁྲིམས་ཡིག་སོགས་ལ་ཞུ་སྦྱོར་བ་དང་རྩོད་ལན་པ་ཕྱོགས་གཉིས་ངོས་ནས་རྩི་བཀུར་དང་ཉམས་ལེན་ཞུ་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གུ་ཡོད།

    Reply
  8. kalsang dawa says:
    ལོ་ 5 སྔོན།

    ༄། རྡ་ཤོད་འུག་པས་ངུ་སྐད་རྒྱབ་རྒྱུ་ལས་གཞན་ནུས་པ་ཅི་ཡང་མེད་པས་སྙིང་རེ་རྗེ། གཞན་ནུས་པ་དང་མཐུན་རྐྱེན་འཛོམས་ན་བཙན་བྱོལ་བོད་མའི་བཅའ་ཁྲིམས་དོན་ཚན་ཉེར་དགུ་པ་ ནང་གསེས་གསུམ་པ་ ཀ་པའི་ནང་བཀའ་ཤག་ཡོངས་རྫོངས་འཕོ་འགྱུར་གཏོང་ཆོག་པའི་ཆ་རྐྱེན་ཁྲ་ལམ་མེ་གསལ་འདུག་གོ །

    Reply
  9. རང་བྱུང་རིག་པའི་རྡོ་རྗེ says:
    ལོ་ 5 སྔོན།

    ཁྲེལ་དང་ངོ་ཚ་མེད་པའི་མི་དེའི་ཇི་ལྟར་དགོངས་པ་ཞུ། ཧམ་སེམས་ཅན་གྱི་མི་དེའི་དགོམས་པ་ཇི་ལྟར་ཞུ། །

    Reply
  10. kongpo Bhu says:
    ལོ་ 5 སྔོན།

    ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་ལྷག་བསྡད་ལོ་གཅིག་དང་ཕྱེད་ཀ་ལྷག་ལ་མི་མང་གི་འགོ་འཁྲིད་པའི་ནུས་པ་དང་ཡིད་ཆེས། གདེངས་སྤོབས་ཤིག་སླེབས་མི་སྲིད་པ་རེད། ངོ་ཚ་ཁྲེལ་མེད་རང་རེད།

    Reply
  11. རྒྱབ་མདུན་ངོ་ལྐོག says:
    ལོ་ 5 སྔོན།

    རྡ་སའི་སྲིན་བྱ་གཉིས་པས་ཐན་སྐད་བསྒྲགས་འདུག ༄། ཤར་ཕྱོགས་ཁུག་རྟས་སྤྱི་མ་བྱས་པའི་སྔོན་ལ་བློ་བཟང་སེང་གེ་ལ་སྐྱོན་བརྗོད་དང་སྤྱི་འཐུས་བྱེད་པའི་རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་སྣོད་ཁྲིད་པའི་བཀའ་ཤག་ལ་སྔར་ཕྱི་བར་གསུམ་དུ་སྐྱོན་བརྗོད་མ་བྱས་པའི་ཉིན་མོ་ཞིག་སྔོན་ཆད་བྱུང་མ་མྱུང་ལ་ཕྱི་ཆད་ཀྱང་ཡོང་མི་སྲིད་པ་རྒྱ་ཆེ་མང་ཚོགས་ཀྱི་ཤེས་གསལ་ཡིན། འོན་ཀྱང་ད་རེས་ཁོས་བཀའ་ཤག་གི་མཚན་གནས་སྦྱར་ནས་འབྲི་རྒྱུ་དཀའ་ངལ་བྱུང་ལུགས་ཟེར་བ་འདི་ཅི་རེད། དུས་རྒྱུན་དུ་བཀའ་ཤག་ལ་སྐྱོན་མ་གཏོགས་ཡོན་ཏན་སྣ་གཅིག་མ་མཐོང་མཁན་མི་དེར་མིན་པའི་བཟོ་འདྲ། རང་ཉིད་མི་ཅི་འདྲ་ཞིག་ཡིན་པའང་དྲན་གྱི་མེད་པ་འདྲ་་་ཤུར་རེ་འོ།

