ཨ་རིའི་དཔྱད་ཞིབ་ཁང་ཞིག་གིས་ཕྱི་ལོ་ ༢༠༡༩ ལོའི་རྒྱ་གར་གྱི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༩༤ ལ་འཕར་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༡༧ ཉིན། ཨ་རིའི་འཛམ་གླིང་མི་འབོར་དཔྱད་ཞིབ་ཁང་ (World Population Review) གིས་སྙན་ཐོ་བཏོན་པ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྱི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པར་གྱུར་ཡོད་པས། དབྱིན་ཡུལ་དང་ཧྥ་རན་སི་གཉིས་ལས་ཀྱང་བརྒལ་ཡོད་འདུག
དཔྱད་ཞིབ་ཁང་གི་སྙན་ཐོ་དེའི་ནང་བསྒྲགས་པ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྱི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ (GDP) ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༩༤ ལ་ཟིན་ཡོད་པས། དབྱིན་ཡུལ་དང་ཧྥ་རན་སིའི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ལས་བརྒལ་ཏེ། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པར་གྱུར་ཡོད་པ་དང་། རྒྱ་གར་ལ་མི་འབོར་ཆེན་པོ་ཡོད་རྐྱེན་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ནས་ཧིན་སྒོར་གྱིས་ཅ་དངོས་ཉོ་བའི་ནུས་བ་ (Purchasing Power Parity) ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༠།༥༡ ཡིན་ལ། དེ་ནི་ཉི་ཧོང་དང་འཇར་མན་གཉིས་ཀྱི་དངུལ་སྒོར་གྱིས་ཅ་དངོས་ཉོ་བའི་ནུས་པ་ཆེ་བ་ཡོད་འདུག དེ་བཞིན་རྒྱ་གར་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་ཡར་རྒྱས་བརྒྱ་ཆའི་ ༧།༥ ཡིན་ནའང་། མ་འོངས་ལོ་གསུམ་པའི་ནང་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཏེ་བརྒྱ་ཆའི་ ༥ ལ་མར་ལྷུང་སྲིད་པའི་ཚོད་དཔག་བྱས་འདུག
ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་སྒེར་གྱི་ཊུ་ཝེ་ཊར་སྤྱི་ཚོགས་དྲ་ལམ་དུ། རྒྱ་གར་གྱི་དཔལ་འབྱོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༥ ལ་བསྒྱུར་ཆེད། རྒྱ་གར་ནང་བཟོ་བསྐྲུན་ལས་གཞི་སྲ་བརྟན་དང་། རྒྱ་གར་གྱི་ཡུལ་མིའི་ཚོང་ལས་དར་སྤེལ་གཏོང་གི་ཡོད་སྐོར་བཀོད་འདུག
ཕྱི་ལོ་ ༡༩༩༠ ནང་ཙམ་ནས་རྒྱ་གར་གྱིས་དཔལ་འབྱོར་བཅོས་བསྒྱུར་བྱས་ཏེ། བཟོ་གྲྭའི་སྡེ་ཁག་ལ་གཞུང་གི་སྟངས་འཛིན་ཉུང་དུ་བཏང་བ་དང་། རྒྱ་གར་ནང་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་དང་མ་འཛུགས་ཐོག་སྲིད་བྱུས་གུ་ཡངས་སུ་བཏང་བ། གཞུང་གཉེར་ཚོང་ལས་ཁག་སྒེར་གཉེར་ཚོང་ལས་སུ་བསྒྱུར་ཡོད་པར་བརྟེན། རྒྱ་གར་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཡར་རྒྱས་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཤིག་ཏུ་གྱུར་ཡོད་པ་རེད།
དཔྱད་ཞིབ་ཁང་དེའི་སྙན་ཐོ་ལྟར་ན། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་དང་པོ་ནི་ཨ་རི་དང་དེའི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢༡།༤༤ དང་། གཉིས་པ་རྒྱ་ནག་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༤།༡༤ ། གསུམ་པ་ཉི་ཧོང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༥།༧༥། བཞི་པ་འཇར་མན་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༤།༠། ལྔ་པ་རྒྱ་གར་ལ་ཨ་སྒོར་ཁྲག་ཁྲིག་ ༢།༩༤ ། དྲུག་པ་དབྱིན་ཡུལ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༨༣ ། བདུན་པ་ཧྥ་རན་སི་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༧༡། བརྒྱད་པ་ཨི་ཊ་ལི་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༤ ། དགུ་པ་བྷི་ར་ཛིལ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡།༨༥ ། བཅུ་པ་ཁེ་ན་ཌ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡།༧༣ བཅས་ཡིན་འདུག
གསར་འགོད་པ། ཀླུ་མགོན་ཐར།