ཟླ་བ་ཚེ་རིང་། (ཧྥ་རན་སི།)
སྔོན་གླེང་།
གློག་བརྙན་ལ་དགའ་མཁན་ཞིག་ལ་མཚོན་ན། དེང་གི་ཁྱིམ་བཀག་ (Containment ) དུས་ཡུན་ནི་གོ་སྐབས་དང་དུས་ཚོད་བཟང་ཤོས་ཤིག་ཡིན། མི་ཚང་མས་རང་རང་གི་དགའ་མོས་འདོད་ཕྱོགས་དང་། ལྷག་པར་དུ། གང་མཁས་དེ་སྟོན་ལ་དྲ་ལམ་ནས་ཡིག་ངག་བརྙན་གསུམ་ཐོག་འབད་བཞིན་པ་ལྟར། ངས་ཀྱང་དུས་ཚོད་དང་གོ་སྐབས་འདི་རང་ཉིད་ཆེས་དགའ་སའི་གློག་བརྙན་ཐོག་གཏོང་རྒྱུ་འོས་ཤིང་འཚམ་པར་མཐོང་། འོན་ཀྱང་། ཐེངས་འདིའི་གོ་སྐབས་སྔར་རྒྱུན་ལྟར་གློག་བརྙན་གང་མང་མང་ལ་མ་བལྟས་པར། གཙོ་བོ་དེ་སྔ་རང་གིས་བལྟས་ཟིན་པ་དང་འབྱུང་འགྱུར་བལྟ་འདོད་ཡོད་པའི་གློག་བརྙན་ཁག་གི་“བརྙན་དཔྱད་”(Movie review/影评) དང་“བརྙན་བཤད་”(Talking movie/说电影) གཉིས་ཀྱི་ཐོག་བཏང་བ་ཡིན།
གཅིག རྒྱ་མོ་ཞིག་གི་རིག་གསར་ཚུར་སྣང་།
རྒྱ་མོ་ཁྲིན་ཁྲུང་ (陈冲/Joan Chen) ནི། དེང་སྐབས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ཞིག་ཡིན། ཁོ་མོར་ད་བར་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསུམ་ཡོད་པའི་ཁྲོད། གཉིས་ནི་རིག་གནས་གསར་བརྗེ་རྒྱུ་ཆར་བཟུང་བའི་གློག་བརྙན་ཡིན། ཁོ་མོས་གློགབརྙན་འདི་གཉིས་བརྒྱུད་ནས། ལོ་ངོ་བཞི་བཅུ་ལྷག་གི་ཡར་སྔོན་དུ་རྒྱ་ནག་ནང་བྱུང་བའི་ཟིང་ཆ་ཆེ་བའི་རླུང་འཚུབ་ཁྲོད་ཀྱི་མི་དང་མི་གཤིས་མཚོན་ཐབས་བྱས་ཡོད་ལ། གློག་བརྙན་འདི་གཉིས་བརྒྱུད་ནས་བོད་དང་ཡུ་གུར་དུ་བྱུང་བའི་ལོ་ཟླ་ནག་པོའི་རྨ་ཁ་སྟོན་ཐབས་བྱས་ཡོད།
<< ཁྲུས་རྫིང་། / 天 浴 >> ནི་ཁོ་མོས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་། འདིའི་མིང་གཞན་ལ་ << ཞཱིག་ཞཱིག གཞི་རིམ་ལ་མངགས་པའི་བུ་མོ། / Xiu Xiu: The sent-down Girl>> ཞེས་ཟེར། ༡༩༩༨ ལོར་རྩོམ་པ་པོ་ཡན་ཀུག་ལིན་ (严歌苓) གྱི་སྒྲུང་གཏམ་<<ཁྲུས་རྫིང་>>ཞེས་པ་འཁྲབ་གཞུང་དུ་བཅོས་ཏེ། ལིས་ཞོ་ལུའོ་(李小璐) དང་བློ་བཟང་ཆོས་འཕེལ་གཉིས་ཀྱིས་གཙོ་ འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན། གློག་བརྙན་འདིས་རིག་གསར་དུས་མཇུག་ཏུ་“ན་གཞོན་ཤེས་ཡོན་ཅན་”(知青) བུ་མོ་ཝུན་ཞཱིག་(文秀) བོད་ཁུལ་དུ་མངགས་ནས། བོད་མི་སྦྱིན་པ་དང་ལྷན་དུ་དམག་རྟ་གསོ་སྐྱོང་གི་སློབ་སྦྱོང་བྱེད་དུ་བཅུག བརྒྱུད་རིམ་དེའི་ནང་ཁོ་མོ་ཕྱིར་རང་ཡུལ་དུ་ལོག་ཆེད་རང་མོས་ ཀྱིས་རང་གི་ལང་ཚོ་ལ་རྡོག་རོལ་དུ་གཏོང་བཅུག་ནས་ངན་རུལ་དུ་སོང་བ་དང་། མཐར་ཁོ་མོ་རེ་ཐག་གཏིང་ནས་ཆད་སྐབས། སྦྱིན་པས་ཁོ་མོར་མེ་མདའ་བརྒྱབ་ནས་ བསད་དེ། དུར་འཇུག་འདས་མཆོད་བྱས་པའི་བྱུང་བ་རྣམས་གཏམ་རྒྱུད་དུ་བྱས་ཡོད།
