མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་ཝེན་ཀུའེ་ཡི་བསྒྲགས་གཏམ་དང་གཤེ་གཏམ་ལས་བྱུང་བའི་བསམ་གཞིགས།

བོད་ཀྱི་དུས་བབ།
༢༠༢༠/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

  རིགས་ཞེན་རལ་གྲི།

ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༤ སྟེ། རྒྱ་དམར་གྱིས་རྒྱ་རིགས་སློབ་ཕྲུག་ཐོག་དྲག་གནོན་དམར་གསོད་བཏང་སྟེ་མི་ལོ་༣༡ འཁོར་བའི་ཉིན་མོ། ཨ་རིར་སྐྱབས་བཅོལ་དུ་ཡོད་པའི་རྒྱ་མིའི་ཚོང་པ་ཀོ་ཝེན་ཀུའེ་དང་ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་བ་Stephen Bannon. རྒྱ་ནག་གི་རྐང་རྩེད་སྤོ་ལོ་པ་གྲགས་ཅན་ཧི་ཧེ་ཏུང་སོགས་ཀྱིས་ཐུན་མོང་ཐོག“རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བ་”ཟེར་བའི་བསྒྲགས་གཏམ་སྤེལ་ཞིང་། དེ་ལ་བོད་མི་ཁག་ཅིག་གིས་ཕྲལ་དུ་རྒོལ་གཏམ་སྤེལ། དེ་ལ་ཡང་རྒྱ་མི་ཀོ་ཡིས་ཁ་ཕོ་ཆེ་བའི་ལན་འདེབས་གཤེ་གཏམ་སྤེལ། དེའི་རྗེས་གཡམ་རྒྱུག་ལ་དགའ་བའི་བོད་པ་དྲ་ཉུལ་པ་མང་པོས་སོ་སོས་ཞེ་འདོད་ཀྱི་ལབ་གླེང་སྣ་ཚོགས་བྱེད་པར་མཐོང་ཞིང་། དོན་དངོས་ཐོག་ཀོ་སོགས་ཀྱི་བསྒྲགས་གཏམ་ནང་ཅི་ཞིག་སྤེལ་ཡོད་མེད་དང་། ཀོ་ཡིས་ཁ་ཕོ་ཆེ་བའི་ལན་འདེབས་སུ་ལ་དམིགས་ཡོད་མེད། བོད་པ་རྣམས་དེའི་རྗེས་སུ་འུར་ལང་ན་དགོས་ཕན་ཡོད་མེད་ཀྱི་གནད་དོན་གསུམ་ལ་ཐུག་ཅིང་། དེའི་ཐོག་བསམ་གཞིགས་ཞིབ་མོ་བྱེད་མཁན་ད་བར་མ་མཐོང་བས། འདིར་གོང་གི་དོན་ཚན་གསུམ་གྱི་ཐོག་རང་གིས་གཟུ་བོའི་བློས་དབྱེ་ཞིབ་དཀྱུས་གཅིག་ཏུ་བྱས་ན།

གཅིག

དང་པོ་“རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བ་”ཞེས་པའི་བསྒྲགས་གཏམ་གྱི་ནང་དོན་ཅི་ཡིན་ཤེས་དགོས་པ་དེ་ཡིན་ལ།  བསྒྲགས་གཏམ་དེ་ཞིབ་ཏུ་ཀློག་རྗེས། བསྒྲགས་གཏམ་ཧྲིལ་པོ་དངོས་གཞི་དང་ཟུར་བཀོད་གཉིས་ལས་གྲུབ་འདུག་ཅིང་། དངོས་གཞིའི་ནང་(༡)གླེང་བརྗོད་དང་། (༢)རྒྱ་དམར་རྩ་གཏོར་གཏོང་བའི་བདེན་པའི་དགོས་པ། (༣) རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བའི་དམིགས་འདུན། (༤)ཧི་མ་ལ་ཡའི་ལྟ་སྐུལ་ལས་ཁུངས་ཀྱི་དམ་བཅའ། (༥)བསྒྲགས་གཏམ་འདོན་མཁན་དང་གཏན་འབེབས་བྱེད་མཁན། བཅས་ལས་གྲུབ་འདུག