    Reply
  12. བཙན་པའི་བུ་རྒྱུད། says:
    ལོ་ 5 སྔོན།

    དམ་འབུལ་བྱས་པའི་དམ་བཅའ་དང་ཞལ་བཞེས་གནང་པའི་མཚན་རྟགས་དེ་དག་ལ་དཔལ་ལྡན་བཀའ་ཤག་གིས་གུས་བརྩི་གནང་པའི་རེ་བ་ཡོད། གལ་སྲིད་དཔལ་ལྡན་བཀའ་ཤག་གིས་མ་གནང་པ་ཡིན་ན་རྗེས་སུ་སུས་ཀྱང་མི་བརྩི་སྙམ།

    Reply
  13. སྒྲོ་ཐུལ་ཅན། says:
    ལོ་ 5 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་ཡིས་མི་ཆུན་པ་ཞིག་སྤྱི་འཐུས་སྒེར་པ་ཞིག་གི་བསམ་འཆར་གྱིས་ག་ལ་ཆུན། དེ་ལས་ཉི་མར་བསྲོས་ནས་སྡོད།

    Reply
  14. ངག་དབང་བྱང་ཆུབ། says:
    ལོ་ 5 སྔོན།

    མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱི་བཀའ་ཤག་ཚང་མ་དགོང་པ་ཞུ་དགོས་ཟེར་བ་དེ། ཁོང་རང་སྤྱི་འཐུས་ཀྱི་ལས་འགན་ཇི་ཡིན་རྩ་བ་ནས་མི་ཤེས་
    པའམ་ཡང་ན་ཁྱད་སོད་རེད། བཀའ་ཤག་ནི་༧གོང་ས་མཆོག་གིས་བཀའ་ཁྱབ་གནང་སའི་ལས་ཁུང་ཨང་དང་པོ་དེ་ཡིན་ཅིང་། དེ་གོང་པ་ཅི་ནས་ཞུ་དགོས་
    པ་ཡོད་ན་དགོང་པ་གནང་མཁན་དེ་༧གོང་ས་མཆོག་ལས་གཞན་སུ་ཡང་མེད། སྤྱི་འཐུས་འདིའི་དམིག་ཡུལ་ནི་བཙན་བྱོལ་གྱི་གཞུང་འདི་གཏོར་འདོད་ལས་
    སྐྱོང་འདོད་རྩ་བ་ནས་མེད། སོ་སོ་སྒེར་གྱི་ན་ཚ་དེར་ལན་སློག་ཐུབ་ན་འདོད་པ་ཁེངས་པ་ལས། ༧གོང་ས་མཆོག་གི་བཀའ་དང་སྤྱིའི་སྒྲིགས་འཛུག་འདི་ལ་
    གཅེས་འཛིན་མེད་ལ། ཁོ་རང་གྲོས་ཚོགས་ཚོགས་དུས་གཉིད་ཉལ་ནས་སྡོད་མཁན་ཞིག་ལས་འགན་ཁུར་ཡོད་པའི་རྣམས་པ་མི་འདུག།

    Reply
    • Cchog says:
      ལོ་ 5 སྔོན།

      རེད་ཡ་།་བློ་བཟང་ཆོས་འབྱོར་། ཁྱེད་རང་སྒེར་གྱི་ན་ཚ་དེ་བཀའ་ཤག་མ་ཡོག་།
      དགོང་པ་ཁྱེད་རང་ཞུ་དགོས་
      སྤྱི་མཐུན་ནང་ལ་སྡད་ཡག་གི་ཐོབ་མི་འདུག་་ རྒྱ་ནག་གུང་ཁྲན་གྱི་དར་ཆ་་སྒྲེང་མཁན་དང་བཀའ་ཤག་དགོང་ཞུ་འདོད་མཁན་།
      སྤེན་ཚེ་ལ་ཁྱེད་རང་སྒེར་ནད་གཡུ་ས་མ་གནང་ཡག་གོ

