རང་ལོ་ ༢༩ ཡིན་པའི་བོད་རིགས་གཞོན་སྐྱེས་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་སྤྱི་ལེ་ ༢༠༠༠ ལྷག་ཡོད་པའི་འབྲས་ལྗོངས་སྣ་ཐོད་ལ་བར་ཞི་བའི་གོམ་བགྲོད་མགོ་འཛུགས་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་མི་བསྟན་འཛིན་དོན་གྲུབ་ལགས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་བྱེད་བཞིན་པར་ངོ་རྒོལ་དང་། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་ཚོང་ཟོག་བཀོལ་མཚམས་འཇོག་དགོས་པའི་དགོས་འདུན་འོག བཞུགས་སྒར་དྷ་ས་ནས་འབྲས་ལྗོངས་ཀྱི་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུགས་གནང་སོང་།
གོམ་བགྲོད་ལས་འགུལ་སྐོར་ལ་རང་ལོ་ ༢༩ ཡིན་པའི་བོད་མི་བསྟན་འཛིན་དོན་གྲུབ་ལགས་ཀྱིས། ད་ལན་གྱི་གོམ་བགྲོད་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཡིན་པ་དང་། རྒྱ་ནག་གིས་བོད་ནང་གི་ཤིང་ནགས་གཅོད་གཏུབ་དང་། ཆུ་ཁ་བསྒྱུར་ནས་ཆུ་མཛོད་འཛུགས་སྐྲུན་སོགས་བྱས་ཏེ་བོད་ནང་གི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ། རང་ཉིད་ཀྱི་བསམ་པ་ལྟར་ན། གལ་ཏེ་ད་ལྟ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་བྱས་ཚེ། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་ནང་བོད་ཙམ་དུ་མ་ཟད། ཨེ་ཤ་ཡ་ལྷོ་མ་ཀུན་ལ་དཀའ་སྡུག་འཕྲད་ངེས་ཡིན་སྐོར་དང་། ལས་འགུལ་གྱི་དམིགས་ཡུལ་གཉིས་པ་ནི་རང་ཉིད་ལྟ་བུའི་གཞོན་སྐྱེས་རྣམས་ལ་སྐུལ་མ་གཏོང་ཆེད་ཡིན་སྐོར་བརྗོད་སོང་།
ཡང་ཁོང་གིས། ཉེ་ཆར་དགུང་ལོ་ ༦༠ ཡན་ཡིན་པའི་བོད་མི་སྐོར་ཞིག་གིས་མ་ན་ལི་ནས་ལྡི་ལི་བར་གོམ་བགྲོད་གནང་ཡོད་པ་དང་། གལ་ཏེ་ཁོང་ཚོས་དེ་ལྟ་བུའི་ལས་འགུལ་སྤེལ་ཐུབ་པར་རང་ཉིད་གཞོན་སྐྱེས་ཤིག་གིས་མི་ཐུབ་རྒྱུ་མི་འདུག་སྙམ་པའི་སེམས་ཚོར་ཞིག་བྱུང་བ་དང་། ད་ལྟའི་ཆར་བོད་ནང་གནས་སྟངས་ཛ་དྲག་ཡིན་སྐབས་ང་ཚོས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། འབྲས་ལྗོངས་ཀྱི་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་གོམ་བགྲོད་བྱས་དགོས་དོན་ཡང་། ད་ལྟའི་ཆར་རྒྱ་དཀར་ནག་བར་ཧིན་བོད་ས་མཚམས་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཅུང་ཛ་དྲག་ཡིན་པའི་རྐྱེན་གྱིས། ལས་འགུལ་ལ་མང་ཚོགས་ནས་དོ་སྣང་ཆེ་བ་དང་ལས་འགུལ་ལ་ནུས་པ་ཆེ་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།
ད་ཐེངས་ཀྱི་གོམ་བགྲོད་ལས་འགུལ་དེ་བསྟན་འཛིན་དོན་གྲུབ་ལགས་སྒེར་ནས་སྤེལ་བ་ཞིག་ཡིན་པ་དང། གོམ་བགྲོད་ལས་འགུལ་འདི་ཟླ་བ་གཉིས་ལྷག་འགོར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག གོམ་བགྲོད་རིང་དབུས་སའི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཐུན་འགྱུར་རོགས་རམ་གནང་འཆར་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།