ཟུར་བཀོད་ནང་(༡) ཧི་མ་ལ་ཡའི་ལྟ་སྐུལ་ལས་ཁུངས་དང་། (༢)རྒྱ་དམར་གྱི་གཏུམ་སྤྱོད་ཀྱི་ངོ་བོ། (༣)ཁྲིམས་ཀྱི་དབང་བསྒྱུར་གྱི་ཐེབས་རྩ་དང་སྤྱི་ཚོགས། (༤) རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བའི་(༥)སྲིད་གཞུང་དང་(༦)རྩ་ཁྲིམས། (༧)རྒྱ་དམར་གྱི་བཙན་འཕྲོག་བྱས་པའི་རྒྱུ་དངོས་གཞུང་བཞེས། (༨)རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བའི་རྒྱལ་དར་དང་དེའི་འགྲེལ་བཤད་སོགས་ལས་གྲུབ་འདུག

གོང་གི་བསྒྲགས་གཏམ་དངོས་གཞིའི་ནང་། “རྒྱ་དམར་ནི་འཇིགས་སྐུལ་གྱི་རྩ་འཛུགས་ཤིག་ཡིན་པ་དང་།” “རྒྱ་དམར་གྱིས་རྒྱ་ནག་ལ་སྲིད་དབང་སྒེར་འཛིན་གྱིས་དབང་བསྒྱུར་བྱེད་པ་ནི་འགྲོ་བ་མིའི་རིགས་ལ་རྒོལ་པའི་དྲག་སྤྱོད་ཡིན་སྟེ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད། དམངས་གཙོ་རྡོག་རོལ་བཏང་བ། ཁྲིམས་ཀྱིས་དབང་བསྒྱུར་དང་འགལ་བ། ཧོང་ཀོང་ལ་ཁྲག་གི་འཁོར་ལོ་བསྐོར་བ། བོད་མི་དམར་གསོད་བཏང་བ། ལྐོག་ཟ་རུལ་སུངས་བྱེད་པ་སོགས་རྒྱ་དམར་གྱི་ནག་ཉེས་གནམ་ས་ལ་མི་ཤོངས ”ཞེས་དང་། ཡང་“རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བས་ནུབ་ཕྱོགས་ཀྱི་མང་གཙོའི་སྲིད་ལུགས་ལ་དཔེ་བླངས་ཏེ། མང་གཙོའི་ཀ་བ་གསུམ་གྱི་གཞུང་འཛུགས་རྒྱུ་དང་། མི་རེས་འོས་ཤོག་རེ་བླུག་པའི་ལམ་ནས་སྲིད་གཞུང་གསར་པ་འཛུགས་རྒྱུ། ”སོགས་བཀོད་འདུག

གོང་གི་བསྒྲགས་གཏམ་ནང་དོན་དེ་དག་ང་ཚོ་བོད་མི་རང་དབང་འཐབ་རྩོད་པ་ཞིག་ལ་མཚོན་ན། དགའ་དགོས་པ་ཞིག་ལས་ངོ་རྒོལ་བྱེད་དགོས་དོན་གཏན་ནས་མེད་མོད། འོན་ཀྱང་བསྒྲགས་གཏམ་དངོས་གཞིའི་“རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བོའི་དམིགས་འདུན”ཞེས་པའི་ནང་། རྩ་ཁྲིམས་གསར་བའི་སྙིང་དོན་བརྗོད་སྐབས་“ཧོང་ཀོང་དང་། མཱ་ཁོ། བོད་སོགས་ཀྱི་ས་ཁུལ་དུ་དམིགས་བསལ་རང་སྐྱོང་གི་སྲོལ་ཡིག་བཏོན་ཏེ་ལག་བསྟར་མཐིལ་ཕྱིན་བྱེད་དགོས”ཞེས་པར། བོད་མི་ཁག་ཅིག་གིས་“བོད་ལ་དམིགས་བསལ་རང་སྐྱོང་”ཞེས་པར་མི་འདོད་པའི་རྣམ་འགྱུར་བསྟན་པ་རེད་སྙམ།