      Reply
  15. རང་བྱུང་རིག་པའི་རྡོ་རྗེ says:
    ལོ་ 5 སྔོན།

    གལ་ཏེ་བོད་མིའི་བསྒྲིགས་འཛུགས་ལ་ལྷ་སྲུང་ཞིག་ཡོད་ན་དམ་ཉམས་ཁོང་བསྒྲལ་དགོས་པ་རེད། བཙན་བྱོལ་བོད་གཞུང་ཕུ་དཀྲུགས་འདའ་དཀྲུགས་བྱས་སོང་། །

    Reply
  16. བོད་མི་ངོ་མ། says:
    ལོ་ 5 སྔོན།

    བོད་ཀྱི་དུས་བབས་འདི་སྒོ་རྒྱབ་པས་རེ་བ་ཡོད། འདིས་གཙོ་བོ་བཀའ་ཤག་དང་མི་དམངས་ལ་ཁ་གཏད་ཅང་ཅང་བྱེད་པ་ཡག་པོ་མི་འདུག།

    Reply
  17. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    དགེ་སྐྱོན་མཛུབ་སྟོན་མང་གཙོའི་གཉེན།
    ངོ་སྲུངས་ཕྱོགས་གཏོགས་མང་གཙོའི་དགྲ།
    ཁྲིམས་འགལ་སྒྲིག་འགལ་མང་གཙོའི་དགྲ།
    ཁྲིམས་སྲུངས་སྒྲིག་སྲུངས་མང་གཙོའི་གཉེན།

    Reply
  18. Cchog says:
    ལོ་ 5 སྔོན།

    ཀྱེ་མ་ཀྱེ་ཧུད་. བློ་བཟང་ཆོས་འབྱོར་ལགས་ གོང་ས་མཆོག་གི་བཀའ་དགོངས་ཤར་གཅོད་བྱེད་མཁན་ལ་བཀའ་ཤག་ཟེར་། སྤེན་ཚེ་ལ་བཀའ་ཤག་གིས་དགོངས་དག་ཞུ་དགོས་ངེས་མ་མཐོང་།་ སྤེན་ཚེའི་དོན་གཅོད་ལས་དོན་སྒྲུབ་མཐུབ་ནས་གནས་ཡོག་ཕོག་པའི་མི་ཞིག་ལ་འགྱོད་བཤགས་དགོས་པ་མེད་། ངེས་གསལ་པོ་ཞུ་ཡག་ལ་སྤེན་ཚེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་མཁན་ད་ལྟའི་བཀའ་ཅག་ལ་འགྱོད་བཤགས་ངེས་པར་བྱེད་དལོས་ངེས་མཐོང་། བོད་མི་བསྒྲིགས་འཛུག་གཞུང་གི་སྤང་མི་ཕྱིར་ལོག་བཏང་་རྒྱ་ནག་གུང་ཁྲན་དཔེ་ལན་ནི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་།
    བོད་མི་སྒྲིགས་འཛུག་གཞུང་གི་སྤང་ཡིག་རྩིས་མེད་བཏང་ནི་རྒྱ་ནག་གུང་ཁྲན་གྱིས་བྱེད་ལཏང་ལ་ཡིད་ཆེས་ནས་ཁྲིམས་ཞིབ་ཁང་གི་གཅདཁྲ་།
    ༧གོང་ས་མཆོག་གིས་དུས་ལྟག་ཏུ་བཀའ་སློབ་ལ་སྒེར་དང་སྤྱི་གཙོ་བོ་འཛིན་དགོས་གསུང་་། བློ་བཟང་ཆོས་འབྱོར་་ཡིད་འཚལ་། མ་ཚད་ཁྱེད་རང་མདོ་སྨད་སྤྱི་མཐུན་གྱི་མགན་འཁུར་ནས་། རྒྱལ་བ་རིན་པོ་ཆེའི་བཀའ་ཤག་ཡིན་པ་དེ་ཁྱེད་རང་ངོ་ཤེས་པ་དགོས་།

