དྲ་ལམ་ཐད་གཏོང་བརྒྱུད་ཚུལ་མིན་གྱི་སྐད་ཆ་བཤད་པ་དང་ཆགས་སྤྱོད་སྤེལ་བའི་ཉེས་མིང་འོག་བོད་མི་དྲུག་བཀག་ཉར་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༧ ཉིན་ཀྲུང་གོ་བོད་ཀྱི་དྲ་བའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་རྒུ་མདོ་ཁུལ་རྫ་སྟོད་རྫོང་གི་དྲ་རྒྱའི་བདེ་འཇགས་རུ་ཆེན་ཟེར་བ་ཞིག་གིས། རྒྱུན་ལྡན་གྱི་སྐོར་ཞིབ་དང་ཁུངས་སྣེ་སོགས་ལ་ཞིབ་གཤེར་བྱེད་པའི་སྐབས་སུ། རྫ་སྟོད་རྫོང་གི་དྲ་མི་ ༦ གིས་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མིན་གྱི་སྐད་ཆ་སོགས་བཤད་ཡོད་པའི་ཉེས་མིང་འོག དྲ་རྒྱ་ཐད་གཏོང་བ་བོད་རིགས་སྐྱེས་པ་༢་དང་བུད་མེད་༤་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་དེའི་ནང་། དྲ་རྒྱ་ཐད་གཏོང་བ་དེ་ཚོས་ཚུལ་མིན་གྱི་སྐད་ཆ་སོགས་བཤད་དེ། ཐད་གཏོང་ལ་ལྟ་མཁན་གྱི་མི་གྲངས་ལྔ་བརྒྱ་ལས་བརྒལ་ནས་དྲ་རྒྱའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པའི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་དང་། ཁྲིམས་ལྟར་དོགས་ཡོད་༦་དེ་ཉིན་ ༡༠ ནས་ ༡༤ བར་བཀག་སྐྱིལ་དང་། དྲ་རྒྱའི་ཐད་གཏོང་སྟེགས་བུ་ནས་ཟླ་གཅིག་ནས་གསུམ་བར་སྒོ་བརྒྱབ་ཡོད་པ་མ་ཟད། བསྐྱར་དུ་བྱ་སྤྱོད་དེ་རིགས་བྱུང་ན་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།