རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་རྒྱ་གར་གྱི་བོད་སྐད་རླུང་འཕྲིན་ཤུགས་ཆེ་རུ་བཏང་སྟེ་ས་མཚམས་ཁུལ་ལ་བོད་དོན་གནས་ཚུལ་ཁྱབ་སྤེལ་གཏོང་རྒྱུ་ཡིན་འདུག
དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱིས་བོད་སྐད་སྡེ་ཚན་གྱི་གནས་ཚུལ་ཁག་སྔར་ལྷག་གིས་རྒྱ་སྐྱེད་བཏང་སྟེ། ཧིན་བོད་ས་མཚམས་སུ་འཁེལ་བའི་ལ་དྭགས་དང་འབྲས་ལྗོངས། དེ་བཞིན་ཨ་རུ་ན་ཅལ་ཕྱོགས་སུ་བོད་སྐད་རླུང་འཕྲིན་གསར་འགྱུར་ཐད་གཏོང་སྤེལ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྟེང་ཧིན་བོད་ས་མཚམས་ཐོག་གི་རྒྱ་གར་གྱི་ལངས་ཕྱོགས་གསལ་བརྗོད་དང་སྦྲགས། ནང་ཆོས་གཙོ་བྱས་པའི་བོད་དང་རྒྱ་གར་དབར་གྱི་རིག་གཞུང་དང་ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་སོགས་ཐད་གཏོང་བྱེད་འཆར་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། ད་རེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་གསར་འགྱུར་ནང་རྒྱ་གར་གྱི་བདེ་དོན་སྤྱི་དང་། དམིགས་བསལ་རྒྱ་གར་གྱི་བོད་ལ་ཐེབས་པའི་ཤུགས་རྐྱེན་དང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་གནས་བབ་སོགས་ཀྱི་སྐོར་རྒྱང་བསྒྲགས་བྱེད་ཀྱི་ཡིན་སྐོར་བརྗོད་འདུག་ལ། རྒྱ་གར་དཔལ་འབྱོར་དུས་བབ་ནང་ཧིན་བོད་ས་མཚམས་གཙོས་པའི་རྒྱ་གར་དང་བོད་ཀྱི་འབྲེལ་ལམ་སྐོར་རྒྱང་བསྒྲགས་བྱེད་རྒྱུའི་འཆར་གཞི་དེས། དེང་རབས་རྒྱ་གར་གྱི་ལོ་རྒྱུས་ཁྲོད་གནས་བབ་གལ་ཆེན་ཞིག་ཟིན་ཡོད་པ་དང་། བོད་སྐད་སྡེ་ཚན་གྱི་རླུང་འཕྲིན་གསར་འགྱུར་ལས་ཤུགས་ཆེ་རུ་སྔར་གཏོང་རྒྱུ་ཡིན་པའི་གནས་ཚུལ་དེ། རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཤུགས་ཆེར་འགྲོ་བཞིན་པའི་སྐབས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག
གནད་ཚུལ་འདིའི་ཐད་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་གྱི་འབྲེལ་ཡོད་མི་སྣ་རྒན་པ་ཞིག་གིས། རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་པ་རཱ་སཱར་བྷ་ར་ཏི་ (Prasar Bharati) ཡི་ལེ་ཚན་རྣམས་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ན་ཅལ་བཅས་ནང་ཤར་གཏོང་བྱས་ཏེ་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གཞུང་འབྲེལ་བརྙན་འཕྲིན་ཁང་ཆེ་ཤོས་དྷུར་དྷར་ཤན་ (DD) ནང་དུའང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་མདོ་སྒྲུང་རིགས་སྤེལ་གྱི་ཡོད། ཅེས་དང་། མི་འགྱངས་བར་རྒྱ་གར་གྱི་གཞུང་འབྲེལ་རིན་མེད་དྷུར་དྷར་ཤན་བརྙན་འཕྲིན་བརྒྱུད་ལམ་ (DD Freedish) ནང་བོད་སྐད་ཀྱི་རླུང་འཕྲིན་ཚན་པ་ཁ་སྣོན་བྱ་རྒྱུ་ཡིན། དྷུར་དྷར་ཤན་རླུང་འཕྲིན་བརྒྱུད་ལམ་དེ་རིན་མེད་ཐོག་ཨབ་གྷན་དང་པཱ་ཀི་སི་ཐན་བར་སྙོབ་ཐུབ་ཀྱི་ཡོད་ལ། འབྱུང་འགྱུར་ལ་དྭགས་དང་འབྲས་ལྗོངས་ཀྱི་རྒྱལ་ཡོངས་རླུང་འཕྲིན་ཚན་པ་དེ་ཡང་དྷུར་དྷར་ཤན་ནང་ཤར་གཏོང་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུགརྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་དང་དྷུར་དྷར་ཤན་བརྙན་འཕྲིན་བརྒྱུད་ལམ་གཉིས་ནས་རྒྱ་གར་གྱི་ཆབ་སྲིད་འབྲེལ་ལམ་སྐོར་གྱི་གནས་ཚུལ་སྤེལ་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་སྲིད་བློན་མུ་དྷི་མཆོག་གིས་བྷོལ་ཆིས་སི་ཊན་སྐད་བེད་སྤྱོད་བྱས་པ་དང་། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་བྷོལ་ཆི་སིའི་སྐད་ཡིག་ལྡན་པའི་རླུང་འཕྲིན་ཐད་གཏོང་བསྐྱར་དུ་མགོ་བརྩམས་ཏེ། རྒྱ་གར་གྱིས་ཆབ་སྲིད་འབྲེལ་ལམ་ཐོག་ནས་བྷོལ་ཆི་སི་ཐན་ནང་གི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ནི་ཕྱི་ལོ་ ༡༩༣༦ ལོར་བཙུགས་པ་དང་། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གཞུང་གིས་ཐོག་མའི་རླུང་འཕྲིན་ཁང་དེའི་མིང་སྟེ་ (Akashvani) ནས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ (All India Radio) དུ་བསྒྱུར་ཏེ། ཕྱི་སྐད་ ༡༥ དང་རྒྱ་གར་གྱི་སྐད་ ༡༢ བཅས་ཁྱོན་སྐད་རིགས་ ༢༧ ནང་ཆུ་ཚོད་ ༢༤ རིང་གཏོང་གི་ཡོད་པ་དང་། ཕྱི་ལོ་ ༡༩༥༦ ལོར་བོད་སྐད་སྡེ་ཚན་མགོ་འཛུགས་དང་། ཕྱི་ལོ་ ༡༩༥༨ ལོར་བོད་པའི་སྐོར་གྱི་ལས་རིམ་མགོ་འཛུགས་ཀྱིས་ད་ལྟ་མུ་མཐུད་ཀྱི་ཡོད་འདུག
གསར་འགོད་པ།་སྐལ་བཟང་སྦྱིན་པ།