    Reply
  19. jimme baharu@yahoo. says:
    ལོ་ 5 སྔོན།

    བཀའ་ཤག་ཅི་ནས་དགོངས་པ་ཞུ་རོགས་་་ཟེར་བ་དེའི་ཚབ་ཁྱེད་རང་བཀའ་ཤག་སྲིད་སྐྱོང་ལ་ལངས་ཀྱི་ཡིན་
    ཟེར་ནས་གསལ་བསྒྲགས་བྱེད་དགོས།
    རང་གི་རང་ལ་ལྟོས། དེ་མིན་ཁ་རོགས་སྡོད།
    བྱོན་ཡ་གང་ཡང་མེད་པར་ངག་བཀྱལ་གྱི་འཆལ་གཏམ་མ་ཤོད། ཁ་བདག་པོ་རྒྱབ་དགོས་་་དེ་མིན་སུ་གང་གི་
    ཁྱེད་ལ་ཆ་འཇོག་བྱེད་མཁན་ཡོང་གི་མ་རེད།

    Reply
  20. བསྟན་པ་ལེགས་ཚོགས་ says:
    ལོ་ 5 སྔོན།

    ༄༄། དེངས་ཀྱི་འཆར་རང་རེའི་སྤྱི་ཚོགས་འདི་བོད་མི་སྤྱི་ཡོངས་ནས་བློ་ཚབ་ཆེ་བའི་གནས་སྟང་ཞིག་ཆགས་ཡོད་པ་ནི་ད་ལྟའི་དཔལ་ལྡན་སྲིད་སྐྱོང་གིས་དབུས་བཀའ་གཤག་རྣམས་པས་ཆེས་མཐོའི་ཁྲིམས་གཞི་ཁང་གི་བཅད་ཁྲ་ལ་རྩིས་འཁུར་མ་གནང་བ་འདིས་ད་ཆ་རང་རེའི་བོད་མིར་༧གོང་ས་མཆོག་ནས་བརྩལ་བའི་མང་གཙོ་འདི་ཡང་མ་འོང་པར་གནས་སྟངས་ག་འདྲ་ཞིག་ཆགས་མིན་ལ་ཚང་མས་སེམས་ཚབ་ཡོད་པ་རྨོས་མི་དགོས་པ་རེད་ ཡིན་ན་ཡང་དེའི་ཐོག་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཞུས་རུང་དེས་དཀའ་ངལ་སེལ་བར་ཕན་རྒྱུའིཆ་རྐྱེན་དུ་མ་སོང་བར་ཆོལ་ཁ་དང་ལུང་ཚན་དེ་བཞིན་ཞུ་འབྱོར་བ་འམ་རྩོད་ལེན་པའི་ཕྱོགས་རྟོག་ལ་ངོས་འཛིན་བྱེད་པ་ལས་སྤྱི་པའི་ཐོག་གདུང་སེམས་མི་བྱེད་པའི་རྣམ་འགྱུར་དང་ཕན་ཚུན་རྩོད་པ་བྱེད་པ་འདིས་རྒྱ་ཆེའི་མི་མང་ནས་བསམ་ཚུལ་བཤོད་རྒྱུར་རྒོག་རྐྱེན་ཆེ་པོ་ཞིག་ཆགས་ཡོད་དུས་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་ནས་དེའི་ཐོག་དགོང་ཚུལ་གསུང་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་བ་དང་ཆབས་ཅིག་སྤྱི་པའི་ཐོག་ལྷག་བསམ་དང་བློ་བཟོ་བོར་གནས་པའི་བོད་མི་སུ་རུང་ནས་སྤྱི་སྨན་དགོང་འཆར་མང་ཙམ་གནང་ཐུབ་ན་སྤྱི་ཚོགས་ལྷིང་འཇག་ལ་ཕན་ཐོག་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་། བོད་རྒྱལ་ལོ་།།

