བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༡ དང་༢༠༢༢ ལོའི་སྔོན་རྩིས་ཐད་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་ས་ཡ་ ༢༦༩༩.༠༡ འཆར་འབུལ་གནང་བ་དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་རྩིས་ནོར་གཅོག་ཆ་གཅིག་དང་སྤར་ཆ་གཉིས་ཀྱི་གྲོས་འཆར་ཕུལ་བ་མ་གཏོགས་ཆེད་དུ་སྤར་གཅོག་གནང་མེད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། ད་ལན་གྱི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༡ དང་༢༠༢༢ ལོའི་སྔོན་རྩིས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་གཏན་འབེབ་གནང་རྒྱུ་ཡིན་འདུག་ལ། གཞི་རྩའི་རྩིས་ལོ་འདིའི་ནང་བཀའ་ཤག་གི་རྒྱབ་གཉེར་གནང་བའི་འགྲོ་གྲོན་ལ་ཚོད་དཔག་ཚོགས་ཆུང་ནས་ཆེད་དུ་སྤར་གཅོག་གང་ཡང་བྱས་མེད་ནའང་། ཆོས་རིག་གི་རྩིས་ནོར་ཞིག་ལ་གཅོག་ཆ་དང་། འབྲེལ་ཡོད་ལས་ཁུངས་ནས་ཞུས་དོན་ལྟར་ལས་བྱེད་འདེམས་ལྷན་དང་། ནང་སྲིད་ཁྱབ་ཁོངས་ས་འཐུས་མེད་པ་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་ཁོངས་སྨན་ཁང་གསུམ་གྱི་འགྲོ་གྲོན་གཉིས་སྤར་ཆའི་གྲོས་འཆར་ཕུལ་འདུག་ལ། སྤྱིར་བཏང་རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོ་དང་བསྡུར་ན་འདི་ལོར་སྒོར་ས་ཡ་ ༡༥.༧༨ ཉུང་བ་ཆགས་ཀྱི་ཡོད་འདུག
ཐེངས་འདིའི་ཚོགས་དུས་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་འགྲོ་སྐྱོད་བཀག་སྡོམ་སོགས་ཀྱི་རྐྱེན་གྱིས་ཨོ་གླིང་སྤྱི་འཐུས་གདོང་འདུས་སྐྱིད་ལགས་དང་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས། ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་བཅས་ཀྱིས་མཉམ་ཞུགས་གནང་ཐུབ་མེད་པ་དང་། དེ་བཞིན་མདོ་སྟོད་སྤྱི་འཐུས་པདྨ་བདེ་ལེགས་ལགས་ནས་དགོངས་པ་ཞུས་ཡོད་པ་མ་གཏོགས་གཞན་སྤྱི་འཐུས་ཚང་མ་འཛོམས་འདུག་ལ། ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་སྤྱི་འཐུས་རྣམ་པའི་ཞབས་བཀྱག་བར་བར་སྟོང་རེ་རེ་བཞག་ནས་ཚང་མས་ཁ་རས་བསྣམས་ཡོད་པ་དང་། དེ་བཞིན་ཚོགས་དུས་རིང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་གཉིས་ནད་ཡམས་དང་འབྲེལ་བའི་ཐོག་ནས་འབྲེལ་མཐུད་པར་ཆེད་བསྐོས་གནང་འདུག
དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དང་པོར་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ ༡༦ སྤྱི་མོས་གཏན་འབེབ་གནང་སོང་བ་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དོན་ཚན་ ༦ ཅན་ཞིག་སྒྲོགས་སྦྱང་བགྲོ་གླེང་གནང་རྗེས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་རྩིས་ལོ་ ༢༠༢༡ དང་ ༢༠༢༢ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་མཐོང་ཚུལ་དོན་ཚན་ ༤ ཅན་གྱི་ཚོགས་ཆུང་གི་སྙན་ཐོ་ཞིག་སྒྲོགས་སྦྱངས་གནང་སོང་བ་ལྟར། སང་ཉིན་ནས་སྔོན་རྩིས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དབུ་འཛུགས་གནང་རྒྱུ་ཡིན་འདུག