འོན་ཀྱང་བོད་མི་དེ་དག་གིས་བསྒྲགས་གཏམ་ཞིབ་མོར་མ་ཀློག་པ་ལས། བསྒྲགས་གཏམ་ཟུར་བཀོད་“(༤)རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བའི་(༥)སྲིད་གཞུང་དང་(༦)རྩ་ཁྲིམས།”ཞེས་པའི་དོན་ཚན་བཞི་པའི་ནང་དུ།  “ཧོང་ཀོང་དང་། མཱ་ཁོ། བོད་སོགས་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་འོག་ཏུ་དམིགས་བསལ་རང་བཙན་(མགོ་)རང་སྐྱོང་ལག་བསྟར་བྱེད་རྒྱུ་(香港、澳門和西藏等實行聯邦制下的特別獨立自治)དང་། རྒྱལ་སྲུང་དང་ཕྱི་འབྲེལ་ལས་གཞན་པའི་སྲིད་གཞུང་བདག་སྐྱོང་དབང་ཆ་ཆ་ཚང་ཡོད”ཅེས་དང་། དེའི་འོག་ཏུ་“ཧོང་ཀོང་རང་སྲིད་རང་སྐྱོང་། ཐེ་ཝན་རང་སྲིད་རང་སྐྱོང་། མཱ་ཁོ་རང་སྲིད་རང་སྐྱོང་། བོད་མི་རང་སྲིད་རང་སྐྱོང་(實現港人治港、臺人治臺、澳人治澳和藏人治藏)མངོན་འགྱུར་བྱེད་རྒྱུ་”ཞེས་འཁོད་པ་སོགས་ལ་གཞིགས་ན། བསྒྲགས་གཏམ་འདི་འགྲུབ་མིན་ཇི་ལྟར་ཡང་། བོད་ལ་མཚོན་ན་སྔར་ཕྱི་ལོ་ ༡༩༨༨ ལོར་༧གོང་ས་མཆོག་གིས་བཏོན་པའི་སི་ཀྲ་སི་སྦག་གི་གྲོས་གཞི་དང་གཅིག་མཚུངས་ཡིན་ལ། རང་གཞུང་གིས་བཏོན་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་༽ལས་ཚད་མཐོ་བ་སྙམ། དེས་ན་དེ་ལ་བོད་གཞུང་མང་གིས་དགའ་བསུ་ཞུ་དགོས་པ་ཞིག་མ་ཡིན་ནམ། བོད་རང་བཙན་རྩོད་མཁན་ཞིག་གིས་ངོས་ནས་ཀྱང་འདི་རང་བཙན་གྱི་གོམ་པ་དང་པོ་ལ་རྩིས་ན་མི་འགྲིག་པ་ཅི་ལ་ཡོད། མ་གཞི་འདི་རྒྱ་རྒན་ཁོ་པ་སོགས་ཀྱིས་སྲིད་དོན་གྱི་རྩེད་མོ་ཡིན་པ་ལས་འགྲུབ་ཐབས་མེད་པ་སྨིག་རྒྱུའི་གྲོང་ཁྱེར་ལྟ་བུ་ལ་ངོས་འཛིན་བྱེད་ན། དེ་ལ་དགའ་བསུ་དང་རྒོལ་གཏམ་གང་ཞིག་སྤེལ་ཡང་རང་ཉིད་བྱབ་ཆུང་དུ་གྱུར་པ་ལས་གཞན་གང་ཡང་མེད་མོད། གང་ལྟར་ཚོགས་པ་འགས་རྒོལ་གཏམ་སྤེལ་ཟིན་པ་མ་ཟད། དེ་ལ་ཀོ་ཡིས་ཁ་ཕོ་ཆེ་བའི་ལན་འདེབས་སྡུག་དམོད་བྱས་ཟིན་པ་རེད།

གཉིས།

ངས་ཀོ་ཡིས་ལན་འདེབས་ལ་ཞིབ་མོར་ཉན་པ་ཡིན། མ་གཞི་ཁ་ཕོ་ཤོད་པ་ནི་ཁོ་པའི་རང་གཤིས་ཞིག་ཡིན་པ་སྔར་གྱི་གཏམ་བཤད་མང་པོ་ལས་ཤེས་ཐུབ། ཁོང་ཁྲོ་དང་འདྲེས་ནས་སྐད་ཆ་མི་ཉུང་བ་ཞིག་ཤོད་འདུག་ལ། ཁོ་པའི་ཁ་ཕོ་ཤོད་པ་དང་གཤེ་གཤེ་བཏང་བར་ངོས་ལེན་མེད་ཀྱང་། སྐད་ཆ་ལ་དབྱེ་གསེས་ཡག་པོ་འབྱེད་དགོས་པ་ནི།