གློག་བརྙན་དེའི་གཏམ་རྒྱུད་ཀྱི་བྱུང་རིམ་ནི་འདི་ལྟར། ཝུན་ཞཱིག་ནི་ཁྲིན་ཏུའུ་གྲོང་ཁྱེར་ནང་འཚར་ལོངས་བྱུང་ཞིང། རང་གི་སློབ་གྲོགས་གཞན་དང་འདྲ་བར་ལྷད་མེད་དྭངས་གཙང་དང་། རང་གི་འཚོ་བ་དང་འབྱུང་འགྱུར་ལ་ཧ་ཅང་གི་བརྩེ་བག་རྒོད་པའི་གྲོང་ཁྱེར་གྱི་ལོ་ཆུང་བུ་མོ་ཞིག་ཡིན། རིག་གསར་དུས་མཇུག་ཏུ་ཁོ་མོ་ཡང་“གཞི་རིམ་ལ་མངགས་པའི་”ལས་འགུལ་ནང་ཚུད་ནས། བོད་ཁུལ་དུ་གཟི་བརྗིད་ལྡན་པའི་“གསར་བརྗེའི་”ལས་དོན་སྒྲུབ་པར་འབྱོར། དེར་ཁོ་མོའི་མི་ཚེ་ ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། བོད་ཁུལ་དུ་འབྱོར་རྗེས་དེར་གསར་བརྗེ་ལས་དོན་བསྒྲུབ་རྒྱུ་མེད་ཐོག་འབྱུང་འགྱུར་ལའང་རེ་ལྟོས་བྲལ་བར་གྱུར། ཁོ་མོ་བོད་མི་ཉུག་རུམ་པ་སྦྱིན་པ་དང་སྡོད་གུར་གཅིག་ནང་བཀོད་སྒྲིག་བྱས་པས། ལུང་སྟོང་དེར་འཚོ་བའི་མཐུན་རྐྱེན་ཞན་པ་དང་། ཉིན་རེ་བཞིན་སུན་སྣང་གིས་བསྐྱལ་ དགོས་པ་དེ་མ་བཟོད་པར་ཁོ་མོ་རང་ཡུལ་དུ་ལོག་འདོད་སྐྱེས། ས་སྟོང་ལུང་སྟོང་དེར་འཇོག་རྒྱུའི་གསར་བརྗེའི་བྱས་རྗེས་མེད་ཅིང་། རང་ཡུལ་ན་རོགས་རམ་རྒྱབ་རྟེན་ མེད་སྟབས། རང་ཡུལ་དུ་ལོག་ཆོག་པའི་“དཔང་ཡིག་”ཅིག་ལེན་པ་ལའང་ཐབས་ལམ་དབེན། ལམ་ཁ་ཉག་གཅིག་ཡོད་པ་ནི། “ན་གཞོན་ཤེས་ཡོན་ཅན་”ཚོར་ལས་བགོས་དང་། ལྟ་རྟོག་བྱེད་མཁན་གྱི་“བཀོད་འདོམས་ཁང་”(指挥部) གི་ལས་བྱེད་ཚོའི་བསླུ་བྲིད་དང་ལེན་དང་རེ་འདུན་སྐོང་རྒྱུ་དེ་ཡིན། ཁོ་མོས་རང་མོས་ཀྱིས་རང་གི་ལང་ཚོ་ལ་རྡོག་རོལ་གཏོང་མགོ་བཙུགས། དཔང་ཡིག་དེའི་ཆེད་དུ་མོས་ཐ་ན་“བཀོད་འདོམས་ཁང་”གི་མ་བྱན་དང་སྒོ་སྲུང་། ས་རྡོ་སློག་མཁན་དང་བཅས་པར་མོ་ལོ་བཅུ་བཞིའི་ལང་ཚོ་ཕུལ།
རེ་བའི་མཇུག་འབྲས་ནི་ལྡོག་ཕྱོགས་སྟེ། མཐར་རང་ཡུལ་དུ་ལོག་པའི་དཔང་ཡིག་མ་རག་པ་མ་ཟད་གཞན་གྱི་བསླུ་བྲིད་འོག་གི་རྩེད་ཆས་སུ་གྱུར་ཏེ། ཕ་རྒན་སུ་ཡིན་མི་ཤེས་པའི་མངལ་སྦྲུམ་སྐབས། མོས་མཐའ་མའི་རེ་བ་ཁུར་ནས་“བཀོད་འདོམས་ཁང་”དུ་སོང་ཡང་། མགོ་ཁྲིད་ཚོས་“ཐང་བུ་”དེས་གསར་བརྗེའི་ དཔུང་རོགས་ཚོ་ནག་པོར་བཟོས་པའི་ཉེས་འཛུགས་བྱས་ཤིང་། མཐའ་འཁོར་གྱི་མི་ཚོས་དམའ་འབེབ་དང་མཐོང་ཆུང་གི་ལབ་གླེང་བྱས། སྨན་ཁང་ནང་ཕྲུ་གུ་མངལ་ འདོན་གྱི་གཤག་བཅོས་གྲུབ་ཏེ་ནད་ཁྲིའི་སྒང་ནས་མར་འབབ་དབང་མ་ཕྱིན་པར། དབང་བོ་སྐྱོན་ཅན་ཡིན་པའི་ལོ་གཞོན་ཞིག་གིས་བཙན་གཡེམ་བྱས་པ་མ་ཟད། མ་བྱན་དང་སྒོ་སྲུང་ཡན་གྱིས་རྩེད་ཆས་སུ་གྱུར་མྱོང་བར་མཚོན་ན། གསར་བརྗེའི་ཆེད་རང་གི་ཡན་ལག་ཀྱང་བློས་གཏོང་བྱས་པའི་ “དཔའ་བོ་”ཞིག་ལ་དེ་ནི་ འབབ་འོས་ཡིན་པའི་རྒྱགས་གཏམ་བཤད་དེ་འཕྱ་སྨོད་བྱས། གསོན་རེ་བྲལ་བའི་ཝུན་ཞིག་གིས་རང་སྲོག་གཅོད་འདོད་ཀྱང་ལག་འགུལ་མ་ཐུབ་སྟབས། སྦྱིན་པར་རང་གི་མི་ཚེའི་མཐའ་མཇུག་གི་རེ་འདུན་བཏོན། སྦྱིན་པས་ཝུན་ཞཱིག་“མྱུར་ལམ་”དུ་བརྫངས་ཤིང་། དགུན་འཁྱག་ནང་ཁོ་མོ་དགའ་སའི་སྤང་གཞུང་གི་ཁྲུས་རྫིང་ནང་ བཞག་ནས་དུར་འཇུག་བྱས།
གློག་བརྙན་འདིའི་རྒྱུན་ཐག་ནི་ཁྲུས་རྫིང་གསུམ་གྱིས་གྲུབ་པར་བྱས་ཡོད། ཝུན་ཞཱིག་སློབ་གྲྭ་གྲོལ་ནས་ནང་དུ་སླེབས་རྗེས། ཨ་མ་དང་སྲིང་མོ་གཉིས་ཀྱི་རོགས་རམ་དང་རྩེད་དགོད་ཁྲོད་གདོང་འཕང་ནང་ཁྲུས་ལ་ཞུགས་བཞིན་པ་གློག་བརྙན་གྱི་མགོ་འཛུགས་བྱས་ཡོད་པ་དང་། བོད་ཁུལ་དུ་སླེབས་རྗེས་དབྱར་གྱི་ཚད་གདུག་ལ་གཡོལ་ཆེད། སྦྱིན་པས་སྤང་གཞུང་བརྐོས་ནས་མོ་ལ་ཁྲུས་རྫིང་ཞིག་བསྐྱིལ་ཅིང་། ཉི་ཟེར་འོག་ལང་ཚོ་དར་ལ་བབ་པའི་ཝུན་ཞིག་ཧ་ཅང་གི་དགའ་སྤྲོ་དང་བཅས་ཁྲུས་ལ་རོལ་བཞིན་པ་གཞུང་རྟ་དང་། ཝུན་ཞིག་ཤི་རྗེས་སྦྱིན་པས་ཁྲིས་རྫིང་དེ་ཁོ་མོའི་དུར་ས་བྱས་ནས་འདས་མཆོད་བསྒྲུབ་པ་མཇུག་སྡོམ་ལ་བཟུང་ཡོད། གློག་བརྙན་དང་སྒྲུང་ གཏམ་གྱི་མིང་ལ་<<ཁྲུས་རྫིང་>>འདོགས་དོན་ཡང་གཏམ་རྒྱུད་ཀྱི་རྒྱུན་ཐག་གི་ཆ་ནས་མིན་ནམ་འདོད།
གློག་བརྙན་འདིས་རིག་གསར་སྐབས་ཀྱི་སྨྱོ་འཚུབ་ཆེ་བའི་མི་དང་མི་གཤིས་དག ཝུན་ཞཱིག་དང་སྦྱིན་པ་གཉིས་ཀྱི་“མྱང་འབྲས་”ཐོག་ནས་མཚོན་ ཐབས་བྱས་ཡོད། དེ་ཡང་རིག་གསར་མ་སླེབས་གོང་སྦྱིན་པས་བོད་ཀྱི་གོམས་སྲོལ་ལྟར་བུད་མེད་མང་ཙམ་བསྟེན་མྱོང་བ་དེ། རིག་གསར་སྐབས་བཙན་གཡེམ་དང་ལོག་སྤྱོད་དུ་བརྩིས་ནས་ཁོ་ལ་འཐབ་རྩོད་བྱས་པ་མ་ཟད། ཁོའི་རླིག་འབྲས་བཀོག་ནས་ཉུག་རུམ་པར་བཟོས་རྗེས་ས་སྟོང་ལུང་སྟོང་དུ་རྟ་རྫིར་མངགས། བོད་ཁུལ་དུ་འབྱོར་མ་ཐག་པའི་ཝུན་ཞཱིག་སློབ་གྲོགས་ཚོའི་ལྷན་དུ་གློག་བརྙན་ལ་ལྟ་སྐབས། བཀོད་འདོམས་ཁང་གི་མགོ་ཁྲིད་ཀྱིས་མུན་ནག་ནང་ནས་མོ་ལ་ཆགས་སྲེད་བརྙས་བརྐོ་བྱས་ཤིང་། མོས་དེ་མི་མང་འཛོམས་སར་ཐེར་འདོན་བྱས། མགོ་ཁྲིད་ཀྱིས་དེ་སྙིང་ནད་དུ་བཟུང་ནས་མོ་“གསར་བརྗེའི་ལས་དོན་”ཆེད་སྦྱིན་པའི་ལག་རོགས་སམ་སློབ་ཕྲུག་ལ་ འགྲོ་དགོས་པ་བཀོད་འདོམས་བྱས། རིམ་བཞིན་ལྷད་མེད་དྭངས་གཙང་དང་མི་ཚེར་རེ་སྨོན་གྱིས་ཁེངས་པའི་ལོ་བཅུ་བཞི་ཅན་གྱི་ན་ཆུང་བུ་མོ་ཞིག་བསླུ་བྲིད་དང་བརྙས་བཅོས་འོག་འཆི་ལམ་དུ་བརྫངས་པ་གཉིས་ཀྱི་སྟེང་ནས་མཚོན་པར་བྱས་ཡོད། “ཝུན་ཞཱིག ངས་ཁྱོད་ཀྱི་ལོ་རྒྱུས་ཡང་ནས་བསྐྱར་དུ་བྲིས་ནས་བསུབ། བསུབ་ནས་བྲིས་ཀྱང་དུས་ཡུན་ཐུང་བའི་མོ་ལོ་བཅུ་བཞི་དེ་ཇེ་རིང་དུ་གཏོང་མ་ཐུབ། འོན་ཀྱང་། ངས་ཁྱོད་དུས་ཡུན་རིང་བོར་འཇིག་རྟེན་ནས་མི་ཡལ་བ་ཤེས་ཡོད།”ཅེས་གློག་བརྙན་གྱི་ མཇུག་ཏུ་རྩོམ་པ་པོས་བཤད་ཡོད།
ཁྲིན་ཁྲུང་གི་རིག་གསར་གློག་བརྙན་གཉིས་པ་ནི། <<དབྱིན་ཡིག / 英格力士>> ཅེས་པ་དེ་ཡིན། མིང་འདི་དབྱིན་ཡིག་གི་ (English) ཞེས་པའི་ དོན་ཡིན། གློག་བརྙན་འདི་༢༠༠༤ལོར་རྩོམ་པ་པོ་ཝང་ཀང་ (王刚) ལགས་ཀྱིས་བྲིས་པའི་སྒྲུང་གཏམ་<<དབྱིན་ཡིག་>>ཅེས་པ་འཁྲབ་གཞུང་དུ་བཅོས་ཞིང་། ༢༠༡༩ ལོར་ཡུ་གུར་(ཞིན་ཅང་) ནང་གློག་བརྙན་དུ་ཕབ་བསྐྲུན་བྱས་པ་ཞིག་ཡིན། ད་ལྟའི་ཆར་གློག་བརྙན་ཁྲོམ་རར་ཐོན་རྒྱུར་བསྒུག་ཡོད། གློག་བརྙན་ནང་ཡུ་གུར་གྱི་ས་ཆ་ཁུག་ཀྱོག་ཅིག་ནང་འཚར་ལོངས་བྱུང་བའི་“རྒྱ་རབས་གཉིས་པའི་” ན་གཞོན་ཁག་ཅིག་ལ། ཧྲང་ཧེ་ནས་ཡོང་བའི་དགེ་རྒན་ཞིག་གིས་དབྱིན་ཡིག་སློབ་ཁྲིད་ བྱས་ཤིང་། དེ་ལ་བརྟེན་ནས་ཁོ་ཚོར་ཕྱི་རོལ་གྱི་འཇིག་རྟེན་མཐོང་བའི་སྒོ་གླེགས་ཤིག་ཕྱེས། འོན་ཀྱང་། མཚར་སྡུག་ལང་ཚོའི་བྱུང་བ་དེ། རིང་བོར་མ་སོང་བར་རིག་ གནས་གསར་བརྗེའི་གདུག་རྩུབ་ཀྱིས་ཁྱུར་མིད་དུ་བཏང་བའི་བྱུང་བ་ཞིག་གཏམ་རྒྱུད་དུ་བཟུང་ཡོད། གློག་བརྙན་གསར་པ་འདིས། སྒྲུང་གཏམ་ནང་རྩོམ་པ་པོ་ཝང་ཀང་གིས་“རིག་གསར་མཚར་འཛིན་དང་སྣང་ཡན་རིང་ལུགས་”དུ་མཐོང་མཁན་ཚོར་སྐྱོན་བརྗོད་བྱས་ཡོད་པ་དང་། <<ཁྲུས་རྫིང་>> བཞིན་ཁྲིན་ཁྲུང་གིས་རིག་ གསར་ལ་བཟུང་བའི་རང་གི་“བརྙན་གཤིས་”གཉིས་མུ་མཐུད་རྒྱུན་སྐྱོང་ཐུབ་ཡོད་མེད་ནི། གློག་བརྙན་ལ་མ་བལྟས་པར་བཤད་ཁེགས་ཚོད་ཡིན།
གཉིས། རིག་གསར་དང་གློག་བརྙན་བཀག་རྒྱ།
ཨ་རིའི་སྲིད་འཛིན་ཇོན་ཁཱན་ནི་ཊེས (John Fitzgerald Kennedy) “གལ་སྲིད་སྒྱུ་རྩལ་གྱིས་ང་ཚོའི་རིག་གཞུང་གི་ས་བོན་ལ་ལུད་རྫས་བྱེད་ཐུབ་ཚེ། དེས་ན་སྤྱི་ཚོགས་ཀྱིས་སྒྱུ་རྩལ་པ་ཚོར་རང་དབང་སྤྲོད་དགོས་ཤིང་། ཁོ་ཚོ་རང་སེམས་ཀྱི་རྟོག་འཆར་སྟོབས་ཤུགས་ཀྱི་རྗེས་སུ་འགྲོ་རུ་འཇུག་དགོས། རྟོག་འཆར་སྟོབས་ཤུགས་དེས་ཁོ་ཚོ་འགྲོ་འདོད་སའི་ཡུལ་གྲུ་གང་ཡིན་ཡང་དེར་འཁྱེར་དུ་འཇུག་དགོས། ང་ཚོས་དུས་ནམ་ཡང་བརྗེད་མི་ཉན་པ་ནི། སྒྱུ་རྩལ་ནི་དྲིལ་བསྒྲགས་མིན། དེ་ནི་བདེན་དོན་ཞིག་ཡིན།”ཞེས་གསུངས་ཡོད། འོན་ཀྱང་། ས་ཆ་ལ་ལ་དང་དོན་རྐྱེན་ལ་ལའི་སྐབས། ཏག་ཏག་དེ་ལས་ལྡོག་ཡོད། ལྷག་པར་དུ་རྒྱ་ནག་གི་རིག་གནས་གསར་ བརྗེ་དང་རིག་གསར་གློག་བརྙན་ལ་མཚོན་ན་དེ་ལྟར་ལྡོག་ཡོད།