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གསུང་བཤད་གནང་སྐབས། ལོ་ཁོར་མོ་ཡུག་གི་རིང་ང་ཚོར་ནད་ཡམས་ཀྱི་རྐྱེན་གྱིས་སྐུ་ངལ་མང་པོ་བྱུང་བ་དང་ལས་དོན་མང་པོ་ཞིག་གནང་མ་ཐུབ་པའི་གནས་བབ་ཆགས་པ་རེད། སྟབས་ལེགས་པ་ཞིག་ལ་དེ་རིང་ཚོགས་བཅར་གནང་མཁན་ཚང་མ་ཏོག་དབྱིབས་ཀྱི་ནད་རྟགས་མེད་པས་ཡག་པོ་བྱུང་། ང་ཚོའི་གྲོས་ཚོགས་ཉིན་གྲངས་ ༡༥ ནང་ཡོང་གི་ཡོད་མེད་གནས་སྟངས་ལ་གཟིགས་ཀྱིན་གནང་དགོས་ཀྱི་འདུག ལས་རིམ་གྲུབ་པ་ཡིན་ན་ཡིན་ཅིག་ཉིན་གྲངས་ ༡༥ བཞུགས་དགོས་ཀྱི་ཡོད་པ་མ་རེད། ད་ལྟའི་ཆར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་གནས་བབ་རེད། དེ་སྔོན་དང་བསྡུར་བ་ཡིན་ན་ད་རེས་སྔོན་འགྲོའི་འོས་ཤོག་བཀྲ་མི་ཤིས་པ་མ་བྱུང་བའི་ཚོར་སྣང་བྱུང་། དངོས་གཞི་བསླེབ་ལ་ཉེ་བ་ཆགས་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་གྲོས་ཚོགས་ཀྱི་སྡིངས་ཆ་འདི་བརྒྱུད་ནས་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་མེད་པ་བཟོ་དགོས་པ་ནི་ང་རང་ཚོ་ཚང་མ་ལ་འགན་ཡོད་པ་རེད། དེར་བརྟེན་ང་ཚོས་བཀའ་མོལ་གནང་སྟངས་ཚིག་མཐོ་དམན་ལ་བརྟེན་ནས་སྤྱི་ཚོགས་ནང་ལ་ལབ་རྒྱུ་གླེང་རྒྱུ་བྱུང་ན་བློ་ཕམ་པའི་གནས་སྟངས་ཆགས་ཀྱི་རེད། དེར་བརྟེན། ད་རེས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་བཀྲ་ཤིས་པའི་ངང་ནས་མཇུག་སྒྲིལ་ཐུབ་པ་ཞིག་ཡོང་བར་ཚང་མས་ཐུགས་འགན་བཞེས་པའི་ཐོག་ནས་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མཐོང་ཚུལ་དོན་ཚན་ ༤ ནང་། ལས་ཁུངས་ཁག་གི་རྒྱབ་ལྗོངས་ཡིག་ཆ་རྣམས་དང་། དམིགས་བསལ་ནང་སྲིད་དང་འཕྲོད་བསྟེན། ཤེས་རིག་བཅས་ཀྱི་རྒྱབ་ལྗོངས་རྣམས་སུ་ཡིག་ནོར་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་ཚོ་མ་ཡོང་བ་དགོས་རྒྱུ་དང་། རྩིས་འགོ་ཁ་ཤས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་གི་ནང་འདས་ལོ་རིམ་བརྒྱུད་ཀྱི་འགྲེལ་བརྗོད་པར་བཤུས་བྱས་པ་ལྟ་བུ་ལས་ལོ་རེའི་ལས་འཆར་འགྱུར་བ་སོང་རིགས་ལ་འགྲེལ་བཤད་འགོད་རྒྱུ་གལ་ཆེ་བ། ལྷན་ཁང་ཁག་གི་ལས་འཆར་ནང་ལས་འཆར་གསར་པའི་རིགས་དེ་ཙམ་མཐོང་རྒྱུ་མེད་པ། ད་ལྟའི་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཞི་འཇམ་དུ་ཕྱིན་མེད་ནའང་། དེ་འབྲེལ་གྱི་འགྲོ་གྲོན་ཆེད་དགོས་དངུལ་སྒོར་ས་ཡ་གཅིག་ཙམ་ལས་ཛ་དྲག་གི་གདོང་ལེན་བྱ་ཕྱོགས་ཀྱི་ལས་འཆར་གང་ཡང་མཐོང་རྒྱུ་མེད་པ་སོགས་བཀོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།