འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་བཞི་སྟེ་ཨ་རི་དང་རྒྱ་གར། ཉི་ཧོང་། ཨོ་གླིང་བཅས་ཀྱིས་རྒྱ་གར་མཚོ་ཁུལ་དུ་གཞི་རྒྱ་ཆེ་བའི་དྲག་པོའི་དམག་སྦྱོང་བྱ་རྒྱུ་ཡིན་འདུགདེ་རིང་(aljazeera)གཙོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་ལོ་ལྟར་ཨ་རི་དང་རྒྱ་གར། ཉི་ཧོང་གསུམ་གྱིས་རྒྱ་གར་གྱི་མཚོ་ཁུལ་དུ་དམག་སྦྱོང་བྱེད་སྲོལ་ཡོད་པ་ལྟར། འདི་ལོར་ཨོ་གླིང་རྒྱལ་ཁབ་ཀྱང་མཉམ་ཞུགས་ཀྱིས་ཕྱོགས་བཞིའི་བདེ་འཇགས་གླེང་སྟེགས་(quadrilateral security dialogue, or Quad)ལྷན་ཚོགས་སམ། འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་བཞི་ནས་རྒྱ་ནག་དང་འགལ་བ་ཆེར་འགྲོ་བཞིན་པ་དང་བསྟུན། ཆེད་དམིགས་སྐམ་མཚོ་གནམ་གསུམ་གྱི་དམག་སྦྱོང་ཆེན་པོ་བྱ་རྒྱུ་ཡིན་འདུག
གནད་དོན་དེའི་ཐད་རྒྱ་གར་བདེ་སྲུང་བློན་ཆེན་རྗེ་ཤན་ཀར་མཆོག་ནས་རྒྱལ་ཁབ་བཞིའི་དམག་སྦྱོང་དེ། མི་རིང་བར་རྒྱ་གར་གྱི་ཨ་ར་བྷན(Arabian Sea)དང་། བྷ་གྷལ་(Bay of Bengal)མཚོ་བརྒྱུད་དུ་བྱ་རྒྱུ་ཡིན་པ་དང་། གནད་དོན་དེ་ནི་རྒྱ་དཀར་ནག་གི་དམག་འཐབ་འགྲན་བསྡུར་ཞིག་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨོ་གླིང་རྒྱལ་སྲུང་བློན་ཆེན་ལཱན་དྷ་(Linda Reynolds)ཡིས་ཀྱང་། དམག་སྦྱོང་དེ་ནི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་དང་འཕེལ་རྒྱས་ཡོང་བའི་ཆེད་དུ་ཐུན་མོང་གི་མངོན་འདོད་བསྟན་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་འདུག
ཐེངས་འདིའི་དམག་སྦྱོང་དེ་ནི་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་འགལ་འདུ་དང་། ཨོ་གླིང་དང་རྒྱ་ནག་གི་ཕྱི་འབྲེལ་འགལ་འདུ། རྒྱ་དཀར་ནག་གཉིས་ཀྱི་དམག་དོན་འགལ་འདུ་དང་། ཉི་རྒྱ་གཉིས་ཀྱི་མཚོ་ཁུལ་བདག་དབང་རྩོད་རྙོག་སོགས་ཀྱི་དུས་སྐབས་སུ་འཁེལ་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་རྒྱ་ཁབ་ཆེ་ཤོས་བཞིའི་དྲག་པོའི་དམག་སྦྱོང་གི་དམིགས་ཡུལ་གཙོ་བོ་རྒྱ་ནག་ལས་གཞན་མེད་པ་དང་། དེ་ནི་རྒྱ་ནག་གི་རྒྱ་སྐྱེད་དང་བཙན་འཛུལ་ལ་ཐོང་མོང་གི་མཉམ་འབྲེལ་བརྡ་ལན་ཞིག་ཀྱང་ཡིན་སྐོར་བརྗོད་འདུག རྒྱ་གར་མཚོ་ཁུལ་གྱི་གཞི་རྒྱ་ཆེ་བའི་དམག་སྦྱོང་ནི་ལོ་ལྟར་བྱེད་སྲོལ་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཨོ་གླིང་རྒྱལ་ཁབ་དམག་སྦྱོང་དེའི་ནང་འཛུལ་ཞུགས་བྱས་ཡོད་ཀྱང་། རྒྱ་ནག་གིས་སྐྱོན་བརྗོད་དང་ངོ་རྒོལ་རིམ་པར་བྱས་སྟབས། དམག་སྦྱོང་དེ་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། འདི་ལོ་བསྐྱར་དུ་མཉམ་ཞུགས་བྱས་པ་དེས་རྒྱ་ནག་ལ་ཕོག་ཐུག་འགྲོ་རྒྱུ་ཡིན་པ་མ་ཟད། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འགལ་འདུ་ཤུགས་ཆེ་རུ་འགྲོའི་ཚོད་དཔག་ཡོང་བཞིན་ཡོད་འདུག
ཕྱོགས་བཞིའི་བདེ་འཇགས་གླེང་སྟེགས་ལྷན་ཚོགས་སམ་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་བཞིའི་ལྷན་ཚོགས་དེ་ནི། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གི་རྒྱ་སྐྱེད་དང་བཙན་འཛུལ་ལ་འགོག་རྒོལ་ཆེད་བཙུགས་ཡོད་ཀྱང་། ད་བར་རྒྱལ་ཁབ་བཞིའི་ནང་ཁུལ་དུ་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་མིན་ཐད་འགྲིག་མཐུན་ཡག་པོ་ཞིག་མ་བྱུང་སྟབས། ལྷན་ཚོགས་དེ་ཡོངས་གྲགས་ལྟ་བུ་ཆགས་མེད་ན་ཡང་། འདི་ལོའི་རྒྱ་ནག་ཝུ་ཧན་ཏོག་ནད་དང་འབྲེལ་རྒྱལ་ཁབ་བཞིའི་ནང་ཁུལ་མཐུན་ལམ་ཡག་རུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་སྔོན་ཕྱི་ཟླ་ ༡༡ ཟླ་མགོར་ཉི་ཧོང་དུ་རྒྱ་ནག་བཙན་འཛུལ་འགག་ཐབས་ཐད་གྲོས་བསྡུར་ཀྱང་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྒྱ་ནག་ལ་དམིགས་པའི་དྲག་པོའི་དམག་སྦྱོངས་རེད་དམ་འཛམ་གླིང་དམག་ཆེན་གསུམ་པའི་སྔོན་བརྡ་ཆར་སྣ་རླུང་འཁྲིད་དང་དགྲ་སྣ་གྲོགས་འཁྲིད་ཡིན་གསལ་པོ་ཤེས་མ་སོང་ངོ་།
ཞི་བདེ་ཁ་གླེང་ལག་ལེན་དྲག་ལས་བསྟར་།
དམག་ཆེན་གསུམ་པའི་སྔོན་བརྡ་མིན་པ་ཤོག་།
ཞི་བདེ་མཉམ་གནས་ཐུབ་ལ་བསམ་ཤེས་དགོས་།
ཞི་བདེ་མཉམ་གནས་ཐུབ་ལ་འགན་ཁུར་དགོས་།
ཞི་བདེ་མཉམ་གནས་ཐུབ་ལ་གཏོང་ཕོད་དགོས་།
ཞི་བདེ་མཉམ་གནས་ཐུབ་ལ་ཆོད་སེམས་དགོས་།
འཛམ་གླིང་ཞི་བདེ་ཡུན་རིང་གནས་པ་ཤོག་།