༡) ཁ་རྡུང་གཏོང་ཡུལ་ཁོ་པར་ངོ་རྒོལ་བྱེད་མཁན་ཚོ་ཡིན་པ་ལས། བོད་མི་བཙན་བྱོལ་བ་སྤྱི་ལ་རེད་མི་འདུག།
ཁོ་པའི་གཤེ་གཏམ་འགོ་བཙུགས་མ་ཐག་ཏུ་“བོད་མིས་ག་རེ་ཁྱབ་བསྒྲགས་ཟེར་བ་སྤེལ་བ་གོ་སོང་། ཀོ་ཝེན་ཀུའེ་ཡི་བོད་ཀྱི་སྐོར་ག་རེ་ག་རེ་རེད་ཟེར་གྱི་འདུག  གང་བྱུང་མང་བྱུང་མ་ལབ། ཁྱོད་ཚོ་སུ་ཡིན། ཁྱོད་ཚོས་སུས་བོད་ཀྱི་ཚབ་བྱེད་ཐུབ་ཀྱི་ཡོད། ཁྱོད་ཚོས་་་་་་ཁྱོད་ཚོ་་་་ཁྱོད་ཚོས་བོད་པ་གཅིག་སྐྱོབ་མྱོང་ཡོད་དམ། གསལ་བསྒྲགས་འདྲ་སྤེལ་ཁུལ་བྱས་ནས། ཁྱོད་ཚོས་གུང་ཁྲན་ཏང་ལ་བསྒྲགས་གཏམ་སྤེལ་གདའ་་་་་ཁྱོད་ཚོའི་བསྒྲགས་གཏམ་ལ་རྒྱབ་སྐྱོར་པའི་བོད་མི་ཁྲི་གཅིག་གི་ས་ཡིག་བསྡུ་ཐུབ་བམ།་་་་” མདོར་ན་ཁོ་པའི་གཤེ་གཏམ་གྱི་མགོ་ནས་མཇུག་བར་ཁོ་ལ་བསྒྲགས་གཏམ་སྤེལ་མཁན་ཚོ་ལ་གཤེ་བ་ལས། བོད་མི་སྤྱི་ལ་གཤེ་གི་མེད་པ་གསལ་བོ་རེད།

༢) ཁོ་པས་༧གོང་ས་མཆོག་ལ་མཐོང་ཆུང་བྱེད་པ་མ་ཡིན་པར། ཁོ་རང་གིས་ཁ་ཕོ་ཤོད་སྟངས་དང་ལྷག་པར་ཁོ་ཕར་རྒོལ་གཏམ་སྤེལ་མཁན་ཚོར་གཤེ་སྐབས། དོན་དག་འདིའི་ཐོག་“ཏཱ་ལའི་བླ་མས་ཀྱང་ང་ལ་ཤོད་ཕོད་ཀྱི་མ་རེད། ”ཅེས་ཀྱང་སྒྲ་གསལ་བོ་ཐོན་པ་ནི། ཁོ་པས་ཚོར་ཤུགས་དྲག་པོས་ཁ་ཕོ་ཤོད་སྟངས་ལས་༧གོང་ས་མཆོག་ལ་དམའ་འབེབ་མིན་པ་ཧ་ཅང་གསལ།

དེ་མིན་ཚིག་ཉོག་ཁ་ཤས་ཡོད་ན་ཡང་། དོན་གྱི་གནད་འགག་གང་ཡང་མེད་པས་འདིར་བརྗོད་རིན་མེད་ལ། རྒྱ་རྒན་ཁོ་པས་གཤེ་གཏམ་ལ་མོས་མཐུན་མེད་ཀྱང་དངོས་ཡོད་གནས་ཚུལ་གང་ཡིན་གསལ་བོ་མ་བརྗོད་ན། དེང་སང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་ཁ་ཤུགས་ཆེ་བ་དང་། མི་ཤེས་ཤེས་མདོག་སྟོན་མཁན་གྱི་གྲགས་པའི་རྗེས་སུ་འབྲང་ཞིང་། མང་ཆེ་བ་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུ་ཁོ་ནའོ།