    Reply
  21. Thutop gonlutsang says:
    ལོ་ 5 སྔོན།

    བློ་བཟང་ཆོས་འབྱོར་ཟེར་བའི་ཁྱི་རྒན་འདིས་ཐོག་མཐའ་བར་གསུམ་ལ་ང་ཚོའི་ཆེས་དགའ་མོས་བྱ་སའི་ད་ལྟའི་སྲིད་སྐྱོང་མཆོག་ལ་ཁྲག་དོག་གི་མེ་འབར་ནས་ཚིག་རྩུབ་ཀྱི་མདའ་མོ་འཕེན་བཞིན་པ་འདི་གྲངས་ཀྱི་མི་ལང་། ད་འོ་ན་ཁྱི་རྒན་ལ་ཁྱི་མིག་ཞིག་དང་ཁྱི་རྣ་ཞིག་ཡོད་ན་བོད་མི་རྒྱ་ཆ་དགུ་བཅུ་གོ་ལྔ་ལྷག་གིས་ང་ཚོའི་སྲིད་སྐྱོང་ལ་མིག་འཆི་མས་གང་བཞིན་ས་ཆ་ག་བ་ཕེབས་ཀྱང་དགའ་བསུ་་་་དགའ་འབོད་་་་དགའ་གླུ་གཏོང་བ་སོགས་བྱེད་བཞིན་པ་འདི་འདྲ་མི་མཐོང་ངམ་་་མི་ཐོས་པ་ཅི་རེད་དམ་། ་་ད་ངོ་མ་་མང་དྲག་སོང་ལགས་་་

    Reply
  22. འཚུབ་ཐེལ། says:
    ལོ་ 5 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་ཡིས་མི་ཆུན་པ་ཞིག་སྤྱི་འཐུས་སྒེར་པ་ཞིག་གི་བསམ་འཆར་གྱིས་གཅུན་ག་ལ་ཐུབ། དེ་ལས་ཉི་མར་བསྲོས་ནས་བསྡད་ན་དགའ།

    Reply
  23. རུ་དམར། says:
    ལོ་ 5 སྔོན།

    ཁྱོད་ལྟ་བུའི་སྤྱི་འཐུས་རྐྱང་རྐྱང་ཡོད་ན། ཏན་ཏན་བཙན་བྱོལ་སྤྱི་ཚོགས་ལ་རེ་བ་ཡོད་རེད། ཁྱོད་ནི་རང་གི་ནུས་པ་ཁོ་ན་ལ་བརྟེན་ནས་ཡར་ལངས་ནུས་ཤིང་། གྲོས་ཚོགས་ནང་དུའང་དམག་སྤྱི་ཆེན་མོ་ཞིག་ཡིན། འགག་སར་ཁྱོད་ལ་འཇམ་པོ་དང་ཚ་པོ། རྣོ་ངར་ལྡན་པ་སོགས་རྫོགས་ཡ་མེད་པ་ཞིག་ཡོད། བཀའ་དྲིན་ཆེ།

    ད་ཐེངས་བཀའ་ཤག་གིས་དགོངས་པ་ཞུ་རྒྱུར་སྒུག་ན་ཏག་ཏག་མ་རེད། མི་མང་གིས་གྱེན་ལངས་བྱས་ཏེ་བཀའ་ཤག་གནས་དབྱུང་གཏོང་དགོས། མི་མང་ལོངས་ཤོག མི་མང་ལོངས་ཤོག

