བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཡིན་པས་བོད་ཀྱི་བདེན་མཐའ་གསལ་བ་བྱ་བར་བོད་མི་མི་རེ་ངོ་རེར་འགན་ཡོད་པ་མ་བརྗེད་པ་བྱ་རོགས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་གཞུང་འབྲེལ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ (Frantisek Kopriva) མཆོག་དང་། དམིགས་བསལ་སྐུ་མགྲོན་སྐུ་ལྕམ་ (Dana Balcarova) མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་རྣམ་པ། ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། དྷ་སའི་སེར་སྐྱ་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འཛོམས་འདུག་ལ། མཛད་སྒོའི་ཐོག་ཕྱི་དྲིལ་རྒྱ་ཡིག་ཚན་པས་ཡིག་སྒྱུར་གནང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཡུ་ལོ་སྤྲུལ་སྐུ་ཟླ་བ་ཚེ་རིང་ལགས་ཀྱི་ལོ་རྒྱུས་རྒྱ་ཡིག་ཐོག་ཡོད་པ་ཞིག་དབུ་འབྱེད་གནང་སོང་།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་། ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་དམག་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་མི་རྣམས་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་འོག་ནས་བོད་རྒྱལ་ཁབ་ཆེན་པོ་དེ་ཉིད་ཧམ་བཟུང་བྱ་རྒྱུ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་ངན་བྱུས་བཅས་ཀྱི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་པར་བོད་རྒྱ་ཆེ་མི་མང་སྡོད་བཟོད་ཐུབ་ཐབས་བྲལ་བར་བརྟེན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་གསུམ་མི་མང་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་ཆེན་མོ་ཞིག་བྱས་ཏེ་ད་བར་ལོ་ངོ་ ༦༡ ཧྲིལ་པོ་འཁོར་བཞིན་ཡོད། སྒེར་ལངས་ཉིན་མོ་དེ་ནས་བཟུང་སྟེ་ལོ་ལྟར་བོད་མིའི་འདུ་སྡོད་གང་སར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་ཉིན་མོ་ཞིག་ཆགས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་རྗེས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པས། ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ཚུན་ཆད་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བརྩི་དང་། དུས་ད་ལྟའང་རྒྱ་དམར་གྱི་དམ་དྲག་ཅན་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་འདྲ་མིན་གྱི་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། གཞིས་བཞུགས་བོད་མི་རྣམས་དཀའ་སྡུག་ལས་མགྱོགས་མྱུར་གྲོལ་ཏེ་རང་དབང་གི་དཔལ་ལ་རོལ་ཐུབ་པའི་མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།གསུང་འཕྲིན་ནང་མུ་མཐུད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་དུས་ད་ལྟའང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྩིས་མེད་པ་ནི། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ལ་སོན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། བོད་མིའི་སྨྲ་བརྗོད་རང་དབང་འཕྲོག་པ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ། བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ། ཁྲིམས་ལུགས་དང་རྩ་འགལ་གྱིས་བྱ་རིམ་བརྒྱུད་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ། དཔེར་ན། སྤྱི་ཚོགས་དྲ་རྒྱའི་ཐོག་བོད་མི་ཁག་ཅིག་གིས་བསམ་ཚུལ་བཤད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བརྒྱུད་སྤེལ་བྱས་པ་ཙམ་ལ་ཁག་དཀྲི་བསྙོན་འཛུགས་ཀྱིས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པ། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་ཡ་ཆེན་སྒར་ནས་དགེ་བཙུན་ཞལ་གྲངས་ ༧༠༠༠ ལྷག་དགོན་པ་ནས་བཙན་གྱིས་ཕྱིར་འབུད་བྱས་པ། དེ་བཞིན་གསེར་རྟ་བླ་རུང་སྒར་ནས་ཀྱང་དེ་སྔོན་དགེ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་བྱས་ཏེ་གསར་འཇུག་ཚད་བཀག་བཟོས་པ། འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་ས་བཅད་ ༨ དང་དོན་ཚན་ ༤༨ ཅན་གྱི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྤེལ་བཟང་སྲོལ་ཡིག་ཟེར་བ་ཞིག་གཏན་འབེབས་བྱས་ཏེ་ཕྱི་ཟླ་ ༥ ཚེས་ ༡ ནས་ལག་ལེན་བསྟར་རྒྱུ་བྱས་པ། ཁྲིམས་ཡིག་དེའི་འོག་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་བཟང་པོ་སོགས་བོད་མིའི་ངོ་བོ་མཚོན་པའི་སྲོག་ཤིང་རྒྱ་མིའི་རིག་གཞུང་ནང་འཐིམ་འགྲོ་བའི་ཉེན་ཁ་བཟོས་པ། ཡང་ཉེ་བའི་ཆར་བོད་ལ་ལོག་མཁན་ཚོ་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ནས་ལེན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ་དོན་དག་ཡང་སྙིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་ཉམས་དམས་སུ་གཏོང་ཐབས་དང་རྒྱ་ནག་གཞུང་ལ་བློ་ཁ་ཕྱོགས་ཆེད་བསླུ་བྲིད་ཀྱི་བྱུས་ངན་འདིང་བཞིན་པ། ད་དུང་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་དང་། ཆོས་ལུགས་མི་སྣ། མང་ཚོགས་ཀྱི་ཆོས་དད་བཅས་ལ་དམིགས་སུ་བཀར་ནས་རིག་གསར་འཕྲུལ་ཆས་བརྒྱུད་དམ་དྲག་བྱེད་བཞིན་ཡོད་སྐོར་གསུངས་འདུག
ཡང་བོད་པ་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོལ་ཁ་འོས་ལུགས་ཙམ་བརྩད་ནས་ཆུ་ཚོད་གཏོང་བཞིན་པའི་སྐོར་ལ་གསུང་འཕྲིན་ནང་། དེང་གི་ཆར་རང་རིགས་མི་ཉུང་བ་ཞིག་གིས་སོ་སོའི་རྩ་ཆེའི་དུས་ཚོད་མང་ཆེ་བ་ཁ་པར་ནང་གི་སྐད་འཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་གི་ཐོག་བཏང་རྐྱེན་སྐབས་རེར་ཆོལ་ཁ་ཆོས་ལུགས་དང་བཅས་པའི་བོད་མི་ཕན་ཚུན་དབར་རྩོད་གཞི་བཟོས་ཏེ་ནང་ཁུལ་མི་འཆམ་པའི་དཀའ་ངལ་མཚམས་ཆད་རྒྱུ་མེད་པ་དེ་འདྲ་ཡོང་བཞིན་ཡོད་སྟབས། རྒྱ་ཆེའི་མང་ཚོགས་ནས་སོ་སོའི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མ་གཏང་བར་སོ་སོའི་མ་འོངས་པའི་མདུན་ལམ་དང་། བོད་ཀྱི་རྩ་དོན་ཐོག་གཏོང་ཐབས་དགོས་གལ་ད་རེས་གོ་སྐབས་འདི་བརྒྱུད་ནས་ཚང་མར་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཡིན་ཙང་བོད་ཀྱི་བདེན་མཐའ་གསལ་བ་བྱ་བར་བོད་མི་མི་རེ་ངོ་རེར་འགན་ཡོད་པ་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་དང་ཕེབས་པ་བཞིན། བོད་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཕྱིར་སོ་སོའི་སྐད་ཡིག་དང་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་དང་། བོད་མི་རིགས་ཀྱི་ངོ་བོ་ཆོས་དང་རིག་གཞུང་དེ་དག་རྩ་གཏོར་གཏོང་ཕྱིར་རྒྱ་ནག་གཞུང་གིས་ཐབས་རྒྱ་བྱུས་སྟོང་གིས་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས། དེ་བཞིན་མི་རབས་རྒན་པ་ཚོའི་བཀའ་དྲིན་བཅས་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་པར་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཅེས་གསུངས་སོང་།
ད་ལྟའི་ཆར་རྒྱ་ནག་གཙོའི་འཛམ་གླིང་ནང་ཁྱབ་བཞིན་པའི་ཏོག་དབྱིབས་འགོས་ནད་སྐོར་ལ། འདས་པའི་ཟླ་བ་གཉིས་ལྷག་གི་གོང་ནས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ནས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་འབུའི་འགོས་ནད་དེ་བོད་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཁྱབ་བརྡལ་འགྲོ་བཞིན་པའི་ཡིད་སྐྱོའི་ཛ་དྲག་གནས་ཚུལ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བློ་འཚབ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ནད་ཡམས་དེ་འཛམ་གླིང་བརྒྱ་ཆ་ཕྱེད་ཀ་ལྷག་གི་ནང་ཁྱབ་བརྡལ་འགྲོ་ཉེན་ཆེ་བའི་ཚོད་དཔག་བྱེད་བཞིན་ཡོད་འདུག་ན། འཛམ་གླིང་མི་མང་ཚང་མས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ནད་འབུ་མཆེད་ཡོང་སའི་ཝུ་ཧན་གྲོང་ཁྱེར་ནས་བོད་ནང་འགྲོ་སྐྱོད་ཀྱི་སྒོ་སྔོན་ཚུད་མ་བརྒྱབ་པར་བོད་ནང་གི་བོད་མི་ཚོར་སྲུང་སྐྱོབ་དང་སྨན་བཅོས་གང་ཡང་མེད་པར་ནད་འབུ་འགོས་ཆོག་ཆོག་གི་ཉེན་ཁ་བཟོས་པ་ཙམ་དུ་མ་ཟད། བོད་ཀྱི་ས་ཁུལ་རྟའུ་རྫོང་དུ་འགོས་ནད་དེ་ཉི་མ་ནས་ཉི་མར་ཇེ་མང་ཁྱབ་བརྡལ་དུ་འགྲོ་བཞིན་པར་བློ་ཕམ་ཤིན་ཏུ་ཆེ། བོད་དེ་རྒྱ་ནག་གཞུང་གི་དབང་འོག་ཏུ་ཡོད་སྟབས་བོད་ནང་གི་བོད་མི་ཚོར་འགོས་ནད་དེའི་དཀའ་ངལ་མི་འཕྲད་པ་བྱ་རྒྱུའི་འགན་འཁྲི་དེ་རྒྱ་ནག་གཞུང་ལ་ཡོད་པས་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་རོགས་སྐྱོར་ངེས་ཞུ་དགོས་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་གཞུང་ལ་བཀོད་འདོམས་ཡོང་བའི་འབོད་བསྐུལ་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་རིམས་ནད་དེ་གང་མགྱོགས་འགོག་ཐབས་དགོས་པའི་བསྐུལ་ལྕག་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།དེའི་རྗེས་དམིགས་བསལ་སྐུ་མགྲོན་སྐུ་ལྕམ་ (Dana Balcarova) མཆོག་ནས། བོད་མཐོ་སྒང་གི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ནི་ཨེ་ཤ་ཡ་ཙམ་དུ་མ་ཟད་འཛམ་གླིང་སྤྱིའི་སྣོན་བཅུད་ཀྱི་འཕེལ་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་པ། བོད་ནི་ཨེ་ཤ་ཡའི་གཙང་ཆུའི་འབྱུང་ཁུངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན། ཨེ་ཤ་ཡའི་རྒྱུགས་ཆུ་ཆེན་པོ་ཁག་དྲུག་གི་འབྱུང་ཁོངས་བོད་ཡིན་པ་དང་། བོད་ཀྱི་ཆུ་བོས་འཛམ་གླིང་གི་མི་འབོར་བརྒྱ་ཆའི་ ༤༠ ཙམ་གྱི་འཚོ་བརྟེན་ལ་འབྲེལ་བ་ཡོད་སྐོར། དེ་བཞིན་བོད་དང་ཅེག་མི་མང་གཉིས་བར་མཚུངས་ཆོས་མང་པོ་ཡོད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་དམར་ཤོག་དབང་ཆ་གཅིག་བསྡུད་ཀྱི་དབང་འོག་དུ་བསྡད་ཡོད་ནའང་། ཕྱི་ལོ་ ༡༩༨༩ ལོར་རྨི་ལམ་མངོན་འགྱུར་བྱུང་བ། ད་ལྟ་བོད་དོན་དེ་བཞིན་ཅེག་སྤྱི་རྒྱལ་ཁབ་ཀྱི་གནས་སྟངས་དང་གཅིག་མཚུངས་ཡིན་པས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་། དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་། བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ ༦༡ འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་ཡིན་ཞིང། ༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་། ངས་བོད་མིའི་འགོ་འཁྲིད་ཡུད་ཙམ་བྱས་པའི་རིང་སྔ་དྲོ་དེའི་གནས་ཚུལ་ལྟ་བུ་བྱུང་མ་མྱོང༌། ཕྲན་ནི་འབར་ལ་ཁད་པའི་མེ་རི་གཉིས་ཀྱི་བར་ན་གནས་པ་ལྟ་བུར་གྱུར་ཅིང༌། ཕྱོགས་གཅིག་ན་རྒྱ་མིའི་གཞུང་ལ་ངོ་རྒོལ་སྒོ་ཀུན་ནས་བྱེད་པའི་མི་མང་གི་སྐད་སྒྲ་ཞིག་ཡོད་པ་དང༌། ཕྱོགས་གཅིག་ན་མཚོན་ཆའི་དཔུང་སྟོབས་ཆེ་བའི་རྒྱ་མིའི་དམག་དཔུང་རྣམས་ཡོད། ཅེས་ཉིན་དེའི་ཛ་དྲག་ཆེ་བའི་གནས་སྟངས་དེ་ཉིད་འགྲེལ་བརྗོད་གནང་ཡོད། ཅེས་གསུངས་སོང་།དུས་དེ་ནས་བཟུང་ད་བར་རྒྱ་གཞུང་གིས་བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་ཙམ་སྤེལ་ཡང་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་། ཆོད་སེམས་བརྟན་པོའི་ཐོག་ལོ་རབས་བརྒྱད་ཅུའི་སྨད་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། ༢༠༠༩ ནས་རང་ལུས་མེར་སྲེག་གཙོ་བོར་གྱུར་པའི་ཞི་བའི་ལས་འགུལ་ཆེ་ཆུང་སྣ་ཚོགས་མུ་མཐུད་སྤེལ་ཏེ། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་མ་ཟད། འདས་གྲོངས་སུ་གྱུར་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚད་ལས་བརྒལ་བ་བཏང་ཡོད་པའི་ཁར། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། མི་རིགས་བཅས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ངན་བྱུས་རིམ་པ་བརྩམས་དང་རྩོམ་བཞིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དུ་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་དང་། བཀག་ཉར། མནར་གཅོད་གཏོང་རྒྱུ་སོགས་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད། ཅེས་གསུངས་འདུག
གསུང་འཕྲིན་ནང་མུ་མཐུད་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་སྔོན་འགྲོའི་འཛིན་གྲྭ་ནས་རྒྱ་ཡིག་ངེས་པར་དུ་བསླབ་དགོས་པའི་བཙན་བཀའ་བཏང་ཡོད་པ་ནི་སྲིད་དོན་དགོས་མཁོ་ཁོ་ནར་དམིགས་ནས་སྐད་གཉིས་སློབ་གསོ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེས་སློབ་ཁྲིད་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་འཕྲད་ངེས་ཡིན་པར་གསལ་འདོན་བྱས་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་སྤྲད་ཡོད་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ ༣༦ པའི་ནང་སློབ་ཁྲིད་བྱེད་པའི་སྐད་རིགས་སོགས་གཏན་འབེབས་བྱེད་རྒྱུའི་དབང་ཆ་འཁོད་པ་བཞིན། བོད་ནང་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ཁྲིམས་འཆར་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་སྐོར་ལ། འདི་ལོའི་ཟླ་ ༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པས། དེ་རིང་གི་རྗེས་དྲན་དུས་ཚིགས་དང་བསྟུན་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་སེ་པེ་ཊི་རིག་མེག་གོ་ཝན་མཆོག གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་ཧེན་རི་སི་མིཐ་མཆོག་གིས་གཙོས་པའི་ཁྲིམས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་གནང་བའི་རེ་བ་དང་བཅས་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མར་ཀོ་རུ་བི་ཡོ་མཆོག་དང་། མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་སྦེན་ཀར་ཌིན་མཆོག་གིས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡང་བོད་མིའི་སྒྲིག་འཛུགས་གལ་ཆེ་བ་དང་བོད་མི་ཚོས་མཐུན་སྒྲིལ་དགོས་པའི་སྐོར་ལ་གསུང་འཕྲིན་ནང་། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་གཞིས་བཞུགས་རྒྱ་ཆེ་མི་མང་གིས་རེ་བ་ཆེན་པོས་དཀའ་ངལ་ཁྱད་བསད་དང་སྙིང་སྟོབས་ཞུམ་པ་མེད་པར་རང་སྲོག་ཚུན་ཆད་བློས་བཏང་གིས་བོད་མི་རིགས་ཀྱི་ངོ་བོ་དང་ལ་རྒྱ་བརྟན་པོ་བཟུང་ཡོད་ལ། དེའི་དབང་གིས་ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བ་རྣམས་ཀྱི་སྙིང་སྟོབས་འཕེལ་གཞི་ཆགས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་རང་ཡལ་དུ་འགྲོ་བའི་ངན་རྩིས་རྒྱག་གི་ཡོད་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་བར་དུ་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། གཞིས་བཞུགས་བོད་མིའི་རེ་བ་སྐོང་ཐབས་སུ་འབད་བརྩོན་མུ་མཐུད་ཞུ་བཞིན་ཡོད་ན། གཞིས་བཞུགས་བོད་མི་ཡོངས་ཀྱིས་ཐུགས་གཡེང་མེད་པའི་ཐོག་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིག་གིས་ལས་དོན་བསྒྲུབ་གལ་དང་། རང་དབང་ཅན་གྱི་སྤྱི་ཚོགས་ནང་བཞུགས་པའི་བོད་མི་རྣམས་ཀྱིས་གཞན་གྱི་མགོ་སྐོར་འོག་མ་ཚུད་པར་སྤྱང་གྲུང་དང་ཡིད་གཟབ་ཀྱིས་བོད་སྤྱི་པའི་རྩ་དོན་འཐུས་ཤོར་མེད་པར་བསྒྲུབ་དགོས། འོན་ཀྱང་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་དང་། སྤྱི་ཚོགས་དཀྲུགས་ཏེ་རྒྱ་དམར་གཞུང་གི་དགོས་འདུན་སྒྲུབ་མཁན། དོལ་རྒྱལ་རྗེས་འབྲང་པའི་ཐ་ཤལ་གྱི་ལས་ཀ་བརྩམས་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་གདོང་ལེན་བྱ་རྒྱུ་ཡིན་པ་མ་ཟད། མི་མང་ངོས་ནས་ཀྱང་དེ་ལྟར་བྱ་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུགམཇུག་ཏུ། སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ (Frantisek Kopriva) མཆོག་ནས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཁག་བརྒྱད་ཀྱི་བོད་དོན་རྒྱབ་སྐྱོར་བ་གྲངས་ ༥༣ ཡོད་པ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གདན་ཞུ་བྱས་ཡོད་པ་མ་ཟད་སླར་ཡང་མགྲོན་འབོད་གནང་རྒྱུ་ཡིན། བདུན་ཕྲག་གསུམ་ཙམ་གྱི་གོང་དུ་གྲོས་ཚོགས་བྱིས་པའི་མིག་ནང་གི་བོད་ཅེས་བའི་བརྗོད་གཞིའི་ཐོག་རྒྱལ་ཡོངས་ཀྱི་སློབ་གྲྭའི་སློབ་ཕྲུག་ཚོས་བོད་དང་འབྲེལ་ནས་རི་མོ་བྲིས་པ་འགྲེམ་སྟོན་བྱས་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡུ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་ནང་འོས་འདེམས་བྱུང་ཡོད་པ་དང་། ཁོང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བའི་འགན་འཛིན་དུ་འདེམས་ཐོན་བྱུང་ཡོད་པས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ངོས་ནས་ཡུ་རོབ་མཉམ་འབྲེལ་མཐུན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་འབྲེལ་བྱ་རྒྱུ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོར་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར། ད་བཞིན་གསུམ་བཅུ་དུས་དྲན་ཉིན་མོ་དང་བསྟུན། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོར་རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་བྱུས་ནོར་ཁྲུལ་ཅན་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱི་ཁྲིམས་སྒྲིག་རྡོག་རོལ་གཏོང་བཞིན་པར་མོས་མཐུན་མེད་པའི་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གི་རྒྱབ་སྐྱོར་གནང་པའི་བསྒྲགས་ཡིག་ཞིག་སྒྲོགས་སྦྱང་གནང་སོང་།
གཙུག་ལག་ཁང་གི་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག སེར་སྐྱ་མི་མང་གིས་བཞུགས་སྒར་མེག་གྷན་ནས་དྷ་ཤོད་གྷམ་རོ་རྩེད་ཐང་བར་ཞི་བའི་གོམ་བགྲོད་ཀྱིས་སྐད་འབོད་གནང་སོང་བ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ནས་ཐུན་མོང་གི་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་སྔར་བཞིན་ཇེ་ཞན་ཞེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་སུ་འགྱུར་བ་གཏན་ནས་མངོན་གྱི་མེད་སྟབས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡིས་རྒྱ་ནག་དམར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་ངོ་རྒོལ་དང་། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་ཆུང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བསྐྱར་ནན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། ལས་འགུལ་བ་ཚོས་བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། བོད་ལ་རང་དབང་དགོས་པ། རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་བྱུས་མཚམས་འཇོག་དགོས་པ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་དགོས་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་སོང་།སྤྱིར་དེ་རིང་འཛམ་གླིང་གང་སར་བོད་མི་ཚོས་གསུམ་བཅུ་དུས་དྲན་སྲུང་གཙི་བྱེད་ཀྱི་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནི་རྒྱ་གར་ནང་ཧིན་རྡིའི་དུས་ཆེན་ (Holi) ལ་འཁེལ་ཡོད་སྟབས། བྷ་རོ་ཊ་ས་གནས་གཞོན་ནུ་དང་བྷ་རོ་ཊ་སློབ་ཕྲུག་མཐུན་ཚོགས་ཀྱིས་གསུམ་བཅུ་དུས་དྲན་ཉིན་མོ་སྲུང་གཙི་སྔ་སྣུར་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བྷ་རོ་ཊར་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་བརྒྱ་ལྷག་དང་། རྒྱ་གར་གྱི་སློབ་མ་དང་དེ་བཞིན་རྒྱལ་སྤྱིའི་སློབ་མ་བཅས་མཉམ་བཞུགས་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་གཙི་བྱས་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།