                            གསུམ།

ལར་ནས་ཀོ་ཝེན་ཀུའེ་སོགས་ཀྱིས“རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བ་”བསྒྲགས་གཏམ་སྤེལ་བར་བོད་མི་རྣམས་ཚོར་བའི་དབང་དུ་སོང་ཏེ་རྒོལ་གཏམ་སྤེལ་དགོས་དོན་མེད་པ་ནང་དོན་སོགས་ཀྱི་ཆ་ནས་གོང་དུ་ཞུས་ཟིན་ཅིང་། ལོ་རྒྱུས་ཀྱི་ཆ་ནས་ཞུས་ན། ཕྱི་ལོ་༡༩༩༢་ལོར། དེ་སྔ་རྒྱ་ནག་གི་འགོ་ཁྲིད་ཀྲུའོ་ཙི་དབྱང་གི་དྲུང་ཡིག་བྱེད་མྱོང་མཁན་མཁས་པ་གྲགས་ཅན་ཡན་ཅཱ་ཆི་ནས་རྒྱལ་ནག་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒྲོམ་གཞི་དང་རྩ་ཁྲིམས་བཟོས་ཡོད་ལ། དེའི་ནང་བོད་དང་ཤིན་ཅང་སོགས་ཡོད།

ཡང་ཕྱི་ལོ་༡༩༩༣ལོར་ཕྱི་རྒྱལ་ལ་ཡོད་པའི་རྒྱ་ནག་གི་མཁས་པ་ཉི་ཤུ་ལྷག་ཨ་རིའི་ཧོ་ནོ་ལུ་ལུ་རུ་མཉམ་འཛོམས་ཚོགས་འདུ་བསྐོང་སྟེ། “རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་(中华联邦共和国宪法草案) ”བཟོས་ཤིང་། དེའི་ནང་ཡང་བོད་དང་སོག་པོ་སོགས་ཚུད་ཡོད།

༡༩༩༥ ལོར་ཨ་རིའི་ཁ་ལི་ཧྥོ་ལི་ཡའི་མཐོ་སློབ་ཀྱི་ཤར་ཨེ་ཤ་ཡའི་ཞིབ་འཇུག་ཁང་གི་བསྐོང་ཚོགས་བྱས་པའི་“མ་འོངས་རྒྱ་ནག་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་སྲིད་ཁྲིམས་ལམ་ལུགས་བགྲོ་གླེང་ཚོགས་འདུའི”ཐོག རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ལ་ཐུན་མོང་གིས་མོས་མཐུན་བྱུང་ཡོད།

རྒྱ་མི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་གཤེགས་ལོའུ་ཞའོ་པོ་སོགས་ཀྱིས་བཏོན་པའི་“༨༠རྩ་ཁྲིམས།”གྲགས་ཅན་དེའི་སྙིང་དོན་ཡང་འབྱུང་འགྱུར་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་དུ་བསྐྱོད་དགོས་པ་བཏོན་པ་མ་ཟད། བོད་སོགས་མི་རིགས་ཀྱི་གནད་དོན་ཡང་དེའི་ཐོག་ནས་སེལ་དགོས་པ་བཏོན་ཡོད།

གོང་བརྗོད་ཚང་མ་ལ་བོད་མིས་རྒོལ་གཏམ་སྤེལ་མྱོང་མེད་ལ།  སྤེལ་དགོས་དོན་ཡང་མ་མཐོང་།  གང་ལྟར་མ་འོངས་རྒྱ་ནག་འགྱུར་བ་ཆེན་པོ་ཞིག་འགྲོ་ན། སྐབས་དེར་ང་ཚོར་གོ་སྐབས་ཞིག་དང་ལམ་ཁ་ཞིག་ཏན་ཏན་ཡོད་ངེས་པས། ད་ལྟ་རྒྱ་དམར་ལ་ཁ་གཏད་བྱེད་མཁན་རྒྱ་རིགས་དག་ང་ཚོའི་འཐབ་ཕྱོགས་གཅིག་ལ་བཟུང་ནས། ལས་ཀ་མཉམ་རུབ་བྱས་ན་ནུས་པ་དང་ཕན་པ་ཡོད་པ་ལས། རྒྱ་རིགས་དེ་དག་ལ་རྒོལ་གཏམ་སྤེལ་ནས་དགྲ་རུ་བཟུང་ན་ཕན་ཐོགས་དང་དགོས་པ་ཧ་ཅང་ཆུང་བར་སྙམ་མོ།