    Reply
  24. རྣོ། says:
    ལོ་ 5 སྔོན།

    ད་ཐེངས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་ཀྱིས་དབང་བསྒྱུར་དང་སྲིད་དབང་སྒེར་སྤྱོད་པས་དབང་བསྒྱར་གང་དང་ཅི་ཞིག་ཡིན་མིན་གྱི་ཉམས་ཚོད་ལེན་པ་ཞིག་དང་། བཀའ་བློན་ཡིན་ཟེར་བའི་མི་འདི་དག་ལ་བཟང་སྤྱོད་དང་ཁྲིམས་སྲུང་གི་འདུ་ཤེས་ཡོད་མེད་གསལ་བོ་ཆགས་འགྲོ་བའི་སྐབས་ཤིག་ཡིན་པས་ན། ད་སྒུག་བསྡད་ནས་ཡོད་དོ།། ད་ཡིན་ན་ལྟད་མོ་འདུག་ད།

    Reply
  25. རྣོ། says:
    ལོ་ 5 སྔོན།

    ད་ཐེངས་ནི་བཙན་བྱོལ་བོད་སྒྲིག་འཛུགས་འདི་ཁྲིམས་ཀྱིས་དབང་བསྒྱུར་དང་སྲིད་དབང་སྒེར་སྤྱོད་པས་དབང་བསྒྱར་གང་དང་ཅི་ཞིག་ཡིན་མིན་གྱི་ཉམས་ཚོད་ལེན་པ་ཞིག་དང་། བཀའ་བློན་ཡིན་ཟེར་བའི་མི་འདི་དག་ལ་བཟང་སྤྱོད་དང་ཁྲིམས་སྲུང་གི་འདུ་ཤེས་ཡོད་མེད་གསལ་བོ་ཆགས་འགྲོ་བའི་སྐབས་ཤིག་ཡིན་པས་ན། ད་སྒུག་བསྡད་ནས་ཡོད་དོ།། ད་ཡིན་ན་ལྟད་མོ་འདུག་ད།

    Reply
  26. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    རྒྱུ་ཚན་འདུག་ལ་གནས་ལུགས་གསལ་སྟོན་ཡང་གནང་འདུག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་པ་དོན་ཚན་རེ་བཞི་པ་བསྐྱར་ཞིབ་ཀྱི་དུས་ཚོད་ལྷག་ཨ་ཡོད་ན་ཧཧཧ

    Reply
  27. kalsang dawa says:
    ལོ་ 5 སྔོན།

    ༄། ཤར་ཕྱོགས་ཁུག་རྟས་སྤྱི་མ་བྱས་པའི་སྔོན་ལ་བློ་བཟང་སེང་གེ་ལ་སྐྱོན་བརྗོད་དང་སྤྱི་འཐུས་བྱེད་པའི་རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་སྣོད་ཁྲིད་པའི་བཀའ་ཤག་ལ་སྔར་ཕྱི་བར་གསུམ་དུ་སྐྱོན་བརྗོད་མ་བྱས་པའི་ཉིན་མོ་ཞིག་སྔོན་ཆད་བྱུང་མ་མྱུང་ལ་ཕྱི་ཆད་ཀྱང་ཡོང་མི་སྲིད་པ་རྒྱ་ཆེ་མང་ཚོགས་ཀྱི་ཤེས་གསལ་ཡིན། འོན་ཀྱང་ད་རེས་ཁོས་བཀའ་ཤག་གི་མཚན་གནས་སྦྱར་ནས་འབྲི་རྒྱུ་དཀའ་ངལ་བྱུང་ལུགས་ཟེར་བ་འདི་ཅི་རེད། དུས་རྒྱུན་དུ་བཀའ་ཤག་ལ་སྐྱོན་མ་གཏོགས་ཡོན་ཏན་སྣ་གཅིག་མ་མཐོང་མཁན་མི་དེར་མིན་པའི་བཟོ་འདྲ། རང་ཉིད་མི་ཅི་འདྲ་ཞིག་ཡིན་པའང་དྲན་གྱི་མེད་པ་འདྲ་་་ཤུར་རེ་འོ།

    Reply
  28. སྤན་པ། says:
    ལོ་ 5 སྔོན།

    དོན་དངོས་དམར་རྗན་ལ་གསུངས་འདུག་སྐུ་ངོ་མཆོག་བཀའ་དྲིན་ཆེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese