མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་སྐུ་ངོ་སྤེན་པ་ཚེ་རིང་མཆོག 

བོད་ཀྱི་དུས་བབ།
༢༠༢༠/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་བསམ་འགྲུབ།

ཁོང་ནི་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བུ་ཕྲུག་ཞིག་ཡིན་ཞིང་། ཆུང་དུས་ནས་ས་གནས་སྦེལ་ཀོབ་གཞིས་ཆགས་ཀྱི་སློབ་གྲྭར་འགྲིམས་ནས་འཛིན་གྲྭའི་ནང་གི་སློབ་མ་རྩེ་ཕུད་ཀྱི་གྲས་སུ་ཡོད་ལ། སྔ་དགོང་ཞིང་ལས་དང་ཁྱིམ་གྱི་བྱ་བ་ཙག་ཙིག་རྣམས་ཁུར་དུ་ལེན་མཁན་གྱི་བུ་ཕྲུག་སྲི་ཞུ་ཅན་ཞིག་ཀྱང་ཡིན། འཛིན་གྲྭ་དགུ་པ་ནས་ལོ་གསུམ་གྱི་རིང་སྤྱི་ཁྱབ་རྒན་བདག་གནང་བ་དང་། སློབ་གྲྭའི་ནང་གི་འཛིན་སྐྱོང་གི་ལས་དོན་ལ་ཡང་གཟེངས་སུ་ཐོན་པའི་ཁུར་ལེན་རོགས་འདེགས་བྱས་ཡོད། སྐབས་དེ་དུས་ཀྱི་དགེ་རྒན་དཀྱུས་མ་ལྟ་བུས་ཀྱང་ཁོང་ཉིད་དགེ་རྒན་བྱས་ནས་ལོ་ངོ་སུམ་ཅུ་སོ་བདུན་སོང་བའི་བརྒྱུད་རིམ་གྱི་ནང་དུ། སྤེན་པ་ཚེ་རིང་ལྟ་བུའི་རྒན་བདག་ཕུལ་བྱུང་ཞིག་ད་བར་ཁོང་གི་མཐོང་མྱོང་མེད་ཅེས་བསྟོད་བསྔགས་དང་གདེང་འཇོག་ཀྱང་གནང་མྱོང་ཡོད། མདོར་ན་སྐབས་དེ་དུས་ནས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་སྐྱེ་སྟོབས་ཀྱི་ཤེས་རབ་དང་འགོ་ཁྲིད་ཀྱི་ནུས་པ་ལྡན་པ་ཞིག་ཡིན་ཚོད་འདུག

འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་སྐབས་སུ་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་ཕྲུག་ཡོངས་ནས་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། བོད་སློབ་འཛིན་ཚོགས་ནས་ཤེས་ཡོན་གྱི་རོགས་རམ་ཡང་ཐོབ་ཡོད། ཁོང་གིས་མཐོ་སློབ་སྐབས་སུ་དཔལ་འབྱོར་རིག་པ་ལ་ཆེད་སྦྱོང་གནང་ཡོད་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱོད་བཞིན་པའི་རྩིས་ཀྱི་སྒྲོམ་གཞི་འདི་ཡང་ཁོང་གིས་འཆར་འགོད་ལས་བྱུང་བ་ཞིག་ཡིན།

ཁོང་གིས་ Madaras ནས་སློབ་སྦྱོང་གནང་བཞིན་པ་དང་མཉམ་དུ་ས་གནས་འཐུས་ཚོགས་སྐྱར་གསོ་དང་འབྲེལ། ས་གནས་སུད་ཚོང་བ་དག་ལ་ཡང་རོགས་འདེགས་གནད་སྨིན་བྱས་ཡོད། དེ་བཞིན་ཁོང་གིས་མཚན་མོ་ཆུ་ཚོད་བདུན་པ་ནས། ཆུ་ཚོད་བཅུ་གཅིག་བར་ཟ་ཁང་དུ་ལས་ཀ་བྱས་ཏེ་རང་ཉིད་ཀྱི་སློབ་ཡོན་ལ་ཁ་སྐོང་ཐུབ་པའི་འབད་བརྩོན་ནུས་པ་ལྡན་པ་འགའ་ཡང་གནང་ཡོད། སྐབས་དེ་དུས་ཉིན་མོར་སློབ་སྦྱོང་དང་མཚན་མོར་ཟ་ཁང་དུ་ལས་ཀ་བྱེད་མཁན་གྱི་སློབ་ཕྲུག་ཞིག་ཧ་ཅང་དཀོན་ལ། དེ་ལྟ་བུའི་རང་ཁ་རང་གསོའི་ཐབས་ལམ་གྱིས་ཁོང་གི་ཡབ་ཡུམ་གྱི་ཐུགས་ལ་ཡང་རེ་བ་གསར་བ་ཞིག་བྱིན་ཡོད། སྐབས་དེར་ཁོང་གི་ཡབ་ཆེན་གྱིས་མ་འོངས་པར་ཁྱེད་རང་མཐོ་སློབ་ཐོན་པ་དང་བོད་གཞུང་ལ་ཞབས་ཞུ་བྱེད་དུ་འགྲོ་དགོས་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་དང་། མི་རབས་གསར་བའི་དཔུང་ཁག་གི་རུ་སྣེ་འདྲེན་མཁན་ཞིག་ཡོང་བའི་རེ་བ་དང་ལམ་སྟོན་ཡང་གནང་མྱོང་།

ཁོང་སློབ་མཐར་སོན་པ་ནས་ལོ་ཤས་ཀྱི་རིང་ཚོང་ལས་ཀྱི་བྱ་བར་ཞུགས་ཏེ། ༡༩༩༤ ལོར་ཁོང་གིས་ཡབ་ཆེན་གྱི་བཀའ་མངགས་སེམས་སུ་བཅངས་ནས་༸སྐྱབས་མགོན་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་བཞུགས་གནས་ཏེ་རྡ་རམ་ས་ལའི་རི་བོའི་ཕྱོགས་སུ་གོམ་ཁ་བསྒྱུར། ཁོང་ནི་འགོ་འདྲེན་གྱི་སྣེ་ཤན་མེད་ལ་ཁྱིམ་བརྒྱུད་ཀྱི་གོ་མིང་ཡང་མེད་པར་མི་སེར་དཀྱུས་མའི་བུ་ཕྲུག་ཞིག་ཡིན་པས། རྒྱལ་སའི་ཆབ་སྲིད་ཀྱི་ཁོར་ཡུག་ནས་སྲིད་ཞུའི་ལས་དོན་གྱི་འགོ་འཛུགས་ཤིག་ཇི་ལྟར་བྱེད། འདི་ནི་ང་ཚོས་བསམ་ཤེས་དང་ཚོད་དཔག་ཐུབ་པ་ཞིག་རེད།

དེ་ལྟར་ཡང་། ལས་དབང་ཞིག་གིས་མདོ་སྨད་གྱི་ལོ་འཁོར་རྩིས་ཀྱི་ཚོགས་འདུ་ཞིག་དང་བསྟུན། དེ་དུས་ཁོང་གིས་སྐབས་བབ་ཀྱི་རྩིས་རྙོག་ལ་ཉེ་བར་མཁོ་བའི་རྣམ་དཔྱོད་རྩལ་ལ་ཀུན་གྱིས་ཡིད་དབང་འཕྲོག་པ་བྱུང་། དེ་ནས་བཟུང་མདོ་སྨད་སྤྱི་ཁྱབ་དྲུང་ཆེ་ལོ་གཉིས་དང་། མདོ་སྨད་མི་མང་གི་རེ་བ་ལྟར་སྤྱི་འཐུས་ཀྱི་འོས་ཤོག་སྐབས་བཅུ་གཉིས་དང་། བཅུ་གསུམ། བཅུ་བཞི། བཅོ་ལྔ་བཅས་ཀྱི་ལས་ཁུར་ཞུས་ཤིང་། སྐབས་རེར་རྩེ་ཕུད་ཀྱི་འོས་ཐོབ་ཀྱང་བྱུང་ཡོད། ༢༠༠༨ ལོར་གྲོས་ཚོགས་ནས་ཀྱང་མང་མོས་ཀྱིས་ཚོགས་གཙོའི་ཁྲི་ལ་བཀོད་པ་དང་། ཁོང་གིས་ཀྱང་གཟེངས་སུ་ཐོན་པའི་སྣེ་ཁྲིད་གནང་། མ་ཟད་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཀྱང་བཀའ་བློན་གྱི་འོས་མིར་མིང་འདོན་དང་ཐུགས་རེ་གནང་མྱོང་ཡོད་ལ། ཆོལ་ཁ་གསུམ་གྱི་མི་མང་གིས་ཀྱང་ ༢༠༡༦ ལོར་སྲིད་སྐྱོང་གི་འོས་མི་ལ་ཚད་མཐོའི་རྒྱབ་སྐྱོར་བྱུང་ཡོད།

