བོད་ཀྱི་གནས་ཆེན་གྲགས་ཅན་ཨ་མྱེ་རྨ་ཆེན་གྱི་མདུན་འདབས་སུ་རྒྱ་ནག་གཞུང་གིས་མཐོ་སྒང་གི་བུད་མེད་དམག་སྦྱོང་ལྟེ་གནས་ཤིག་བཙུགས་ཡོད་པ་མ་ཟད་ས་གནས་མི་མང་གིས་འདོད་མོས་མེད་པའི་རྣམ་འགྱུར་རིགས་གཏན་ནས་སྟོན་མི་ཆོག་པའི་བཀའ་རྒྱ་བསྒྲགས།
འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁུངས་སུ་ཡོད་ཅིང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༦༢༨༢ ཙམ་ཡོད་པའི་གནས་ཆེན་གྲགས་ཅན་ཨ་མྱེ་རྨ་ཆེན་ནམ་རྨ་རྒྱལ་སྤོམ་རའི་མདུན་དུ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ནས་བཟུང་མཐོ་སྒང་གི་བུ་མེད་དམག་སྒར་དང་དྲག་པོའི་བུད་མེད་དམག་སྦྱོང་ལྟེ་གནས་ཟེར་བ་ཞིག་གསར་དུ་བཙུགས་ཏེ། ཉིན་རྒྱུན་སྔ་དགོང་གཉིས་སུ་དམག་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད། བདུན་ཕྲག་རེའི་ནང་ས་གནས་དགོན་གྲོང་གཉིས་ཀར་ཚོགས་འདུ་བསྡུས་ཏེ་སྲིད་གཞུང་གི་ལས་སྒོར་རྒྱབ་སྐྱོར་དགོས་སྐོར་བརྗོད་ཀྱི་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། དམག་སྦྱོང་ལྟེ་གནས་སུ་དབྱིག་གཞུང་སྡེ་བ་དང་དང་། དང་ལག་སོགས་ནས་བུད་མེད་མཐོ་རིམ་སློབ་མ་འཛུལ་ཞུགས་བྱས་ཚེ་དམིགས་བསལ་གྱི་ས་མིག་སྤྲོད་ཀྱི་ཡོད་སྟབས། ས་གནས་ཀྱི་ན་གཞོན་བུད་མེད་གང་ཙམ་ཞིག་དམག་ཁོངས་སུ་ཞུགས་ཡོད་འདུག
དམག་སྒར་ཡོད་ས་དེ་ནི་མགོ་ལོག་ཁུལ་ཐོག་ནས་ལེ་བར་ ༤༠ ཡས་མས་ཀྱི་མཚསས་སུ་ཡོད་ཅིང་། སྔོན་ཆད་རྨ་ཆེན་རྫོང་དབྱིག་གཞུང་སྡེ་བའི་དབྱར་ས་ཡིན་ཡང་། ཕྱི་ལོ་ ༢༠༡༣ ནས་འབྲོག་པ་རྣམས་མགོ་ལོག་ཁུལ་ཐོག་ཏུ་གནས་སྤོ་རུ་བཅུག་རྗེས། ཕྱི་ལོ་ ༢༠༢༠ ནས་བཟུང་ས་ཆ་དེར་མཐོ་སྒང་བུད་མེད་ཀྱི་དྲག་པོའི་དམག་སྦྱོང་སྟེ་གནས་ཤིག་ཏུ་བསྒྱུར་བའི་ལས་མགོ་བརྩམས་ཏེ། ད་ལྟའི་ཆར་ས་གནས་གང་ས་ནས་བསྡུས་ཡོང་བའི་བུད་མེད་གཞོན་ནུ་མ་ ༢༠༠ ཡས་མས་ཙམ་གྱིས་ཉིན་ལྟར་དམག་སྦྱོང་བྱེད་བཞིན་ཡོད་འདུག
ས་གནས་དེ་གར་ཡོད་པའི་འབྲོག་པ་རྣམས་དང་ལྷག་པར་ཏུ་མགོ་ལོག་ཡུལ་ཚོ་བཅུ་དང་ར་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་དགེ་འདུན་པ་སོགས་ནས་ཐེངས་མང་གོང་རིམ་ལ་སྙན་ཞུ་འཕུལ་ཡོད་ནའང་ད་ལྟ་བར་དུ་ལན་གང་ཡང་སྤྲད་མེད་པ་མ་ཟད། ས་གནས་དེར་ཡོད་འབྲོག་ཁུལ་དང་གྲོང་བརྡལ་དགོན་པ་སོགས་ཀྱི་ནང་དུ་བདུན་ཕྲག་གཅིག་གི་ནང་དུ་ཐེངས་གཉིས་ལ་ཚོགས་འདུ་དང་སྲིད་གཞུང་ནས་ལས་སྒོ་ག་འདྲ་ཞིག་ལག་བསྟར་བྱས་པ་ཡིན་ནའང་། མི་མང་གིས་མོས་མཐུན་མེད་པའི་རྣམ་འགྱུར་རིགས་རྩ་བ་ནས་ཡོང་མི་ཆོག་པ་དང་། གལ་སྲིད་དེ་རིགས་བྱུང་ན་ས་གནས་མགོ་འཁྲིད་ཚོས་འགན་ལེན་དགོས་པ་སོགས་བརྗོད་ནས་སྡིགས་ར་སྐུལ་བཞིན་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།