<<ཁྲུས་རྫིང་>>དངོས་སུ་སྟོན་མགོ་འཛུགས་སྐབས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ཅིང་། ཐེ་ཝན་དུ་ལོ་དེའི་གཏམ་རྒྱུད་གློག་བརྙན་རྩེ་ཕུད་དང་འཁྲབ་ཁྲིད་པ་རྩེ་ཕུད། འཁྲབ་སྟོན་པ་ཕོ་མོ་རྩེ་ཕུད་བཅས་རྩེ་ཕུད་གཟེངས་རྟགས་བདུན་ཐོབ། འོན་ཀྱང་། གློག་བརྙན་དེའི་ནང་ཆབ་སྲིད་གནད་དོན་དང་ཆགས་སྲེད་བརྙན་ཚན་ཡོད་པ་དང་། རྒྱ་ནང་ནས་ཕབ་སྐྲུན་ཆོག་མཆན་ཐོབ་མེད་ཚུལ་བཅས་བརྗོད་དེ་རྒྱ་ནག་ནང་བཀག་འགོག་བྱས་ཤིང་། དུས་ད་ལྟའང་གློག་བརྙན་དེ་རྒྱ་ནག་ནང་“བཀག་རྒྱའི་གློག་བརྙན་”(禁片 / Banned movie) ཡིན་པ་མ་ཟད། ཁྲིན་ཁྲུང་ལ་ལོ་གསུམ་རིང་རྒྱ་ནག་ནང་གློག་བརྙན་ འཁྲབ་སྟོན་དང་འཁྲབ་ཁྲིད་བྱས་མི་ཆོག་པའི་ཉེས་ཆད་བཅད། གློག་བརྙན་<<དབྱིན་ཡིག་>> ནི། རྒྱ་ནག་གི་གློག་བརྙན་ཁེ་ལས་སྡེ་ཁག་ཆེ་ཤོས་པེ་ཅིན་ཇ་ཡུན་ (嘉映) བརྙན་རིགས་ཁེ་ལས་ཁང་གིས་ཆོག་མཆན་ཞུས་ནས་ཕབ་སྐྲུན་མགོ་འཛུགས་བྱས་པ་ཞིག་ཡིན། ཐོག་མའི་འཆར་གཞི་ལྟར་ན་༢༠༡༩ ལོའི་ལོ་མཇུག་ཏུ་ཡོངས་ཁྱབ་ སྟོན་མགོ་འཛུགས་རྩིས་ཡོད་འདུག བྷེ་བྷེ་སེ་(BBC)གསར་ཁང་གིས་དེ་སྐོར་ཁྲིན་ཁྲུང་ལ་འདྲི་སྐབས། ཁོ་མོས་“གློག་བརྙན་ཕྱིར་འགྲེམ་གྱི་ལས་རིམ་ཡོངས་རྫོགས་ འགྲེམ་སྤེལ་ཁང་གིས་འགན་འཁུར་གྱིན་ཡོད་པ་རེད། ང་ལ་དམིགས་བསལ་གྱི་ལན་གང་ཡང་མེད་”ཅེས་བརྗོད་འདུག
རྒྱ་ནག་གི་གློག་བརྙན་ཞིབ་བཤེར་ལམ་ལུགས་ལོ་རེ་ནས་ལོ་རེར་བཞིན་ཇེ་དོམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། གློག་བརྙན་ཞིབ་བཤེར་ལམ་ལུགས་ཀྱིས་སྒྱུ་རྩལ་གྱི་དབུགས་རྩ་འགོག་གི་ཡོད་མེད་དེ། དེང་ཕྱི་ནང་གི་གློག་བརྙན་ལས་རིགས་པ་ཚོའི་གླེང་གཞི་གཙོ་བོ་ཞིག་ཡིན། ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། ཁྲིན་ཁྲུང་གིས་དེ་ཚོར་ཤུགས་ཆེ་བའི་བརྗོད་གཞི་ཞིག་ཡིན་པ་ངོས་ལེན་དང་འབྲེལ། “རྣམ་པ་འདྲ་མིན་གྱི་ཞིབ་བཤེར་གང་ཡིན་ཡང་། དེ་སྒྱུ་རྩལ་ལ་ཕན་ཐོགས་ཡོད་པ་ཞིག་མིན། སྒྱུ་རྩལ་པར་རང་ལ་དབང་བའི་གླུ་སྒྲ་ཞིག་ཡོད་དགོས། ཁྲོམ་ར་ཚང་མར་ཚད་བཀག་ཡོད་པ་རེད། ཨ་རིར་མཚོན་ན། ཆབ་སྲིད་ཀྱི་གནད་དོན་ལས་གཞན། གློག་བརྙན་བཟོ་མཁན་དང་ཁེ་ལས་སྡེ་ཚན་གྱིས་ཁྱོད་ལ་དགོས་འདུན་འདྲ་མི་འདྲ་བཏོན་ཡོང་གི་རེད། ངས་བསམ་ན། ངོ་བོ་དང་རྣམ་པ་མི་འདྲ་བའི་ཞིབ་བཤེར་གང་ཡིན་ ཡང་། སྒྱུ་རྩལ་ལ་ཕན་ཐོགས་མེད་པ་རྐྱང་རེད་འདོད”ཅེས་ལན་འདེབས་བྱས་འདུག འོན་ཀྱང་། ཁྲིན་ཁྲུང་ལ་མཚོན་ན། ལོ་ངོ་ཉི་ཤུའི་སྔོན་གྱི་<<ཁྲུས་རྫིང་>> དང་། ལོ་ངོ་ཉི་ཤུའི་རྗེས་ཀྱི་<<དབྱིན་ཡིག་>> གཉིས་ཀྱི་ལས་དབང་གཅིག་ཆགས་མིན་ནི། ལམ་ལུགས་དེ་རང་སྟེང་ནས་དམ་ལྷོད་གང་ཆགས་ཡོད་མེད་ལ་ཚོད་ལྟ་ཐེངས་ཤིག་རེད་འདོད།
གསུམ། གློག་བརྙན་ནི་འོད་ཀྱི་དྲན་པ་ཡིན།
རིག་གསར་གྱི་རླུང་འཚུབ་མགོ་འཛུགས་སྐབས། ཁྲིན་ཁྲུང་ལོ་ལྔ་ལ་སོན་ཙམ་ཡིན། རླུང་འཚུབ་དེས་ཧྲང་ཧྲེ་གྲོང་ཁྱེར་ནང་སྐྱེས་བའི་ཁོ་མོའི་འཚོ་བ་མགོ་རྟིང་སློག ཕྱི་རྒྱལ་དུ་སློབ་གཉེར་བྱས་མྱོང་བའི་ཁོ་མོའི་ཕ་མེས་དང་ཡང་མེས་ཚོ་ལ་ཕྱིའི་གསང་མྱུལ་བ་དང་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ནས་འཐབ་རྩོད་བྱས། ཁོ་མོའི་ཨ་ཁུ་ནི་སྐད་གྲགས་ཆེ་བའི་གསོ་བྱེད་རིག་པ་བ་ཞིག་དང་། མི་ཆེས་ཨུ་ཚུགས་ཅན་ཞིག་ཡིན། རིག་གསར་གྱི་འཐབ་རྩོད་ཁྲོད་ཁོས་རང་ཉིད་ལ་བཀལ་བའི་ཉེས་མིང་དག་ངོས་ལེན་བྱ་མ་འདོད་པར། མཐར་རང་སྲོག་གཅོད་པའི་ལམ་ལ་ཞུགས། རྨོ་རྨོས་གསང་བའི་ངང་ཉར་ཚགས་བྱས་ཡོད་པའི་ལིན་ཁུག་ཧྥོན་(Linguaphone)སྒྲ་སྡེར་སྤྱད་ནས། ཧ་ཅང་གི་སེམས་ཆུང་དང་ཁུ་སིམ་སིམ་ངང་ཁོ་མོར་དབྱིན་ཡིག་ཁྲིད། དེས་ཁོ་མོའི་སློབ་གསོ་ལ་སྙོམ་སྒྲིག་ཐོབ་ཅིང་། རིག་གསར་གྱི་རླུང་འཚུབ་ གཅིག་བུ་མིན་པར། འཚོ་བའི་ནང་དེ་ལས་གཞན་པའི་བྲོ་བ་ཡོད་པ་ཚོར་དུ་བཅུག
ཁོ་མོའི་གློག་བརྙན་<<དབྱིན་ཡིག་>>གི་དྲིལ་བསྒྲགས་བརྙན་ཐུང་ནང་། ཧྥ་རན་སིའི་བསམ་བློ་བ་རོ་མན་རོ་ལན་ཊིའི་(Romain Rolland) ལེགས་བཤད་སྟེ། “འཛམ་གླིང་ཐོག་དོན་དམ་པའི་བརྟུལ་ཕོད་རིང་ལུགས་ཤིག་ཡོད། དེ་ནི་འཚོ་བ་ལ་ངེས་ཤེས་གསལ་བོར་ཐོབ་ཀྱང་། ད་དུང་མུ་མཐུད་ནས་འཚོ་བ་ལ་དགའ་ཞེན་ཆེ་མཁན་ཚོ་ཡིན་”ཞེས་པ་དེ་བཀོད་ཡོད། ཁོ་མོའི་སེམས་གཏིང་གི་དཔའ་བོ་ནི་གཡུལ་ས་ན་མེད་པར་འཚོ་བའི་ཁྲོད་ན་ཡོད་དགོས་ཤིང་། རྟག་བརྟན་གྱི་ མི་གཤིས་དང་མི་ཆོས་ཀུན་སྤྱོད་ལ་བདག་སྲུང་བྱེད་ཐུབ་མཁན་སྟེ། གློག་བརྙན་ནང་གི་མི་སྣ་སྦྱིན་པ་དང་དབྱིན་ཡིག་དགེ་རྒན་གཉིས་ལྟར། རིག་གསར་གྱི་མུན་ནག་ཁྲོད་དྭངས་གཙང་བལ་དཀར་གྱི་མི་གཤིས་གཙང་མར་ཉར་ཐུབ་མཁན་ཚོ་ཡིན། དེ་ནི་ཁོ་མོས་གློག་བརྙན་འདི་གཉིས་འཁྲབ་ཁྲིད་བྱེད་སྐབས་འཚོལ་སྙེག་བྱེད་བཞིན་པའི་“བརྟུལ་ཕོད་རིང་ལུགས་”ཡིན་ཟེར།
ཁྲིན་ཁྲུང་ལོ་རབས་བདུན་ཅུ་བའི་གློག་བརྙན་བཟོ་བར་ཁ་ཕྱོགས་པ་ནི། རང་སྟེང་གི་མྱོང་བ་གང་རུང་དམིགས་ཡུལ་དུ་བཟུང་བ་མིན་པར། རང་གི་འདུ་ཤེས་འགུལ་སྟངས་ཙམ་ཡིན་པར་བཤད། མོ་རང་ལོ་ན་ཆུང་དུས་ལམ་འགྲོ་རྒྱུགས་ནས་ཝུན་ཞཱིག་ལྟར་གཞི་རིམ་ལ་མངགས་པའི་ལས་འགུལ་ནང་ཚུད་མེད་ནའང་། ཉེ་འཁོར་ ན་ཝུན་ཞཱིག་དང་ཝུན་ཞཱིག་གི་གཏམ་རྒྱུད་གང་མང་མང་བྱུང་ཡོད། མོས་“ང་ཚོས་རིག་གསར་ལ་བཅངས་པའི་སྨྱོ་འཚུབ་ཆེ་བའི་བརྩེ་དུང་དང་། མི་ཆོས་ལས་བརྒལ་བའི་བློས་གཏོང་། མཐར་བྱིས་བློ་ལྟར་རྨག་མེད་དུ་བཅོམ་པ་ནི་<<ཁྲུས་རྫིང་>> གིས་ང་ཚོར་བཤད་པའི་གཏམ་རྒྱུད་ཡིན་”ཞེས་དང་། ལོ་ཟླ་དེའི་ནང་ཡོད་ཚད་མུན་ནག་མིན་པར་སྦྱིན་པ་དང་དབྱིན་དགེ་ལྟ་བུའི་མི་གཤིས་བརྟན་པའི་ དཔའ་བོའང་བྱུང་ཡོད། དཀར་ནག་གང་ཡིན་ཡང་། དེ་ནི་རྟག་བརྟན་གྱི་གཏམ་རྒྱུད་ཡིན། མི་དང་མི་གཤིས་ཚང་མ་དེ་ལྟར་ཡིན་ཟེར། མོས་“གློག་བརྙན་ནི་འོད་ཀྱི་ དྲན་པ་ཡིན། གློག་བརྙན་གཅིག་བུས་ད་གཟོད་ང་ཚོ་ལོ་རབས་དེར་སྐྱེལ་འདྲེན་བྱེད་ཅིང་། སྐབས་ཐོག་དེའི་ཁ་བརྡ་དང་མཁའ་དབུགས། ད་དུང་ཚོར་འདུ་སོགས་ ཉམས་སུ་མྱོང་འཇུག་ལ། འདས་ཟིན་པ་དང་བརླག་ཟིན་པ་དག གློག་བརྙན་བརྒྱུད་ནས་བསྐྱར་ལོག་དང་བསྐྱར་ལོག་བྱེད་ཐུབ་”ཟེར།
བཞི། ཁྲིན་ཁྲུང་སུ་ཡིན་ནམ།
༡༩༦༡ ལོར་ཧྲང་ཧེ་གྲོང་ཁྱེར་ནང་གསོ་བྱེད་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཆུང་དུས་རྨོ་རྨོས་ལྐོག་ནས་དབྱིན་ཡིག་སློབ་ཁྲིད་བྱས་པ་དེས་རྗེས་སུ་ཧྲང་ཧྲེ་ཕྱི་གླིང་སྐད་ཡིག་སློབ་གྲྭར་ཚུད་ཅིང་མཐར་ཕྱིན། ༡༩༧༧ ལོར་གློག་བརྙན་ <<ལང་ཚོ། / 青春>> འཁྲབ་སྟོན་ནང་ཞུགས། ༡༩༧༩ ལོར་གློག་བརྙན་ <<མེ་ཏོག་ཆུང་ཆུང་། / 小花>> ནང་མི་སྣ་གཙོ་བོ་འཁྲབ་སྟོན་བྱས་པས་སྙན་གྲགས་རྒྱས་ཤིང་། སྐབས་དེའི་རྒྱ་ནག་གི་གློག་བརྙན་བྱ་དགའ་གང་མང་ཐོབ། རིམ་བཞིན་གློག་བརྙན་གང་མང་ནང་འཁྲབ་སྟོན་བྱས་མྱོང་ཞིང་། རྒྱ་ནག་དང་ཡུ་གྷོ་སི་ལ་ཝེའི་(Yougoslavie)གློག་བརྙན་དུས་ཆེན་སྟེང་གཟེངས་རྟགས་གང་མང་ཐོབ།
༡༩༨༡ ལོར་ཨ་རིར་སློབ་གཉེར་དུ་ཡོང་ཞིང་དེར་གློག་བརྙན་རིག་པར་སློབ་སྦྱོང་བྱས། ༡༩༨༦ ལོར་གློག་བརྙན་<<ཏཱ་པན། / Tai Pan>> ནང་འཁྲབ་ཞུགས་བྱས་པ་དེས་ཁོ་མོ་ཧོ་ལེ་ཝོར་ཊི་(Hollywood)ནང་ཚུད་པར་རྐང་བ་ཚུགས། ༡༩༨༧ ལོར་ཨ་རིའི་འཁྲབ་ཁྲིད་པ་གྲགས་ཅན་བྷེ་ནར་ཊོ་བྷེ་ཌོ་ལོ་སེའི་(Bernardo Bertolucci)གློག་བརྙན་<<མཐའ་མཇུག་གི་གོང་མ། / The Last Emperor 未代皇帝>> ནང་བུད་མེད་གཙོ་འཁྲབ་པ་བྱས་པས་ རྒྱལ་སྤྱིའི་ནང་སྙན་གྲགས་རྒྱས་ཤིང་། ཨ་རིའི་འཁྲབ་ཁྲིད་པ་ངྷ་ཝེ་ཊི་ལང་ཆིའི་(David Lynch)གློག་བརྙན་<<རྩེ་གཉིས་མ། /twin peaks 双峰>>ནང་འཁྲབ་ཞུགས་བྱས་ཧོ་ལེ་ཝོར་ཊི་ནང་ཚུད། ༢༠༠༤ ལོར་ཧོང་ཀོང་གི་འཁྲབ་ཁྲིད་པ་ཀོན་ཅིན་ཕིན་(关锦鹏) གྱི་གློག་བརྙན་ <<རྒྱ་སེ་དམར་པོ་དང་རྒྱ་སེ་དཀར་པོ། /红玫瑰白玫瑰. Red Rose White Rose>> ནང་འཁྲབ་སྟོན་པ་གཙོ་བོ་བྱས་པས། ལོ་དེའི་ཐེ་ཝན་གྱི་ གསེར་གྱི་གྱི་ལིང་གློག་བརྙན་དུས་སྟོན་ཐོག་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ༢༠༠༧ ལོར་ཨོ་སི་ཊི་ལེ་ཡའི་རྒྱ་རིགས་འཁྲབ་ཁྲིད་པ་ཌོ་ནི་ཨེ་རོས་(Tony Ayres)ཀྱི་གློག་བརྙན་ <<དྲན། / 意 The Home Song Storie>>ནང་འཁྲབ་ཞུགས་བྱས་པས་ཡང་བསྐྱར་ཐེ་ཝན་གྱི་ལིང་གསེར་གྱི་རྟགས་མའི་ བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། ལོ་ངོ་འདི་དག་གི་རིང་ཁོ་མོས་ཨ་རི་དང་རྒྱ་ནག ཨོ་སི་ཊི་ཀི་ཡ་སོགས་སུ་རང་དབང་གློག་བརྙན་གང་མང་ནང་འཁྲབ་སྟོན་དང་འཁྲབ་ཁྲིད་བྱས་མྱོང་ཡོད།
ཁྲིན་ཁྲུང་ནི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ཙམ་མིན་པར། ཝེ་ནི་སི་གློག་བརྙན་དུས་སྟོན་ཐེངས་༧༡ པའི་དཔྱད་འདེམས་པ་དང་། ཐེ་ཝན་གྱི་ལིང་གསེར་གྱི་རྟགས་མའི་དཔྱད་འདེམས་འགན་འཛིན་ཡིན། ཁོ་མོ་ནི་གྱི་ལིང་གསེར་གྱི་རྟགས་མའི་ལོ་རྒྱུས་ནང་འཁྲབ་སྟོན་པ་རྩེ་ཕུད་དང་འཁྲབ་ཁྲིད་པ་རྩེ་ཕུད། དཔྱད་འདེམས་འགན་འཛིན་གཅིག་ལྕོགས་བྱེད་མཁན་ཐོག་མ་དེ་ཡིན་ཞིང་། ད་ལྟའི་ཆར་ཧོ་ལེ་ཝོར་ཊིའི་གློག་བརྙན་དཔྱད་འདེམས་ནང་ཐོབ་དབང་ཡོད་མཁན་ཉུང་ཤས་ཙམ་ལས་མེད་པའི་ཁྲོད་ཀྱི་གཅིག་ཡིན་འདུག
མཇུག་བྱང་།
བོད་ལ་གློག་བརྙན་ལས་རིགས་དར་ནས་རྒྱུན་རིང་སོང་མེད། གློག་བརྙན་ཡང་མང་བོ་མེད། འོན་ཀྱང་། ཚད་ལྡན་གྱི་གློག་བརྙན་ཉུང་ངུ་ཞིག་ཡོད་པ་དེ་དག་ལ། རྒྱལ་སྤྱིའི་དུས་སྟོན་དང་བརྒྱུད་ལམ་ཁག་ནས་གཟེངས་རྟགས་དང་ཚད་མཐོའི་གདེང་འཇོག་ཐོབ་དང་ཐོབ་མུས་ཡིན། འདི་ང་ཚོ་བོད་ཀྱི་གློག་བརྙན་རིག་གནས་ཀྱི་སྤོབས་པ་དང་རྒྱལ་ཁ་ཆེན་པོ་ཞིག་རེད་འདོད།
གློག་བརྙན་ལས་རིགས་དར་ཞིང་གློག་བརྙན་རིག་གནས་ལ་རྒྱལ་ཁ་ཐོབ་སྐབས་འདིར། རང་སྟེང་ན་ཆད་སྐྱོན་ཞིག་ཡོད་པ་ནི། གློག་བརྙན་སྐོར་ལ་བོད་ཡིག་ཐོག“བརྙན་དཔྱད་”འབྲི་མཁན་མེད་པ་དང་། བོད་སྐད་ནང་“བརྙན་བཤད་”གནང་མཁན་མེད་པ་དེ་ཡིན། ཁྱིམ་བཀག་དུས་ཡུན་ནང་དྲ་ཐོག་ནས་ཕན་ཚུན་ གློག་བརྙན་ངོ་སྤྲོད་འོས་སྦྱོར་བྱེད་མཁན་གང་མང་འདུག་ནའང་། བལྟས་ཚར་རྗེས་རང་རང་ས་ནས་ཁུ་སིམ་པོར་གནས་པ་ལས། དེ་ལ་ཡིག་ངག་གང་རུང་ཐོག་གླེང་སློང་ བྱེད་མཁན་“ཉིན་མོའི་སྐར་མ་”ལྟར་དཀོན། འདིས་ང་ཚོའི་མི་རིགས་འདི་གློག་བརྙན་རིག་གནས་ཀྱི་ཟབ་སར་འཛུལ་ཐུབ་མེད་པ་དང་། གློག་བརྙན་ནི་རྣམ་གཡེང་ དང་རྩེད་འཇོ་ཙམ་ལས་། དེ་ལ་“བླ་སྲོག་”ཡོད་པའི་འདུ་ཤེས་ཤིག་ད་དུང་རྙེད་ཐུབ་མེད་པའི་མཚོན་རྟགས་རེད་སྙམ།
སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༠༤ ཚེས་ ༢༥ ཉིན།