རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་མང་ཚོགས་ལ་སྒོ་ཕྱེས་ཡོད་སྐོར་བརྗོད་ཀྱང་བོད་ནང་གི་ཆོས་དད་རང་དབང་ལ་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་པ་དེར་སྐྱོན་བརྗོད་གནང་། རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་ནད་ཡམས་རྒྱ་ནག་ནང་ལོགས་སུ་འགོས་ཁྱབ་ཕྱིན་རྗེས། བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་ཁག་གཙོ་བོར་གྱུར་བའི་བོད་ཁུལ་ཡོངས་ཀྱི་དགོན་པ་དང་ལྷ་ཁང་། སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་ཀྱང་། ཉེ་སྔོན་ནས་རྒྱ་ནག་གཞུང་གིས་བཀའ་ཁྱབ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཁུལ་གཞན་དག་ཏུ་ཚོང་ལས་དང་བཟོ་ལས་བསྐྱར་དུ་མགོ་འཛུགས་ཏུ་བཅུག་ཡོད་པ་ལྟར། དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དེ་རིང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་དགོན་སྡེ་ཁག་ ༢༡༤ ཙམ་བསྐྱར་དུ་མང་ཚོགས་ལ་སྒོ་ཕྱེ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ལྷ་སའི་གཙུག་ལག་ཁང་གཙོས་པའི་སེ་ར་དང་འབྲས་སྤུངས། དེ་བཞིན། དགའ་ལྡན་བཅས་མུ་མཐུད་སྒོ་བརྒྱབ་ནས་འཇོག་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། དགོན་པ་ཕྱེ་མིན་ལ་མ་ལྟོས་པར་བོད་ནང་གི་ཆོས་དད་རང་དབང་ལ་མུ་མཐུད་བཀག་སྡོམ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Matteo Mecacci)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དེ་དག་བསྐྱར་དུ་སྒོ་འབྱེད་ཆོག་པའི་ཆོག་མཆན་སྤྲད་དེ་བོད་བརྒྱུད་ནང་བསྟན་གྱི་ཚོགས་སྡེ་ཁག་ལ་སེམས་གསོ་གཏོང་ཐབས་བྱས་ཡོད་ཀྱང་། བོད་ནང་གི་ཆོས་དད་རང་དབང་ཐོག་མུ་མཐུད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས། བོད་བརྒྱུད་ནང་བསྟན་གྱི་ཚོགས་སྡེ་ཁག་ནི་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུན་ལྡན་ཡིན་པར་སྟོན་བྱེད་གལ་ཆེན་ཞིག་ཆགས་ཡོད་པ་ཤེས་ཀྱི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་བོད་ནང་ཆོས་དད་རང་དབང་གི་གནས་བབ་རྒྱུན་ལྡན་མིན་པ་མ་ཟད། བདུན་གཅིག་གི་ཆུ་ཚོད་ ༢༤ རིང་རྒྱ་ནག་གཞུང་གིས་གསང་བའི་བརྙན་མིག་བརྒྱུད། བྱིས་པ་ཚོ་དང་རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་རྒྱུར་བཀག་སྡོམ་དང་སོ་ལྟ་སོགས་བྱེད་བཞིན་ཡོད། ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་སྣ་ཚོགས་བརྒྱུད་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་ ༢༠༡༡ ལོ་ནས་རྒྱ་གཞུང་གིས་ཕུགས་རྒྱང་རིང་བའི་བོད་ཀྱི་དགོན་སྡེ་ཁག་དོ་དམ་ཞེས་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གི་ལས་བྱེད་ ༣༠ ཡིས་གྲུབ་པའི་དགོན་སྡེ་དོ་དམ་མི་སྣས་ཆོ་ག་ཕྱག་ལེན་དང་ལས་དོན་ཡོངས་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། སྲིད་བྱུས་དེས་བོད་ཀྱི་དགོན་སྡེ་ཁག་ཏུ་གསར་ཞུགས་གྲྭ་པ་རྣམས་ལ་རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་སློབ་གསོ་སྦྱོང་བརྡར་སྤྲོད་ཀྱི་ཡོད་སྟབས། ལོ་རེ་ནས་ལོ་རེ་བཞིན་བོད་ཀྱི་དགོན་སྡེ་ཁག་གི་སློབ་གསོའི་ཁ་ཕྱོགས་ལ་ཤུགས་རྐྱེན་མི་ཉུང་བ་སྤྲོད་བཞིན་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གིས་“བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ལུགས་རིང་ལུགས་དང་འཆམ་མཐུན་དང་།” “ཆོས་ལུགས་ཀྲུང་གོ་ཅན་ལ་བསྒྱུར་བའི་སྲིད་ཇུས”ཟེར་བ་གཉིས་བོད་ནང་ལག་བསྟར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བོད་རིགས་གྲྭ་ཕྲུག་མང་པོ་རང་དགོན་ནས་ཕྱིར་འཕུད་བཏང་སྟེ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་གི་ནང་དུ་བཙན་འཇུག་བྱས་པ་དང་། ས་གནས་དགོན་སྡེ་ཁག་ནང་བོད་སྐད་ཡིག་ཟུར་ཁྲིད་བྱ་བར་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕ་མ་རྣམས་ལ་བཀོད་ཁྱབ་བཏང་སྟེ། དགུན་དུས་གུང་གསེང་སྐབས། ཕ་མ་རྣམས་ནས་སོ་སོའི་བུ་ཕྲུག་དགོན་སྡེ་ཁག་གཙོས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་བཅུག་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་དང་། གལ་སྲིད་བཀའ་ཁྱབ་ལ་བརྩི་འཇོག་མ་བྱས་ཚེ་ཕ་མ་ཚོས་ཉེས་ཆད་འཁུར་དགོས་སྐོར་སོགས་ཀྱི་འཇིགས་སྐུལ་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།