༢༠༡༦ གི་ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་དང་དཔལ་ལྡན་སྲིད་སྐྱོང་གིས་ཐུག་ཐག་བཅད་པ་ལྟར་ཨ་རིའི་དོན་གཅོད་ཀྱི་ཁྲི་ལ་བཀོད། ཆེས་སྐལ་བཟང་གི་ཉིན་མོ་ཞིག་ནི་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་ཨ་རིའི་མཐོ་རིམ་མི་སྣ་དུ་མའི་དབུས་སུ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་ལྡིང་ཆའི་དབུས་སུ་༸གསུང་གནང་ནས། ༸ཕྱག་གཡས་པས་སྐུ་ངོ་སྤེན་པ་ཚེ་རིང་གི་ཕྲག་པ་ནས་འཇུས་གནང་སྟེ། འདི་ནི་དེང་དུས་ཀྱི་སློབ་སྦྱོང་ཆ་ཚང་བ་ཐོབ་པའི་མི་སྣ་ཞིག་ཡིན་པས། ཁྱེད་རྣམས་ཀྱིས་འདི་ལ་རྒྱབ་སྐོར་གང་ཐུབ་གནང་རོགས་ཞེས་གསུང་གི་གནང་བ་ཐོབ་མྱོང་བ་ནི་ཆེས་རིན་ཐང་བྲལ་བ་ཞིག་དང་ལོ་རྒྱུས་ཀྱི་རྡོ་རིང་འོད་སྟོང་འཕྲོ་བ་ཞིག་ཀྱང་ཡིན།

ཡང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་དོན་གཅོད་གནང་བས་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ། ཨ་རིའི་ཕོ་བྲང་དཀར་པོའི་གྲོས་ཚོགས་ཀྱི་ཚོགས་ཁང་རང་གི་ནང་དུ་༧གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་སྲུང་བརྩི་དང་བསུ་བ་ཞུ་ཐུབ་པ་བྱུང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ་སུམ་བརྒྱ་ལྷག་ཙམ་མཉམ་ཞུགས་ཐུབ་པ་བྱུང་ཡོད། མ་ཟད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོའི་དབུས་པའི་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པའི་མི་སྣ་བརྒྱད་ཙམ་རྡ་རམ་ས་ལ་རུ་༸སྐྱབ་མགོན་ཡིད་བཞིན་ནོར་བུ་མཇལ་བཅར་གྱིས་བོད་དོན་ལ་རྒྱབ་སྐྱོར་དང་། འཛམ་གླིང་སྤྱི་དང་བོད་ནང་གི་བོད་མི་ཡོངས་ལ་ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་དག་གིས་རོགས་མགོན་ཚད་མཐོར་ཡོད་པའི་དཔེ་སྟོན་དང་གདེང་སྤོབས་སྟེར་ཐུབ་པ་བྱུང་ཡོད་ལ། འདི་དག་ནི་ད་བར་བྱུང་མ་མྱོང་བའི་དཔེ་མཚོན་རང་བཞིན་ཅན་ཞིག་ཀྱང་ཡིན།

ཧ་ཅང་གལ་ཆེ་བ་ཞིག་ནི་ལོ་གཅིག་དང་ཟླ་བ་གཉིས་ཙམ་གྱི་ནང་དུ་ཨ་རིར་ཡོད་པའི་ཆོལ་གསུམ་གྱི་མི་མང་རྣམས་གཅིག་སྒྲིལ་གྱི་ཕྱོགས་སུ་ཁྲིད་ཐུབ་པ་བྱུང་ཡོད། དཔེར་ན། ས་གནས་ཁ་འཐོར་དུ་གནས་ཡོད་པའི་སྤྱི་མཐུན་ཚོགས་པ་ཁག་མཉམ་རུབ་ཀྱིས་ཚོགས་ཆེན་ཐེངས་གཉིས་ཙམ་ཚོགས་ཐུབ་པ་བྱུང་ཡོད་པ་དང་། རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཆེས་མང་པོ་ཞིག་ཏུ་འབྲེལ་འདྲིས་གནང་སྟེ་མཉམ་རུབ་ཀྱིས་ཆོས་རིག་གི་ཕྱོགས་ལ་ནུས་པ་མཉམ་སྤུངས་ཐུབ་པ་བྱུང་ཡོད།

ད་དུང་ཨ་རིར་ཡོད་པའི་བོད་པའི་གཟའ་མཇུག་སློབ་གྲྭའི་སློབ་ཚན་བསྐྱར་བསྒྲིགས་ཀྱི་མཚོན་ཚོགས་ཆེན་ཐེངས་གཉིས་ཙམ་ཚོགས་ཐུབ་པ་བྱུང་ཡོད། ལོ་དེའི་སྤྱི་ཟླ་༡༢་ནང་དུ་སྤྱི་འཐུས་ཚོགས་པ་ཁག་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་གྲ་སྒྲིག་རྒྱ་ཆེར་གནང་ཡོད་ལ་ཁོང་དོན་གཅོད་འཕོ་འགྱུར་གྱི་རྗེས་སུ་ཡང་། ཁོང་གིས་མི་མང་ཚང་མའི་ལས་དོན་དེར་མུ་མཐུད་མཉམ་རུབ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེར་གནང་ཡོད་པ་དེས། ཁོང་གི་གཞུང་སེམས་དང་ལྷག་བསམ་ལ་སེམས་འགུལ་ཐེབས་དགོས་པ་ཞིག་ཡིན། འདི་དག་ནི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་འདས་པའི་སྤྱི་ཚོགས་ཀྱི་ནང་དུ་༸གོང་ས་མཆོག་གི་དབུས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། མི་མང་། གྲོས་ཚོགས་བཅས་ཀྱིས་གནང་བའི་ངོས་འཛིན་དང་། རེ་བ། ཆེ་མཐོང་དག་ཡིན་ལ། ཁོང་གིས་ལོ་མང་གི་རིང་བོད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་གནང་བས་བརྒྱུད་རིམ་ལ་ངོས་འཛིན་བྱེད་འོས་པའི་བདེན་དཔང་ཡང་ཡིན།

 ད་ནི་ང་ཚོས་ཁོང་གི་འདས་པའི་ལོ་རྒྱུས་ཀྱི་ནང་དུ་ཕྱི་འབྲེལ་གྱི་ཐབས་ཇུས་དང་།   ནང་སྲིད་འཛིན་སྐྱོང་ཇི་ལྟར་གནང་ཡོད་པའི་སྐོར་ལ་ཕྱི་མིག་ཅིག་ལྟ།

           དང་པོ་ཕྱི་འབྲེལ་གྱི་ཐབས་ཇུས།

           དང་པོ། 

༢༠༠༡ བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གནང་ནས་ལོ་གཅིག་ཙམ་གྱི་ནང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་པ་བྱུང་།

            གཉིས་པ། 

                                                                                     ཉམས་མྱོང་།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གསུམ་པ་དང་བཞི་བ་གོ་སྒྲིག་ལས་ཁུར་འཛིན་སྐྱོང་དང་མཉམ་དུ་ཞུས་ཤིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་བ་དམ་ཟབ་དང་འབྲེལ་བ་རྒྱུན་གནས་ཐུབ་པ་བྱུང་ཡོད།

        གསུམ་པ། 

      ཐབས་ཤེས།

སྤྱི་འཐུས་སྐབས་བཅུ་གསུམ་པའི་ཚོགས་གཙོས་འབོད་བསྐུལ་གནང་བ་བཞིན་མི་ལོ་བརྒྱད་ཀྱི་རིང་ཚོགས་མ་ཐུབ་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཉིད་སླར་གསོ་དང་འབྲེལ་སླར་ཡང་འཚོགས་ཐུབ་པ་བྱུང་ཡོད། དེ་ཡང་ ༢༠༠༥ ལོར་སུ་ཁོར་ལན་སྒྲིའི་རྒྱལ་ས་ཨེ་སྒྲོན་བྷི་རོག་དང་། ༢༠༠༩ ལོར་ཨེ་ཏྲ་ལིའི་རྒྱལ་ས་རོམ་ ༢༠༡༢ ལོར་ཁེ་ན་ཏྲ་རྒྱལ་ས་ཨོ་ཀྲོ་ཝ་དང་། ༢༠༡༦ གི་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གོ་སྒྲིག་དང་ལྟ་གོན་ཆ་ཚང་བ་བྱས་ཡོད། མདོར་ན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ལ་འབྲེལ་འདྲིས་གཏིང་ཟབ་དང་ཉམས་མྱོང་རྒྱུས་ལོན་ཆ་ཚང་བ་ཡོད་པ་ནི་བཙན་བྱོལ་གྱི་ནང་དུ་ཁོང་ལས་ལྷག་པ་མེད་བཅས་བཤད་ཀྱང་མ་འགྲིག་པ་མེད།

བཞི་བ། 

  རང་སྐྱོང་གི་གནས་བབ་ལ་རྒྱུས་ལོན་དང་ཉམས་ཞིབ།

དབུ་མའི་ལམ་གྱི་སྲིད་ཇུས་ནི་རང་སྐྱོང་གི་གནས་བབ་དང་འབྲེལ་ཡོད་པའི་རྒྱལ་སྤྱིའི་སྟེང་གི་རང་སྐྱོང་གི་གནས་བབ་ཁག་ལ་གོ་རྟོག་ངེས་པར་དུ་དགོས་པ་ཡིན་པས། རང་སྐྱོང་གི་གནས་བབ་ལྡན་པའི་ཡུལ་ལུང་ཁག་དཔེར་ན། ཨ་རི་དང་། རྒྱ་གར། རྒྱ་ནག  ཁེ་ན་ཌ། དབྱིན་ཇིའི། སྒྲེལ་མག  སུ་པེན། ཨེ་ཊ་ལིས། ར་ཤི་ཡ། བཅས་ཀྱི་ཡུལ་ལུང་ཁག་གི་རང་སྐྱོང་གི་གནས་བབ་ལ་ཉམས་ཞིབ་དང་འབྲེལ། དབུས་དང་ས་གནས་ཀྱི་བར་དུ་དབང་ཆ་ཁྱབ་བགོས་བྱེད་ཕྱོགས་སོགས་ལ་རྒྱུས་ལོན་དང་། ཡུལ་ལུང་དེ་ཚོའི་གྲོས་ཚོགས་ཀྱི་འཐུས་མི་དང་མཁས་དབང་། ཆབ་སྲིད་པ་སོགས་ལ་འབྲེལ་བ་བརྟན་པོར་བཙུགས་ཐུབ་པ་བྱུང་ཡོད། དཔེར་ན། ༢༠༠༥ ལོར་ཐེངས་དང་པོར་སྤྱི་འཐུས་༡༡ ཡུ་རོབ་ཀྱི་ལུང་པ་ཁག་གཅིག་ལ་སྐོར་སྐྱོད་ཁྲིད་གནང་བ་དང་། ལུང་པ་དེ་དག་གི་རང་སྐྱོང་གནས་སྟངས་ལ་ཉམས་ཞིབ་དང་འབྲེལ། ཡུ་རོབ་སྤྱི་མཐུན་གྱི་འགྲོ་སྟངས་ག་འདྲ་ཡིན་མིན་དང་། དེའི་ནང་ལ་གྲོས་ཚོགས་ཀྱི་ལས་འགན་ག་རེ་ཡིན་མིན། འཛིན་སྐྱོང་གི་ལས་འགན་ག་རེ་ཡིན་མིན།  ལྷན་ཚོགས་སྤྱིའི་འགྲོ་སྟངས་ག་འདྲ་ཡིན་མིན། ང་ཚོས་བདེ་སྡུག་གི་གནས་སྟངས་ཞིག་ཞུ་དགོས་བྱུང་ན་གང་དུ་ཞུ་དགོས་མིན་སོགས་ལ་ཉམས་ཞིབ་དང་། ཡང་ཨེ་ཊ་ལིར་ལྟ་བུར་མཚོན་ན་ལྷོ་ཏྲེ་ལོར་གྱི་ནང་གི་རང་སྐྱོང་གི་གནས་སྟངས་ལ་ཉམས་ཞིབ་དང་ ། འཛིན་སྐྱོང་གི་གནས་སྟངས། དབུས་དང་ས་གནས་ཀྱི་འགྲོ་སྟངས། ཕན་ཚུན་དབང་ཆ་བགོ་འགྲེམས་སོགས་ལ་ཡང་ཉམས་ཞིབ་དང་། དེ་བཞིན་དབྱིན་ཡུལ་དབུས་གཞུང་གིས་ཀྱང་རང་སྐྱོང་ལ་བལྟ་སྟངས་ག་འདྲ་ཡོད་མིན་དང་། ཡང་སུ་ཁོར་ལན་སྒྲི་ལྟ་བུའི་ས་གནས་ཀྱིས་དབུས་ལ་ལྟ་སྟངས་ག་འདྲ་ཡོད་མིན། ས་གནས་ཀྱི་འགྲོ་སྟངས་བཅས་ལ་ཉམས་ཞིབ་མཐར་ཕྱིན་པ་དང་གྲོས་ཚོགས་དེ་དག་ལ་བོད་དོན་ངོ་སྤྲོད་དང་འབྲེལ། དུས་དེ་ནས་བཟུང་ལོ་ལྟར་སྤྱི་འཐུས་ཁག་ཕྱོགས་སྐྱོད་གནང་འགོ་བཙུགས་ཡོད་ལ་འདི་ནི་ཆེས་ཐོག་མ་ཡང་ཡིན།།

མདོར་ན་རྒྱལ་སྤྱའི་སྟེང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འབྲེལ་བ་བྱེད་སྟངས་དང། རྒྱལ་སྤྱིའི་ནང་དུ་རང་སྐྱོང་གྱི་གནས་བབ་ལ་ཉམས་ཞིབ་དང་། ཚོགས་ཆེན་གོ་སྒྲིགས་བྱེད་སྟངས་སོགས་ཀྱི་ཉམས་མྱོང་ཆ་ཚང་བ་ཞིག་ཁོང་ལ་ལྡན་ཡོད་པ་སོགས་ཆ་ཤས་ཙམ་ཞུས་ན་དེ་ལྟར་ཡིན།