གལ་སྲིད་བོད་མི་རྣམས་ཀྱི་དམིག་ཡུལ་དང་མི་མཐུན་པ་ཙམ་གྱིས་ཁ་ལ་གང་ཡོང་བཤད་པ་དང་། སྔ་གཞུགས་ཀྱི་ཁེ་ཕན་བཅས་ལ་བསམ་བློ་ཙམ་ཡང་མི་གཏོང་བར་ངོ་རྒོལ་བྱས་ན་རང་ཉིད་བྱབ་ཆུང་དང་དེ་ཉིད་མངོན་པ་ཙམ་དུ་ཟད། དཔེར་ན། ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ནས་བོད་རང་སྐྱོང་ལྗོངས་རང་བཙན་ངོས་ལེན་དགོས་སྐོར་བཏོན་པར། དོན་གྱིས་རྒྱ་གཞུང་གི་དོན་ཚན་བཅུ་བདུན་བཏོན་པའི་སྒྲོམ་གཞི་ལྟར་མདོ་སྟོད་སྨད་ཀྱི་ས་ཆ་ཕལ་མོ་ཆེ་དང་དང་བོད་མི་ས་ཡ་བཞི་ལྷག་དེའི་ནང་ཚུད་མེད་ན་ཡང་། ང་ཚོའི་དམིགས་ཡུལ་དང་མི་མཐུན་པ་ཙམ་གྱིས་ཁ་ལ་གང་ཡོང་བཤད་ག་ལ་རུང་།

མདོར་ན། ད་ཐེངས་རྒྱ་མི་ཀོ་ཝེན་ཀུའེ་སོགས་ཀྱི་བསྒྲགས་གཏམ་འདི་རྒྱ་ནག་དམར་པོ་རྩ་གཏོར་དགོས་པའི་འབོད་སྒྲ་ཞིག་དང་། དམིགས་འབེན་གཙོ་བོ་རྒྱ་གཞུང་སུན་པོ་བཟོ་ཆེད་ཡིན་པ་ལས། འབྱུང་འགྱུར་རྒྱ་ནག་གི་ལམ་ཁ་དང་ལྷག་པར་མི་རིགས་གཞན་གྱི་ཐོབ་ཐང་སྐོར་བརྗོད་གཞི་གཙོ་བོ་མིན་པས། ང་ཚོས་རྒྱ་ནག་རྩ་མེད་གཏོང་བར་རྒྱབ་སྐྱོར་བྱེད་མི་ཐུབ་ན་ཡང་ངོ་རྒོལ་བྱེད་དགོས་པ་རྩ་བ་ནས་མེད། དེར་བརྟེན་བོད་དོན་ངོ་མ་ཞིག་སྒྲུབ་འདོད་ན། བབ་བརླིང་བརྟན་གསུམ་གྱིས་ལས་ལ་ཞུགས་དགོས་པ་ལས་སྤྲེལ་ཚོགས་ཀྱིས་ཁྲོན་པའི་ནང་གི་ཟླ་བ་ལེན་པའི་ངང་ཚུལ་ཅེས་ཀྱང་བྱ་མི་འོས་པའི་འབོད་སྐུལ་ཞུ་འདོད་དང་བཅས།

ཕྱི་ལོ་༢༠༢༠ ལོའི་ཟླ་ ༦ ཚེས་ ༡༡ ཉིན།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 3

  1. Chogyur says:
    ལོ་ 5 སྔོན།

    ༄༅།། ཀུན་ཐོས་ཟིན་པའི་རྒྱལ་ཕྲན་གཏམ་ལ་ཞིབ་དཔྱོད་ན།
    དཔེ་ལྟར་ན་ ཡོ་རོབ་མཉམ་འབྲེལ་ལྟ་བུ་བསྐྲུན་ནས་ལེགས་།
    བོད་མི་ཡོངས་ཀྱི་དམིགས་དཔེ་བལྟ་ས་གཅིག་། འཇུ་ཤི་མི་རིགས་ཀྱིས་རང་དབང་བརྩོད་ནས་རང་བཙན་རྒྱལ་ཁབ་ལག་ཏུ་འཛིན་ཐུབ་ཡོད་། བོད་རང་བཙན་རྒྱལ་ཁབ་ཏེ་གུང་ཁྲན་བཙན་འཕྲོགས་ལ་ངོས་འཛིན་ནས་རང་དབང་རང་བཙན་བརྩོད་དགོས་སོ། དབུ་ལམ་རེ་བ་རྒྱག་ན་ཧོང་ཀོང་ལྟར་བུ་ཉེས་ཁ་ཆེ།

    Reply
  2. ཚེས་བཅུ་སྒྲོལ་མ། says:
    ལོ་ 5 སྔོན།

    གལ་ཏེ་རྩ་ཁྲིམས་འདིར་ཁས་ལེན་ཐུབ་ན།
    རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་(中华联邦共和国宪法草案)ནང།
    ལེའུ་གསུམ་པ། རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི།
    དོན་ཚན་ཉེར་བརྒྱད་པ། ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ།
    ནང་སོག་རང་སྐྱོང་ཁུལ་དང་། ཐའེ་ཝན་རང་སྐྱོང་ཁུལ། བོད་ལྗོངས་རང་སྐྱོང་ཁུལ། ཞིན་ཅང་རང་སྐྱོང་ཁུལ། ཉིང་ཞ་རང་སྐྱོང་ཁུལ། ཀོང་ཞི་རང་སྐྱོང་ཁུལ་བཅས་ཡོད། ཧྲན་ཞི་རང་སྐྱོང་ཞིང་ཆེན། ཧྲན་ཏུང་རང་སྐྱོང་ཞིང་ཆེན། སི་ཁྲོན་རང་སྐྱོང་ཞིང་ཆེན། ཀན་སུའུ་རང་སྐྱོང་ཞིང་ཆེན། ཅང་སུའུ་རང་སྐྱོང་ཞིང་ཆེན། ཅང་སུའུ་རང་སྐྱོང་ཞིང་ཆེན། ཅི་ལིན་རང་སྐྱོང་ཞིང་ཆེན། ཨན་ཧུའེ་རང་སྐྱོང་ཞིང་ཆེན། ཧོ་པེ་རང་སྐྱོང་ཞིང་ཆེན། ཧོ་ནན་རང་སྐྱོང་ཞིང་ཆེན། མཚོ་སྔོན་རང་སྐྱོང་ཞིང་ཆེན། ཧྲའན་ཞི་རང་སྐྱོང་ཞིང་ཆེན། ཧའེ་ནན་རང་སྐྱོང་ཞིང་ཆེན། ཀྲེ་ཅང་རང་སྐྱོང་ཞིང་ཆེན། ཧུའུ་ནན་རང་སྐྱོང་ཞིང་ཆེན། ཧུའུ་ནན་རང་སྐྱོང་ཞིང་ཆེན། ཀུའེ་ཀྲོའུ་རང་སྐྱོང་ཞིང་ཆེན། ཡུན་ནན་རང་སྐྱོང་ཞིང་ཆེན། ཧེ་ལུང་ཅང་རང་སྐྱོང་ཞིང་ཆེན། ཧྥུ་ཅན་རང་སྐྱོང་ཞིང་ཆེན། ཀོང་ཏུང་རང་སྐྱོང་ཞིང་ཆེན། ལིའོ་ཉིང་རང་སྐྱོང་ཞིང་ཆེན། ཧྲང་ཧའེ་རང་སྐྱོང་གྲོང་ཁྱེར་དང་། ཐེན་ཅིན་རང་སྐྱོང་གྲོང་ཁྱེར། པེ་ཅིན་རང་སྐྱོང་གྲོང་ཁྱེར། ཞང་ཀང་དམིགས་བསལ་ས་ཁུལ། ཨའོ་མོན་དམིགས་བསལ་ས་ཁུལ།
    དོན་ཚན་ཉེར་དགུ་པ། རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ནང་རྒྱལ་ཕྲན་མཉམ་འབྲེལ་གྱིས་སྤྱོད་རྒྱུའི་གཏན་འབེབས་བྱས་མེད་པའི་དབང་ཆ་ཡིན་ཕྱིན་རྒྱལ་ཁབ་ཁག་དང་། ཞིང་ཆེན་ཁགགྲོང་ཁྱེར། ཆུས་ཁགརྒྱལ་དམངས་ཡོངས་རྫོགས་བཅས་སོར་འཇོག་བྱ་རྒྱུ།
    དོན་ཚན་སུམ་བཅུ་པ། རྒྱལ་ཁབ་ཁག་རང་གིས་རྩ་ཁྲིམས་བཟོས། ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་གིས་རང་གིས་གཞི་རྩའི་བཅའ་ཁྲིམས་བཟོས་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དེ་བཞིན་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་གཞི་རྩའི་བཅའ་ཁྲིམས་ཚང་མས་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་དང་འགལ་བའམ་ཡང་ན་རྒྱལ་ཁབ་ཁག་དང་། ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་མི་ཆོག
    https://www.bannedbook.org/bnews/bookonline/20170102/637700.htmlབཅས་འཁོད་ཡོད་པ་།
    དེ་སྔོན་མ་སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་གིས་ཕར་སྤྲད་ཚུར་ལེན་ཞེས་པ་དང་གཅིག་འཚུངས་རེ་མི་འདུག་གམ།
    ཡང་བོད་མི་དེ་དག་གིས་བསྒྲགས་གཏམ་ཞིབ་མོར་མ་ཀློག་པ་ལས། བསྒྲགས་གཏམ་ཟུར་བཀོད་“(༤)རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱ་ནག་གསར་བའི་(༥)སྲིད་གཞུང་དང་(༦)རྩ་ཁྲིམས།”ཞེས་པའི་དོན་ཚན་བཞི་པའི་ནང་དུ། “ཧོང་ཀོང་དང་། མཱ་ཁོ། བོད་སོགས་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་འོག་ཏུ་དམིགས་བསལ་རང་བཙན་(མགོ་)རང་སྐྱོང་ལག་བསྟར་བྱེད་རྒྱུ་(香港、澳門和西藏等實行聯邦制下的特別獨立自治)དང་། རྒྱལ་སྲུང་དང་ཕྱི་འབྲེལ་ལས་གཞན་པའི་སྲིད་གཞུང་བདག་སྐྱོང་དབང་ཆ་ཆ་ཚང་ཡོད”ཅེས་དང་། དེའི་འོག་ཏུ་“ཧོང་ཀོང་རང་སྲིད་རང་སྐྱོང་། ཐེ་ཝན་རང་སྲིད་རང་སྐྱོང་། མཱ་ཁོ་རང་སྲིད་རང་སྐྱོང་། བོད་མི་རང་སྲིད་རང་སྐྱོང་(實現港人治港、臺人治臺、澳人治澳和藏人治藏)མངོན་འགྱུར་བྱེད་རྒྱུ་”ཞེས་འཁོད་པ་སོགས་ལ་གཞིགས་ན། བསྒྲགས་གཏམ་འདི་འགྲུབ་མིན་ཇི་ལྟར་ཡང་། བོད་ལ་མཚོན་ན་སྔར་ཕྱི་ལོ་ ༡༩༨༨ ལོར་༧གོང་ས་མཆོག་གིས་བཏོན་པའི་སི་ཀྲ་སི་སྦག་གི་གྲོས་གཞི་དང་གཅིག་མཚུངས་ཡིན་ལ། རང་གཞུང་གིས་བཏོན་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་༽ལས་ཚད་མཐོ་བ་སྙམ།
    འོ་ན་དེ་འདྲའི་ཡིན་ན།བོད་ཟེར་བའི་ཁྱབ་ཁོངས་དེ་ངོས་འཛིན་ཚུལ་གང་འདྲའི་ཡིན་ན།ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་མདོ་སྟོད་སྨད་བར་གསུམ་ཡོད་པས།མ་འོངས་པ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙས་པ་བྱུང་ཚེ་(བོད་ནང་ཡོད་པའི་བོད་མི་རྣམས་དུམ་བུ་ཁག་དགུ་དུ་བཏང་ཡོད)བོད་རང་སྐྱོང་ལྗོངས་འཕུད།དེ་མིན་མདོ་སྟོད་སྨད་གཉིས་ཀྱི་གནས་བབས་གང་འདྲ་ཆགས་ཀྱིས་ཡོད་རེད།

    Reply
  3. གཟའ་རུ་དར་རྒྱས། says:
    ལོ་ 5 སྔོན།

    དངོས་གནས་ཡག་པོ་བྲིས་འདུག་་་་་གནས་ལུགས་རྒྱུ་མཚན་ལྡན་པའི་སྐད་ཆ་རེད་་་་
    ངས་ཀོ་ཡིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་རྒོལ་བའི་སྐད་ཆ་ཉན་ནས་མི་ལོ་གསུམ་ལྷག་འགོར་སོང་་་་་་རྡ་སར་བསྡད་ནས་མི་ལོ་ཉེར་དྲུག་རིང་༧གོང་ས་མཆོག་ཕུད་པའི་གཞན་བཙན་བྱོལ་བོད་པ་སུ་ཞིག་གིས་སྒེར་ངོས་ནས་འདི་ལྟར་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཐུབ་མེད་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese