རྒྱ་གར་གྱི་གསར་ཤོག་ཁང་ཊི་རི་བྷུན་དབུ་བརྙེས་ནས་ལོ་ ༡༤༠ འཁོར་བའི་ཉིན་མོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ་གསར་ཁང་དེ་ཕྱི་ལོ་ ༡༨༨༡ ནས་མགོ་བརྩམས་ཏེ་ད་བར་གནས་ཐུབ་པ་དེས་སྤྱི་ཚོགས་ལ་ཞབས་འདེགས་གང་འཚམ་ཞུ་བཞིན་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་འདུག
རྒྱ་གར་གྱི་གསར་ཤོག་ཆེ་གྲས་ཊི་རི་བྷུན་(The Tribune) དབུ་བརྙེས་ནས་ལོ་ངོ་ ༡༤༠ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་གར་གྱི་སྲིད་འཛིན་རཱམ་ན་ཐི་ཀོ་ཝིན་ཌི་ (Ram Nath Kovind) མཆོག་དང་། སྲིད་བློན་མུ་དྷི་ཡི་གཙོས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་རྒྱ་གར་གྱི་དབུས་སའི་མགོ་འཁྲིད་རྣམས་ཀྱིས་འཚམས་འདྲི་གནང་འདུག་ལ། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསར་ཤོག་དེར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། འཛམ་གླིང་འདིའི་སྟེང་འཚེ་བ་མེད་པ་དང་བྱམས་བརྩེས་མཚོན་པའི་གནའ་དེང་ཟུང་སྦྲེལ་གྱི་ཤེས་ཡོན་ལམ་སྲོལ་ལག་བསྟར་ཐུབ་མཁན་རྒྱ་གར་མ་གཏོགས་མེད་སྐོར་གསུངས་འདུག
དེ་ཡང་གསུང་འཕྲིན་ནང་༧གོང་ས་མཆོག་གིས། ཊི་རི་བྷུན་གསར་ཤོག་གསར་འཛུགས་གནང་མཁན་དེས་རྒྱ་གར་གྱི་སྤྱི་ཚོགས་ལ་ཤེས་ཡོན་དགོས་གལ་ཆེ་བར་གཟིགས་པ་དང་། རྒྱ་གར་དེ་དབྱིན་ཇིའི་དབང་འོག་ཏུ་ཡོད་སྐབས་ཤེས་ཡོན་གྱིས་རྒྱ་གར་གྱི་མང་ཚོགས་རྣམས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་མུ་མཐུད་ནས་ཉར་ཐུབ་རྒྱུར་གཞོགས་འདེགས་བྱ་ངེས་པའི་ཡིད་ཆེས་ཀྱི་ཐོག་ནས་གསར་ཤོག་དེ་གསར་འཛུགས་བྱས་པ་དེར་ངོས་རང་དགའ་སྤོབས་བྱུང་། ཞེས་དང་། དུས་རྒྱུན་དུ་ངོས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་གིས་མང་ཚོགས་ལ་སྤྱི་ཚོགས་ཀྱི་གནས་ཚུལ་རྣམས་རྒྱ་ཆེ་ས་ནས་ལྟ་བའི་ཁོར་ཡུག་སྐྲུན་གྱི་ཡོད་སྐོར་བཤད་ཀྱི་ཡོད་ལ། མཚམས་རེར་ངོས་ཀྱིས་ཆོབ་དང་སྦྲགས་ནས་གསར་འགོད་པ་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་ཡག་སྡུག་རྣམས་འཚོལ་སྡུད་དང་ཕྱིར་འདོན་བྱ་ཆེད་གླང་ཆེན་ལྟ་བུའི་སྣ་རིང་པོ་དགོས་སྐོར་ཡང་བཤད་ཀྱི་ཡོད། ཅེས་དང་། འོན་ཀྱང་གསར་ཁང་རྣམས་ཀྱིས་དུས་རྒྱུན་གསར་འགོད་ལས་རིགས་གཉེར་སྐབས་དྲང་པོ་དྲང་བཞག་དང་ཕྱོགས་སུ་མ་ལྷུང་བ་ཞིག་དགོས་པ་དང་། གསར་ཁང་འདི་ཕྱི་ལོ་ ༡༨༨༡ ནས་མགོ་བརྩམས་ཏེ་ད་བར་མུ་མཐུད་གནས་ཐུབ་པ་འདིས། སྤྱི་ཚོགས་ལ་ཞབས་འདེགས་གང་འཚམ་ཞུ་བཞིན་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས་གནང་འདུག
ཡང་མགོན་པོ་ཁོང་ཉིད་ཀྱིས་རྒྱ་གར་འདི་བཞིན་རང་བཙན་ཐོབ་པ་ནས་བཟུང་ད་བར་དམངས་གཙོ་སྲ་བརྟན་ཐོག་གནས་ཐུབ་པ་དེ་ནི་ཡི་རང་བྱ་འོས་པ་ཞིག་ཡིན་སྐོར་དང་། རྒྱ་གར་གྱི་གནའ་བོའི་སེམས་ཁམས་ཀྱི་རིག་གནས་དག་ནི་ད་ལྟའི་འཛམ་གླིང་ལ་ཧ་ཅང་རན་འཚམ་ཡིན་པ་དང་། རྒྱ་གར་ངོས་ནས་རང་གི་འཚེ་བ་མེད་པ་དང་། བྱམས་བརྩེས་མཚོན་པའི་གནའ་བོའི་རིག་གཞུང་རྣམས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་བཅུག་ཐུབ་ཚེ། དེས་འཛམ་གླིང་ཡོངས་ལ་ཁེ་ཕན་ཆེན་པོ་སྒྲུབ་ཐུབ་པ་མ་ཟད། འཛམ་གླིང་འདིའི་སྟེང་འདི་ལྟ་བུའི་གནའ་དེང་ཟུང་སྦྲེལ་གྱི་ཤེས་ཡོན་ལམ་སྲོལ་ལག་བསྟར་ཐུབ་མཁན་རྒྱ་གར་མ་གཏོགས་མེད་སྐོར་གསུངས་འདུག
དབྱིན་ཡིག་སྟེང་གི་ཊི་རི་བྷུན་ཉིན་རེའི་གསར་ཤོག་འདི་ཕྱི་ལོ་ ༡༨༨༡ ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་སྐབས་དེའི་དབྱིན་ཇིའི་དབང་འོག་གི་པཱན་ཇབ་མངའ་སྡེའི་ལ་ཧོར་གྲོང་ཁྱེར་དུ་ལས་འགུལ་བ་དང་། དངུལ་ཁང་དོ་དམ་པ་དྷི་ཡལ་སིངྒ་མཱ་ཇི་ཐི་ཡ་ (Dyal Singh Majithia) ཞེས་པ་ཞིག་གིས་ཐོག་མར་གསར་འཛུགས་གནང་ཞིང་། ད་ལྟའི་ཆར་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་བྲིན་ཆེ་བའི་གསར་ཤོག་ཅིག་ཡིན་པ་དང་། གསར་ཤོག་ཁང་དེའི་འོག་ད་དུང་ཧིན་ཡིག་ཐོག་ལ་དྷའེ་ནིག་ཊི་རི་བྷུན་ (Dainik Tribune) ཞེས་པ་ཞིག་དང་། པཱན་ཇ་བི་ཊི་རི་བྷུན་ (Punjabi Tribune) ཞེས་པའི་པཱན་ཇ་བི་སྐད་ཡིག་སྟེང་གསར་ཤོག་ཅིག་ཀྱང་འགྲེམ་སྤེལ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།