 གཉིས་པ་ནང་སྲིད་འཛིན་སྐྱོང་། 

 དང་པོ།

ཁྲིམས་སྒྲིག་གཏན་འབེབས།

སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་ ༡༩༩༧ ལོར་ཐོག་མར་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལ་རྩེ་ཕུད་ཀྱི་འོས་ཐོབ་བྱུང་བ་དང་། ཁོང་གིས་ཐེངས་དང་པོར་བོད་གཞུང་གི་བརྩིས་ཀྱི་སྒྲོམ་གཞི་ལ་འགྱུར་པ་གཏོང་དགོས་པའི་རྒྱུ་མཚན་ཁུང་ལུང་དང་བཅས་པར་གྲོས་ཚོགས་ཀྱི་དབུས་སུ་ཤུགས་ཆེར་གླིང་སློང་གནང་ཡོད་པ་དང་། རིག་པའི་སྒྲུབ་བྱེད་ཀྱང་ཡིད་དབང་འཕྲོག་པ་འགའ་གནང་ཡོད་ཀྱང་། སྐབས་དེར་ནུས་པ་ཆེར་ཐོན་མེད། སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་སུ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བཀའ་བློན་ཁྲི་བར་ཕེབས་པ་དང་། སྐབས་དེར་ཚོགས་ཆུང་ཆེས་དང་པོར་དངུལ་བརྩིས་འབུལ་ཕྱོགས་ཀྱི་ཚོགས་ཆུང་བཙུགས་གནང་པ་དང་། དེའི་ནང་དུ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ངོ་པདྨ་འབྱུང་གནས་མཆོག་དང་། སྐུ་ངོ་སྤེན་པ་ཚེ་རིང་གཉིས་ཀྱང་ཚོགས་ཆུང་དེའི་ནང་དུ་བཞག་གནང་མཛད་ཡོད་པ་དང་། སྐུ་ངོ་སྤེན་པ་ཚེ་རིང་ནི་དཔལ་འབྱོར་རིག་པར་སློབ་ཐོན་པ་ཞིག་ཡིན་པའི་ཆ་ནས་དངུལ་རྩིས་ཀྱི་སྒྲོམ་གཞི་མཆར་འགོད་ཆ་ཚང་བ་བྱས་ཏེ་ཚོགས་ཆུང་དུ་སྣམས་ཕེབས་པ་དང་། བཀའ་བློན་ཁྲི་བ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ས་ཡིག་དང་བཅས་ངོས་འཛིན་ལྡན་པའི་ཁྲིམས་སུ་བཅས། དུས་དེ་ནས་བཟུང་བོད་གཞུང་གི་བརྩིས་ཀྱི་སྒྲོམ་གཞི་དེ་ཉིད་དེང་དུས་དང་ལྡན་པ་ཞིག་བྱུང་ཡོད་ལ་ད་ལྟ་ཡང་ལག་ལེན་དུ་བསྟར་བཞིན་པ་ཡིན། ད་ལྟའི་བཅའ་ཁྲིམས་རིན་པོ་ཆེ་སྐྱར་བཅོས་ཀྱི་སྐབས་སུ་ཡང་ཚོགས་ཆུང་གི་སྣེ་ཁྲིད་ནུས་པ་ལྡན་པ་གནང་ཡོད།

 གཉིས་པ།

དམངས་གཙོའི་གོ་རྟོགས།

༡༩༩༡ ལོར་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་བྱས་པ་ནས་བཟུང་གཞི་རིམ་མི་མང་གི་ནང་དུ་མང་གཙོའི་བསམ་བློ་དང་། མང་གཙོའི་གོ་རྟོག ། མང་གཙོའི་ལེགས་བྱང་གོང་འཕེལ་གཏོང་ཕྱིར་ལོ་མང་གི་རིང་ས་གནས་འཐིས་མིའི་ཚོགས་འདུ་ཁག་ ༣༦ ལ་ཟབ་སྦྱོང་སྤྲོད་ཕྱིར་སྐོར་སྐྱོད་ལན་མང་བྱས་ཏེ་ས་གནས་གྲོས་ཚོགས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་དང་མང་གཙོའི་འཕེལ་རིམ་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་ཡོད།

གསུམ་པ།

གཞོན་སྐྱེ་མི་རབས་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་བ།

 སློབ་གྲ་ཁག་༡༧ གྱི་ནང་ནས་འཛིན་གྲྭ་བཅུ་གཅིག་གི་སློབ་ཕྲུག་དང་། མཐོ་སློབ་ཀྱི་སློབ་ཕྲུག་བཅས་ལ་ལོ་རེར་རྡ་རམ་ས་ལར་ཟབ་སྦྱོང་སྐོར་སྐྱོད་གོ་སྒྲིག་དང་། བོད་མིའི་སྒྲིགས་འཛུགས་ཀྱི་ལྷན་ཁང་ཁག་རེ་རེ་བཞིན་ངོ་སྤྲོད་དང་། སློབ་ཕྲུག་དག་སྲིད་ཞུ་བསྒྲུབ་འདུན་གྱི་བསམ་བློའི་གོ་རྟོག་དང་། བསམ་བློའི་བག་ཆགས ། བསམ་བློའི་ལེགས་བྱང་ཤུགས་ཆེར་བསྐྲུན་ཐུབ་པ་བྱུང་ཡོད། དེ་ནི་སྐུ་ངོ་ཁོང་གིས་གསར་གཏོད་ལྟ་བུ་ཞིག་ཀྱང་ཡིན།

བཞི་པ།

  གྲོས་ཚོགས་ཀྱི་འཐུས་མིའི་སྐོར་སྐྱོད།

༢༠༠༣ ལོ་ནས་གྲོས་ཆོད་བཞགས་ཀྱང་ལག་ལེན་དངོས་སུ་བསྟར་ཐུབ་མེད་པ་གྲོས་ཚོགས་འཐུས་མིའི་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ལ་སྐོར་སྐྱོད་ཀྱི་སྒྲིག་གཞི། ཁོང་ཚོགས་གཙོ་བཞེངས་བ་དང་ལག་ལེན་དངོས་སུ་གནང་སྟེ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་༡༧ ལ་གྲོས་ཚོགས་འཐུས་མིའི་སྐོར་སྐྱོད་ལོ་རེར་ཐེངས་གཉིས་གནང་རྒྱུར་འགོ་འཛུགས་གནང་ཡོད་པ་དང་། ས་གནས་ཀྱི་བདེ་སྡུག་རྣམས་གྲོས་ཚོགས་ལ་སྐྱེལ་ཐུབ་པ་བྱུང་ཡོད་ལ། གྲོས་ཚོགས་ཀྱི་ཆེ་མཐོང་ཡང་གོང་མཐོར་ཐུབ་པ་བྱུང་ཡོད།

ལྔ་བ།

ས་ཁང་བསྲུང་སྐྱོབ་དང་ཁང་བརྩིག་འཛུགས་བསྐྲུན།

སྐུ་ངོ་སྤེན་པ་ཚེ་རིག་མཆོག་གིས་སྤྱི་འཐུས་སྐབས་བཅུ་བཞི་དང་བཅོ་ལྔའི་སྐབས་སུ་འགན་བཞེས་ཁུར་ལེན་གནང་སྟེ། གངས་སྐྱིད་དུ་གཞུང་ལས་ཁང་གསར་བསྐྲུན་དང་ཚོགས་ཁང་གསར་རྒྱག་གི་མཚོན་པའི་འཛུགས་བསྐྲུན་གྱི་ལས་གཞི་ཡང་ཕུལ་དུ་བྱུང་པ་གནང་ཡོད། སྐབས་དེར་བཀའ་ཟུར་འགའ་ཞིག་གིས་ལས་ཤག་ཕྱིར་འབུལ་གྱི་ཐད་ལ་བསམ་ཚུར་རྣོ་ངར་ཅན་འགའ་བྱུང་ཡོད་ཀྱང་། མཐར་གཞུང་གི་ས་ཆ་གཞུང་རང་ལ་བདག་ཐུབ་པ་བྱུང་ཡོད་པ་ནི་སྐུ་ངོ་ཁོང་གི་བློས་གཏང་ཆེན་པོས་འབྲས་བུ་ཞིག་ཡིན་ཞིང་། དེ་ལྟ་བུའི་བློས་གཏོང་དང་གདོང་ལེན་ཆེན་པོ་ཞིག་བྱ་ཐུབ་མེད་ཚེ། ད་ལྟའི་བཀའ་ཤག་གི་ཁང་བརྩེགས་འདི་དག་ཀྱང་བསྐྲུན་ས་མེད་པ་ཞིག་ཡིན། དེ་ལྟར་ཡང་། སྐུ་ངོ་སྤེན་པ་ཚེ་རིང་མཆོག་རང་ལ་ནི་སྤྱི་བའི་ལས་དོན་གྱིས་དབང་གིས་ཆབ་སྲིད་ཀྱི་གྲིབ་ནག་ཡིད་མུག་པ་འགའ་གདོང་ལེན་བྱེད་དགོས་པ་བྱུང་ཡོད་ལ། འདི་དག་ནི་དཀར་ནག་གོ་ལྡོག་གི་བྱ་བ་ཞིག་ཀྱང་ཅི་ལ་མིན།

མདོར་ན། འདི་དག་ནི་འདས་པའི་ནང་སྐུ་ངོ་ཁོང་གི་ཉམས་མྱོང་དང་ནང་སྲིད་འཛིན་སྐྱོང་གི་སྐོར་ལ་ང་ཚོས་ངོ་ཤེས་དགོས་པ་དག་ཡིན།

གོང་དུ་ཞུས་པ་འདི་དག་ཀྱང་གོ་རིམ་བསྒྲིགས་ཏེ་དཔེ་མཚོན་ཙམ་དུ་ཞུས་པ་ལས་ཁོང་གིས་གནང་བས་ཕྱག་ལས་མཐའ་དག་དེའི་ཁུངས་སུ་འདུས་བ་མིན་པ་ཡང་མཁྱེན་དགོས་སོ།

༢༠༡༦ གི་ལོར་ཁོང་སྲིད་སྐྱོང་གི་འོས་མིར་བཞེངས་སྐབས་ཁོང་གིས་མ་འོངས་བྱེད་ཕྱོགས་ཀྱི་ཐད་ལ་རིག་ལམ་ཆེན་མོ་བཞི་གཏན་ལ་ཕབས་ཡོད་པ་དེ་དག་གི་སྐོར་ལ་རྒྱུས་ལོན་བྱེད།

 རིག་ལམ་ཆེན་མོ་བཞི།

དང་པོ། འཛིན་སྐྱོང་གི་ལས་དོན་ཐད།  རིག་ལམ་ཆེན་པོ་བཞི་གཏན་ལ་ཕབས་ཡོད།  ལས་དོན་གང་ཞིག་སྒྲུབ་པས་སྐབས་སུ་གསལ་བོ་དང་། བརྟན་པོ། དྲང་པོ་དང་། ཕྱོགས་སུ་མ་ལྷུང་བ་བཅས་ཡིན།

 གཉིས་པ། ཆབ་སྲིད་ཀྱི་ཕྱག་ལས་གནང་ཕྱོགས་ཀྱི་ཐད། ནུས་པ་གསུམ།  ༡ མི་ནུས་པ་དང་།  ༢ དཔལ་འབྱོར་གྱི་ནུས་པ།  ༣ དུས་ཚོད་ཀྱི་ནུས་པ། བཅས་ཡོད་ཚད་ཆབ་སྲིད་ཀྱི་སྟེང་དུ་སྤུང་གི་ཡིན་གསུང་ཡོད་པ་ནི་ཁོང་གི་ཆབ་སྲིད་ཀྱི་ཕུགས་འདུན་ཡིན།

  གསུམ་པ། མཐའ་གཉིས་སུ་མ་ལྷུང་བས་དཔལ་འབྱོར་གྱི་ཕུགས་འདུན།  ༡ གཞན་བསྟན་ཁོ་ན་མ་ཡིན་པ།  ༢ གཞན་གྱིས་མཐུན་འགྱུར་མེད་པ་མ་ཡིན་པ།  ༣ མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་བཅས་ནི་ཁོང་གི་དཔལ་འབྱོར་གྱི་ཕུགས་འདུན་ཡིན།

 བཞི་བ། རིག་གཞུང་དང་ཤེས་ཡོན་སྲིད་ཇུས་ལ་ཐབས་ཤེས་གསུམ།  ༡བསམ་བློའི་གོ་རྟོག་སད་པའི་ཐབས། ༢བསམ་བློའི་བག་ཆག་འཇོག་པའི་ཐབས། ༣བསམ་བློའི་ལེགས་བྱང་བསྐྲུན་པའི་ཐབས་བཅས་ནི་ཁོང་གི་རིག་གཞུང་དང་ཤེས་ཡོན་གྱི་ཕུགས་འདུན་ཡིན།

  ལྔ་བ།  མདོར་ན་ཆབ་དཔལ་རིག་གསུམ་གྱི་ལས་དོན་གང་ཞིག་བསྒྲུབ་ཀྱང་མཐུན་པ་གསུམ།  ༡ ལས་དོན་གང་ཞིག་བསྒྲུབ་ཀྱང་རྒྱལ་སྤྱིའི་གནས་བབ་དང་མཐུན་པ། ༢ བོད་ནང་གི་དངོས་ཡོད་གནས་སྟངས་དང་མཐུན་པ།  ༣ བོད་ཕྱི་ནང་གི་བོད་མིའི་སེམས་ཁམས་དང་མཐུན་པ་བཅས་ནི་ཁོང་གི་ཆབ་དཔལ་རིག་གསུམ་གྱི་ཕུགས་འདུན་ངོ་མ་དེ་ཡིན།

 དྲུག་པ། བོད་རྒྱ་འབྲེལ་མོལ་ལ།  འབྲེལ་བ་གསུམ། དེ་ཡང་ཕྱི་ཡི་གནོན་ཤུགས་ཁོ་ན་ལ་བསྟན་པ་མ་ཡིན་པའི་འབྲེལ་བ་གསུམ།

༡ ཆེས་མཐོས་མི་སྣ་དང་འབྲེལ་བ། ༢ ཚོང་པ་འབྱོར་ལྡན་དང་འབྲེལ་བ། ༣ ཤེས་ཡོན་ཅན་དང་རྩོམ་པ་པོ་ལ་འབྲེལ་བ་བཅས་ནི་སྐབས་དེ་དུས་སུ་ཁོང་གིས་བོད་རྒྱ་འབྲེལ་མོལ་གྱི་དམིགས་ཡུལ་དང་ཐབས་བྱུས་ཡིན།

 བདུན་པ། དམ་བཅའ། ཆེན་པོ་བློས་གཏོང་མི་བྱེད། ཆུང་ཆུང་རྩོད་པ་མི་བརྒྱག་བཅས་པ་ནི་ཁོང་གི་དམ་བཅའ་ཡིན།

གོང་དུ་བྲིས་པ་འདི་དག་ནི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་འདས་མ་ད་གསུམ་གྱི་གཏམ་བཤད་ཁག་ལ་ཞིབ་ཏུ་ཉན་བསམ་པ་དང་རྒྱུས་ལོན་བྱས་ཏེ། ཁོང་གིས་གཏམ་བཤད་དག་ཇི་བཞིན་ཡིག་ཐོག་ཏུ་ཕབས་པ་ཞིག་ཡིན། འདི་ལ་ཚིག་ནོར་དང་དོན་ནོར་གྱི་འཁྲུལ་བ་འདྲ་བྱུང་ཡོད་ན་དགོངས་སེལ་དང་བསྒྲགས་ཁོང་གིས་ ༢༠༡༦ ལོའི་ཨ་རིའི་ནི་འུ་ཡོག་ཏུ་སྲིད་སྐྱོང་འོས་མིའི་གཏམ་བཤད་དང་དེ་བཞིན་ས་གནས་ཁག་གི་གཏམ་བཤད་ཁག་ལ་གཟིགས་ཞུབ་གནང་སྟེ་བསྐྱར་བཅོས་གནང་རོགས་གནངས་ཞེས་ཞུ་རྒྱུ་ཡིན། བཀྲིན་ཆེ།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༤ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 8

  1. ཚེ་དཔག་རིག་འཛིན། says:
    ལོ་ 5 སྔོན།

    རྩོམ་པ་པོ་ལགས། ངས་མཆན་ཐུང་ཅིག་བྲིས་ནས་བཏང་བ་དེ་འདོན་རོགས་གནང་།

    Reply
  2. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    ཁྱེད་ནས་བཀོད་པ་ལྟར་རང་རེའི་དབུ་འཁྲིད་མཆོག་ནས་ཨ་རིའི་མི་སྣའི་དབུས་སུ་ཁོང་ལ་ཆེ་འོས་གནང་རེད།་དེའི་རྒྱུ་མཚན་ནི་ཁོ་ཆེ་བའི་ཨེ་ཡིན་དེ་ནི་ཁོའི་ལས་འགན་བོད་པའི་བདེན་མཐའ་གསལ་ཐབས་ཀྱི་ལས་གནད་དུ་ཁོང་རྣམ་པའི་མཐུན་བསྒྱུར་ཐོབ་ཐབས་སུ་ངེས་པར་ཡིན། དེ་ལྟ་བུ་བོད་སྤྱི་བའི་ལས་གནས་ཡོད་པ་སུ་ལའང་གནང་སྲིད། ད་ལྟའི་སྲིད་སྐྱོང་ལའང་གནང་ཡོད་སྙམ། མཐར་བསྡོམས་ན་རང་མཐོང་ཆེ་བས་རྐང་རྗེས་ལག་བསུབས་དང་གྲོད་པས་ཆུ་གློད་རེད། ད་ལྟ་སྤེན་ཚེ་ལ་ཐུགས་དགོངས་དག་བའི་གནས་ཚུལ་གོ་མ་སོང། འདི་དོན་དངོས་དེ་རེད། འདི་ལས་དོན་མ་བསྒྲུབས་པའམ་བསྒྲུབས་ནོར་གྱུར་བའི་བཀའ་སྐྱོན་མ་རེད། དེ་ལས་ཀྱང་ནོར་འཕྲུལ་ཆེ་བའི་གནད་དོན་ཡིན།

    ཕོ་བྲང་དཀར་པའི་ནང་སྐུའི་འཁྲུངས་དཀར་ཞུ་རྒྱུ་དེ་སྤེན་ཚེ་འཇོན་ཆེ་བའི་ཨེ་ཡིན། སྤེན་ཚེ་༢༠༡༦ ཟླ་ ༩་ནང་ལས་འགན་ཞུས་དུས་ཚོད་དེ་ཙམ་མ་ཕྱིན་པར་ལས་གནད་ཆེན་པོ་དེ་འདྲ་ཞུ་ཐུབ་རྒྱུ་དཀའ། དམའ་མཐར་ཡང་ལོ་གཅིག་ལྷག་སྔོན་ཙམ་ནས་ངོ་བཞེས་ཐོབ་དགོས་སྙམ། དེ་བཞིན ICT དང་དོན་ཟུར་སོགས་ནང་ཀྱང་མཉམ་རུབ་ཡོད་ངེས། ལོ་རྒྱུས་མང་པོ་འདིར་མི་ཞུ།

    བོད་པའི་གཟའ་འཇུག་སློབ་གྲྭའི་སློབ་ཚན་བསྐྱར་བསྒྲིགས་ཀྱི་ལས་ཚན་དུ་མཚོན་ན་ཁོ་བས་ད་ཡོད་གཞུང་བཞེས་ཡོད་པའི་ཀློག་དེབ་དེ་ཐོན་ཐབས་སུ་འབད་པ་དེ་ཙམ་གནང་མ་སོང་བའི་བསམ་ཚུལ་ཡོད་མཁན་ཡོད་འདུག ཀློད་དེབ་དེ་ཡང་ཚོགས་བཅར་བའི་ཨུ་ནན་བཤད་པས་འགྲོ་ཐུབ་ཙམ་བྱུང་ངེས། གཞན་གཟིགས་སྐོར་དང་ཚོགས་འདུ་སོགས་སྐོར་ཞུས་ན་ང་ནི་ཞུ་རྒྱུ་འདི་ལས་མང་པ་ཡོད་དགོས། གང་གི་ན་བོད་གཞུང་ལས་དོན་ཞུ་བར་བཏང་ཡོད།

    སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཀྱིས་གནང་བའི་ངོས་འཛིན་དང་། རེ་བ། ཆེ་མཐོང་དག་ཡིན་ལ། འདི་རྣམས་ཁྱེད་ཚོས་མཐོང་བའི་ཞེན་ཆགས་དེ་རེད། དོན་དངོས་སམ་ཟམ་གདོང་རིན་པོ་ཆེ་མཆོག་གི་མཐའ་མིའི་སྤེན་ཚེ་ལགས་ཀྱི་བསྡོམས་ནི་་་་་་དེ་ཡང་ཨ་རི་དོན་གཅོད་མ་ཞུས་གོང་དང་དེ་འབྲེལ་རྙོགས་ཕྲ་མ་བྱུང་གོང་གསུང་གསལ་དུ། ང་ནི་ཅེས་པ་རིན་པོ་ཆེ་མཆོག་ལ་གོ་བ་ལེན་རོགས། ང་ནི་བློ་སེང་དང་སྤེན་ཚེ་གཉིས་ཀར་ལ་ཡིད་སྨོན་མེད་པའམ་སྲིད་སྐྱོང་དུ་འོས་མཆོད་མི་མཐོང་བས་ ༢༠༡༦ སྲིད་སྐྱོང་འོས་བསྡུར་འོས་འཕེན་གྱི་མིན་ཅེས་བཀའ་གནང་བ་སྤྱི་ཡོངས་ཀྱི་གནས་ཚུལ་མ་རེད་དམ། བཀའ་མོལ་འདི་མ་ཕེབས་གོང་དུ་བབ་ནས་གསལ་བཤད་གནང་པ་ལྟར་སྤེན་ཚེ་རིན་པོ་ཆེའི་བཀའ་བློན་དུ་བཀོད་རྒྱུའི་གཟིགས་པ་གནང་རེད་ཀྱང་མཐའ་བསྡོམས་གོང་ཞུས་ལྟར་ ༢༠༡༦ ལ་འོས་གནང་མེད། གང་གི་ཕྱིར།

    ས་གནས་གནད་ཡོད་དང་ཞུ་འགན་ཆེ་བ་གཟིགས་ནས་ཨ་རིས་གྲོས་འཐུས་རྣམས་སུ་མཐུན་བསྒྱུར་ཡོངས་པའི་རེ་འདུན་ཞུས་ཀྱང་མཐར་སྤེན་ཚེས་འཐུས་ཚང་མེད་པའི་ཨ་རི་མཐོ་རིམ་མི་སྣས་སྙན་གསེང་ཞུས་པ་གོ་རྒྱུ་འདུག་ན་ཕྱི་རྒྱལ་མི་སྣས་ཆེ་མཐོང་ཇི་འདྲ་ཡོང་རེ་འདུག་གམ།

    གཤམ་གྱི་ཚན་པ་གཉིས་པ་རྣམས་ཀློག་ཁམས་མ་བྱུང། མདོར་བསྡུས་ན་ཆོས་ནང་རྒྱུ་དངོས་གཙང་གསུམ་དགོས་གསུངས་པ་ལྟར་སྲིད་གཞུང་པའམ་སྤྱི་ཚོགས་ལས་ལའང་ཐོག་མཐའ་བར་གསུམ་དང་ལྷག་དོན་གནད་འགག་ཐུགས་དུས་བློ་འགྲིམས་དགོས་པ་དེ་སྤེན་ཚེ་ལ་ནས་ཆུ་གློད་རེད།

