ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་རང་ལོ་ ༦༢ ཡིན་པའི་བོད་རིགས་སྐྱེས་པ་ཞིག་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་སྐོར་རྒྱ་གར་སྨན་ཁང་ནས་བརྗོད་འདུགལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བ་ལྟར་ན། རང་ལོ་ ༦༢ ཡིན་པའི་བོད་མི་སྐྱེས་པ་དེ་སྙིང་ནད་ཀྱི་དོགས་གཞིའི་འོག་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་སྨན་ཁང་དུ་བསྐྱལ་རྗེས། ཁེ་ཉིན་ཕྱི་ཚེས་ ༢ གྱི་དགོང་དྲོར་ལྡི་ལིའི་ཨེ་སི་ཀོར་ཊི་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁ་སང་བརྟག་དཔྱད་གནང་འབྲས་སུ་བོད་མི་དེ་ཏོག་དབྱིབས་གཉན་རིམས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་ར་འཕྲོད་བྱུང་ཡོད་པ་དང་། ད་ལྟའི་ཆར་འདས་གྲོངས་སུ་ཕྱིན་པའི་སྐྱེས་པ་དེའི་ནང་མི་དང་འབྲེལ་ཡོད་མི་སྐོར་ཞིག་ཟུར་བཀག་འོག་བཞག་ཡོད་འདུག
གཞན་ཡང་། ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ལྡི་ལི་ནས་དྷ་ལ་ཧོ་སི་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་དུ་འབྱོར་བའི་རང་ལོ་ ༦༣ ཡིན་པའི་བུད་མེད་ཅིག་ལའང་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་བརྟག་འབྲས་ཐོན་ཡོད་འདུག་ལ། དེ་ཡང་ས་གནས་ཀྱི་སྨན་ཞབས་མ་བཀྲ་ཤིས་མཚོ་མོས་འདི་གའི་གསར་འགོད་པར་འབྲེལ་བརྗོད་གནང་བ་ལྟར་ན། རྒྱ་གར་དབུས་གཞུང་ནས་མངའ་སྡེ་ཕན་ཚུན་བར་ཕར་འགྲོ་ཚུར་འོང་ལྷོད་དུ་བཏང་བ་དང་བསྟུན། ཟླ་དེའི་ཕྱི་ཚེས་ ༢༨ ཉིན་དྷ་ལ་ཧོ་སི་བོད་མིའི་གཞིས་སྒར་དུ་ལྡི་ལི་དང་དྷེ་ར་དྷུན་སོགས་ནས་ཁྱོན་བོད་མི་ ༢༦ བསླེབས་ཡོད་པ་དང་། དེ་དག་ཚང་མ་ས་གནས་ནས་གོ་སྒྲིག་བྱས་པའི་ཟུར་བཀག་སྡོད་ཁང་དུ་བཞག་སྟེ། གཞིས་སྒར་གྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་ནས་ཉིན་རེར་ཐེངས་གཉིས་ཚ་བ་དང་གློ་རྒྱག་གི་ཡོད་མེད་བརྟག་དཔྱད་བྱས་འབྲས་སུ། བོད་མི་ ༢༦ ཁྲོད་ནས་གཅིག་ལའང་ནད་རྟགས་ཐོན་མེད་ཀྱང་། ཕྱི་ཚེས་ ༣༡ ཉིན་ས་གནས་རྒྱ་གར་གཞུང་གི་འཕྲོད་ལས་པས་བོད་མི་ ༢༦ གྱི་དཔེ་ཚད་བླངས་ནས་མཐའ་མའི་བརྟག་དཔྱད་བྱེད་སྐབས། སྐྱེད་མ་དེར་ནད་རྟགས་ཐོན་ཡོད་པ་དང་། ད་ལྟའི་ཆར་བུད་མེད་དེ་ས་གནས་ཀྱི་རྒྱ་གར་གཞུང་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་དང་། གཞན་རྣམས་མུ་མཐུད་ཟུར་བཀག་སྡོད་ཁང་ནང་ལྟ་རྟོག་འོག་བཞག་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་རྒྱའི་གནས་ཚུལ་ལྟར་ན། ད་ལྟ་བར་བོད་ནང་བོད་མི་ ༡༠༧ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁྲོད་ནས་གཅིག་འདས་གྲོངས་ཕྱིན་ཡོད་ཅིང་། གཞན་ཚང་མ་དྲག་སྐྱེད་བྱུང་ཡོད་ལུགས་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་ཁག་ཏུ་ཁྱོན་བོད་མི་ ༢༡༣ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁྲོད་ནས། ནད་པ་ ༡༦༥ དྲག་སྐྱེད་བྱུང་ཡོད་པ་དང་། ནད་པ་ ༩ འདས་གྲོངས་སུ་ཕྱིན་ཡོད་འདུག
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་དྲ་རྒྱ་དེའི་ནང་བོད་ནང་དང་། ཕྱི་རྒྱལ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་གྱི་རེའུ་མིག་བཀོད་ཡོད་པ་ལས། རྒྱ་བལ་འབྲུག་གསུམ་ནང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་དང་གནས་སྟངས་བཀོད་མི་འདུག འདི་གའི་གསར་འགོད་པས་ལས་དོན་ཚོགས་ཆུང་གི་ཚོགས་མི་ཞིག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་མི་རིང་བར་དེའི་སྐོར་འཐོན་འཆར་ཡོད་སྐོར་བརྗོད་བྱུང་ལ། འདི་གའི་གསར་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་རྐྱེན་པས་འདས་གྲོངས་སུ་སོང་བའི་བོད་མི་ ༢ དང་། ཏོག་དབྱིབས་ན་ཚ་ཕོག་མཁན་ ༡ ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།