    དེ་མིན་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་དང་བཀའ་ཟུར་འབྲོང་ཆུང་ལགས་རྣམ་གཉིས་སྤེན་ཚེ་ལགས་ལས་ཆེར་འོས་ཆེ་བས་ཁོང་གཉིས་ལ་བློ་བཅོལ་ན་གང་ཅིས་དོན་ཕན་ཆེ་བ་སྤྱི་དོན་ཆེད་བསམ་འཆར་དུ་ཞུས་ཡིན།།

    Reply
  3. ཚེ་དཔག་རིག་འཛིན། says:
    ལོ་ 5 སྔོན།

    དང་ཐོག་གུས་རང་ཉིད་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དབར་ཇ་ཕོར་སྒང་གི་འབྲེལ་བ་ཙམ་ཡང་མེད་པའི་གསལ་བཤད་ཞུ་ཆོག་པ་དང་། དྲང་བདེན་དང་གཙང་དང་སྤྱི་སེམས་ཁོ་ནས་རང་གི་བསམ་ཚུལ་ཕྲན་བུ་ཞིག་གླེང་བར་འདོད།

    ང་ཚོར་དགོས་རྒྱུའི་ ༢༠༢༡ གི་སྲིད་སྐྱོང་དེ་ཚོགས་ཟུར་སྤེན་པ་ཚེ་རིང་ཉིད་ཤིན་ཏུ་ནས་འོས་པ་མཐོང་། ཁོང་གི་ལྷག་བསམ་དང་སྙིང་སྟོབས་ནི། ལག་དགུ་ཆད་ཀྱང་ལན་དགུ་མཐུད་ཟེར་བའི་དཔེ་ལྟར་ཡིན། ང་ཚོའི་རྩ་དོན་འགྱེལ་ས་ནས་ཡར་ལངས་ཐུབ་པ་དགོས་རྒྱུ་དེ་ཡིན་པས། དེའི་དོན་དུ་གཞུང་དམངས་གིས་ཞབས་ཞུ་བ་ཚད་ལྡན་ཞིག་འདམ་རྒྱུ་དང་། གདམས་པའི་དབུ་ཁྲིད་ཟེར་བ་དེ་ཡང་འགྱེལ་ས་ནས་ཡར་ནམ་ཡང་ལངས་ཐུབ་མཁན་དཔའ་བོ་ཁོག་ཡངས་ཁོང་ལྟ་བུ་ཞིག་དགོས། ཁོང་ནི་དུས་ད་ལྟ་ཡང་བོད་མིའི་སྤྱི་དོན་སླད་མི་ཚེ་སྒང་པོ་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཆང་ནས་བཞུགས་ཡོད། ཡང་དགོས་ཁོང་ལ་བོད་མིའི་སེམས་ཁམས་དང་གོམས་གཤིས་ཡི་རྒྱུས་མངའ་ཚད་མཐོ་པོ་ཡོད། དབྱིན་ཧིན་སྐད་ཀྱི་ཆུ་ཚད་ཤིན་ཏུ་ལེགས། བོད་ཀྱི་སྐད་ཡིག་གི་ཆུ་ཚད་ནི་སུས་བལྟས་ཀྱང་སྤོབས་པ་བསྟེར་ངེས་ཞིག་ཡིན་པ་ཡང་མཐོང་ཆོས་སུ་ཡོད། ཁོང་ལ་བོད་དང་རྒྱ་དཀར་ནག་གཉིས། དེ་མཚུངས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འདས་མ་ད་གསུམ་གྱི་གོ་རྟོགས་ཡང་ཚད་མཐོ་པོ་ཡོད། ཁོང་གི་བཀའ་སློབ་དགོངས་སྐོར་ཞུ་ས་ཡང་ནམ་ཡང་ནོར་མེད། ཁོང་གིས་རྒན་གཞོན་གོ་རིམ་ལ་གཙིགས་མཐོང་དང་ཡ་རབས་བཟང་སྤྱོད་ཀྱི་ལྟ་གྲུབ་ལག་ལེན་ཆུང་དུས་ནས་ད་བར་གཞི་རྩ་བརྟན་པོས་རྒྱུན་སྐྱོང་བདག་གཅེས་གནང་ཡོད། བོད་མིའི་འགོ་ཁྲིད་ཞིག་ཡིན་པའི་ཆ་ནས་གཙོ་ཆེར་སྒེར་རང་ངོས་ནས་བློ་སྙིང་བྲང་གསུམ་གཏད་ས་ནམ་ཡང་སྔར་ནས་ནོར་མེད་ལ། དུས་ད་ལྟ་དང་མ་འོངས་པར་ཡང་འགྱུར་མེད་བརྟན་པོར་གནས་ཁོ་ཐག་ཡིན་པ་ལ་ཡིད་ཆེས་བྱེད་ཆོག ༢༠༡༦ འོས་བསྡུའི་སྐབས་སྤྱི་ཚོགས་ནང་སྲིད་སྐྱོང་བློ་སེང་ལགས་དང་འགྲན་རྩོད་ཀྱིས་ལབ་གླེང་ཕྲན་བུ་ཞིག་བྱུང་ཡོད་པ་འདི་ནས་ཁོ་པར་ཆབ་སྲིད་ཀྱི་སློབ་གསོ་དང་། ལྷག་བསམ་སྙིང་སྟོབས་ཀྱི་བསྐུལ་མ་འཕར་མ་འཐེབས་ཡོད། ཁྲིམས་ཀྱི་མདུན་སར་ཡང་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་གོ་ས་སྤོབས་པ་ཆེན་པོས་བརྒྱུད་རིམ་དང་ལྡན་པའི་ཐོག་ནས་བསླངས་མྱོང་བའི་བོད་ཀྱི་མི་སེར་བྱས་རྗེས་ཅན་ཞིག་ཡིན། སྤྱི་ཚོགས་ནང་གཞུང་དམངས་ཀྱི་སྤྱི་རྫས་དངུལ་དངོས་སོགས་ལྐོག་ཟ་རུལ་སུངས་བྱས་པའི་ལབ་གླེང་ཡེ་ནས་མེད། ཆང་རག་མཆོད་རྒྱུ་ནི་ད་ཆ་ཡོངས་སུ་སྤངས་ཡོད་འདུག ད་ཆ་ཡང་། ཁོང་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་མྱོང་། མི་རིགས་ཀྱི་ལར་ཞེན་གསོན་པོ་དང་ཤེས་འཇོན་ཆ་ཚང་འཁུར་དུ་འཁྱེར་བའི་ཆ་རྐྱེན་བཟང་པོ་དང་ལྡན་ཡོད་པས། ད་རེ་ཁོང་ལ་འགྱེལ་ས་དེ་ནས་ཡར་ལངས་རྒྱུའི་གོ་སྐབས་ཤིག་ཚང་མས་ངེས་པར་དུ་འབུལ་དགོས། བོད་མི་དམངས་ནས་ཁོང་ལ་ད་རེ་གོ་སྐབས་ཤིག་འབུལ་མ་ཐུབ་ཚེ་གྱོང་གུན་སྤྱི་པ་རང་ལ་འཕོགས་རྒྱུ་ཡིན་པས། མི་དམངས་ཡོངས་ནས་དགོངས་པ་ཆེ་བཞེད་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་ཤོག་ཁོང་ལ་འཕེན་རོགས་ཞུ།།

    Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 5 སྔོན།

      སྐུ་ཞབས་ཚེ་དབང་རིག་འཛིན་ལགས། སྲིད་སྐྱོང་འོས་སུ་ལ་གནང་མི་གནང་དེ་ཉིད་ཀྱི་ཐག་གཅོད་རེད། ཡིན་ཀྱང་ཁྱེད་ཀྱི་དགོངས་ཚུལ་ལ་ང་ལན་ཞིག་ཞུ་གམ་བྱུང། ལམ་དགུ་ཆད་ཀྱང་ལན་དགུ་མཐུད་ཟེར་དུས་དབྱིན་སྐད་ལ་ optimistic ཞུ་བ་དེ་རེད་བསམ། སྤེན་པ་ཚེ་རིང་འགྱེལ་ལམ་དེ་སྤྱི་ཚོགས་དང་རྗེས་སུ་རང་དོན་ཆེད་གཙང་བཟོའི་མང་འདེམས་གཞུང་ལ་མ་གུས་པ་དེ་རེད། དེ་དགུ་ཆད་མཐུད་གོང་ཞུས་ optimistic ཞུ་པ་དེ་ཡིན་ན་མཐར་ཡོད་པ་དེ་ཡང་མེད་པ་འགྲོ་ངེས་པ་རེད། དཔའ་བོ་ཁོག་ཡངས་ཞེས་པ་དེ་མི་ཆོས་གཙང་མ་བཅུ་དྲུག་ནང་དཀའ་བ་དཔྱད་བཟོད་པའི་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་ཞུ་བར་གོ་ན་སྤེན་ཚེ་ལགས་སྲིད་སྐྱོང་གི་ལས་དོན་ཞུ་ཐུབ་མ་སོང་ཅེས་ལབ་པ་ཙམ་ཀྱང་མ་ཟོད་པའི་རྙོག་ཁྲ་ག་ཚོད་བཟོས་བས་དེ་ཐེག་ཆེ་བློ་ཡངས་པ་ངས་གོ་མི་ལེན།

      ཆུང་དུས་ནས་ཡ་རབས་ཡོད་ན་ཁོ་བའི་གྲོགས་དངགཞན་ཁོ་བར་རེ་འདོད་ཡོད་པའི་མི། ་ཁོ་བར་འོས་བསླུགས་འདོད་ཅན་གྱི་བོད་མིས་ཆང་མ་འཐུང་ན་ཡག་པའི་རེ་འདུན་ཞུ་སྐབས་ག་རེ་ཡིན་ནམ་མིན་ནམ་ཆང་བཅད་གྱི་མིན་ཟེར་ལན་སྤྲོད་ཕོད་དམ། བལྟ་བ་ལྷ་དང་མཉམ་ནའང་སྤྱོད་པ་མི་ལྟར་མཚུངས་དགོས་་པའི་བོད་དཔེ་ཡིན་དུས་དམའ་མཐར་ཡང་ཐབས་ཤེས་ཞུ་གི་ཡིན་ཙམ་ཞིག་་ཁ་ནས་ཐོན་མི་དགོས་སམ། དེ་ན་ཡ་རབས་དང་གོ་རིམ་ལ་གཙིགས་མཐོང་སོགས་དེ་ནས་ཤེས།

      ངས་ནི་ཁོ་བར་གོ་སྐབས་ཕུལ་ན་ཟེར་མཁན་ཁ་ཤས་མཐོང་བ་ཚང་མར་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད་མཁན་ཕལ་ཆེར་མིན་འདུག། གང་ཡོངས་མི་མཚོད་པའི་སྤེན་ཚེ་ལས་འོས་མི་གཞན་ཁོ་བ་དང་གཅིག་མཚུངས་ཤིག་ལ་འོས་ཕུལ་ན་སྤྱི་བར་སྨན་ཆ་ཆེ། རྒྱ་རི་དང་འབྲོང་ཆུང་གཉིས་སྤེན་ཚེ་ལས་འོས་ཆེ་བས་དེ་གཉིས་གང་རུང་ལ་ང་འོས་འབུལ་ལོ།

      Reply
    • ཚེ་དཔག་རིག་འཛིན། says:
      ལོ་ 5 སྔོན།

      རྩོམ་སྒྲིག་པ་ལགས། ཐུགས་རྗེ་ཆེ། ལག་དགུ་ཆད་ཀྱང་་་་་ ཟེར་བ་དེ་ ལན་དགུ་ཆད་ཀྱང་་་་་ལ་བཅོས་རོགས།

      Reply
  4. ཀརྨ་དབང་རྒྱལ། says:
    ལོ་ 5 སྔོན།

    དེ་འདྲའི་ནུས་པ་མཉམ་སྤུང་གི་ལྷག་བསམ་ཅན་ཡིན་ན། རང་ཉིད་ཀྱི་ལས་གནས་གཅིག་ཤོར་བ་ཙམ་གྱིས་བོད་གཞུང་གི་ཀ་བ་གཉིས་པ་བཀའ་ཤག་ལ་ཁ་ཆུ་འཛུགས་དོན་གང་རེད། མང་པོ་བཤད་དགོས་མ་རེད། ང་ཚོ་ཡང་གོ་རྟོགས་དང་གནས་ཚུལ་རྟག་དཔྱད་གཏོང་ཐུབ་མཁན། བདེན་རྫུན་ཧ་གོ་མཁན་ཡིན།

    Reply
  5. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    ༢༠༢༡་་གི་སྲིད་སྐྱོང་འོས་བསྡུའི་དབྱེ་འབྱོར་དེ་བོད་ཀྱི་དུས་བབ་ནས་འགོ་བཙུགས་ཞུས་ཚར་སོང་ངོ། འོས་མི་སུ་གང་དང་མི་འདྲ་བའི་སྤེན་པ་ཚེ་རིང་ལགས་སུ་དམིགས་གསལ་རྒྱས་བཤད་དང་གསར་ཤོག་གིས་ཆེ་བའི་དཔྱད་པ་ཞུས་འདུག དེ་ཡང་ཁོ་རང་ཚོར་དགོས་པའི་མཚམས་སུ་༸གོང་ས་མཆོག་གདན་ཞུས་མི་དགོས་པའི་རིགས་༸་གོང་ས་མཆོག་བཀའ་ཕེབས་པའང་འཕར་བཞག འདི་དབྱེ་འབྱེད་མིན་ན་གང་རེད། དེ་ལས་སྡུག་ཙམ་ཞུས་ནའང་ཞུ་རྒྱུ་འདུག སྤེན་ཚེར་ཅི་ཕྱིར་དམིགས་གསལ་བྱེད་དགོས་དོན་ཡང་ཧ་གོ གཞན་ལ་བཤོད་པ་ཙམ་ལས་བྱེད་རྒྱུ་དེ་ཁྱེད་ཚོས་བྱེད་ཀྱི་འདུག་ག བོད་མི་ཚོ་གཟབ་ཤོག རྒྱལ་ཁབ་ཆེད། རྒྱལ་ཁབ་དོན། རྒྱལ་ཁབ་ལ། གཅེས་ཤོག

    Reply
    • ཐུབ་དབྱིག says:
      ལོ་ 5 སྔོན།

      སྤྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་དང་དེ་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལབ་གླེང་ཟམ་མི་ཆད་པ་བྱུང་ནས་བོད་མིའི་ཆིག་བསྒྲིལ་ལ་གནོད་པའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་བྱུང་། ངའི་རེ་བར་རྙོག་གླེང་དེ་དང་འབྲེལ་བ་ཡོད་པའི་མི་སྣ་ཚོ་༢༠༢༡སྲིད་སྐྱོང་འོས་མིར་ལང་རྒྱུ་ལྟ་ཅི། འོས་བསྡུའི་ནང་ཐེ་བྱུས་ཙམ་མ་གནང་ན་བསམ་པའི་རེ་བ་བཅངས་པ་ཡིན། འོན་ཀྱང་ད་ཆ་དེ་དང་དངོས་སུ་འབྲེལ་བ་ཡོད་པ་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཨུ་དཀར་ཚང་སྐལ་རྡོར་ལགས་གཉིས་ཀས་འོས་མིར་ལངས་པ་ཡིན་ཞེས་གསལ་བསྒྲགས་བྱས་ཟིན་སོང་། དེ་ནི་སྟབས་མི་ལེགས་པ་ཞིག་རེད། ༢༠༡༦གི་ཕྱོགས་གཏོགས་གཉིས་ཀྱིས་སླར་ཡང་འུར་ཟིང་མི་བྱེད་པའི་འགན་ཁོང་གཉིས་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་བཞེས་དགོས
      །

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese