དེ་རིང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་སན་ཌ་བྷར་བྷ་རཱ་ (The University of California Santa Barbara) གཙུག་ལག་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་སྒྱུ་རྩལ་དང་རྩོམ་རིག་ལ་མཁས་པའི་གསུང་བཤད་ཀྱི་ལས་འཆར་གྱི་ནང་ཚན་རེ་བ་སྐྲུན་པ་ཞེས་པའི་ཆ་ཤས་སུ་༧གོང་ས་མཆོག་གིས་རྩོམ་པ་པོ་གྲགས་ཅན་ (Pico Lyer) དང་ལྷན་དུ་དྲ་ལམ་བརྒྱུད་གསུང་བཤད་དང་ཚོགས་ཞུགས་པའི་དྲི་བར་བཀའ་ལན་གནང་སྐབས། ནད་ཡམས་འགོས་མ་འགོས་དང་ནད་ཡམས་ལ་གདོང་ལེན་བྱེད་པར་སེམས་ཀྱི་ཞི་བདེ་དེ་ཞེ་དྲགས་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
ཐོག་མར་༧གོང་ས་མཆོག་གིས། སྤྱིར་བཏང་རེ་བ་ཟེར་བ་དེ་ང་ཚོ་སྐྱེས་པ་ནས་རེ་བ་ལ་བསྟེན་གྱི་ཡོད་པ་རེད། ཨ་མའི་མངལ་དུ་ང་ཚོ་ཡོད་པའི་སྐབས་སུ་ཨ་མའི་སེམས་པ་ལྷོད་ལྷོད་ཡོད་པ་དང་ཨ་མའི་སེམས་རྒྱུད་ལ་ཞེ་སྡང་དྲག་པོ་མེད་པ་བྱུང་ན། མངལ་ལ་ཡོད་པའི་ཕྲུ་གུའི་བདེ་ཐང་ལ་ཕན་ཐོགས་ཡོང་གི་ཡོད་པ་རེད། སེམས་ཀྱི་ཞི་བདེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་བཟང་ཕྱོགས་ཀྱི་རེ་བ་ལ་བརྟེན་ནས་ཡོང་གི་ཡོད་རེད། རེ་བ་ནི་མ་འོངས་པའི་མདུན་ལམ་གྱི་སྐོར་རེད། མ་འོངས་པ་གང་འདྲ་བྱུང་མ་བྱུང་དེ་ལྐོག་གྱུར་རེད། འོན་ཀྱང་བཟང་ཕྱོགས་ཀྱི་རེ་བ་བཅངས་པ་ཡིན་ན་ཡག་པོ་ཡོད་པ་དང་སེམས་ནང་དུ་ངན་ཕྱོགས་ཀྱི་རེ་བ་བཅངས་ན་སོ་སོ་ལ་ནུས་པ་གང་ཡོད་པ་ཇི་མ་ཇི་བཞིན་ཐོན་ཐུབ་ཀྱི་མ་རེད། སྤྱིར་བཏང་འཛམ་གླིང་ནང་དཀའ་ངལ་མང་པོ་ཡོད་རེད་དེ་བཟང་ཕྱོགས་ཀྱི་རེ་བ་བཅངས་ནས་སྡོད་དགོས་རྒྱུ་གལ་ཆེན་པོ་རེད། འཛམ་གླིང་ནང་ཡོད་པའི་མི་མང་ཚང་མ་མ་ལ་བརྟེན་ནས་མི་ཚེ་འཚར་ལོངས་བྱུང་བ་ཤ་སྟག་རེད། མས་སྐྱོང་བའི་སྐབས་སུ་སོ་སོའི་སེམས་ནང་དུ་བྱམས་པ་ཟེར་བའི་ཉམས་མྱོང་དངོས་སུ་བསྐྲུན་པའི་སྐབས་རེད། ཨ་མའི་བརྩེ་བས་མ་བསྐྱངས་པ་ཡིན་ན་སྲོག་འཚོ་ཐུབ་ཀྱི་མ་རེད། བརྩེ་བ་ཡོད་ན་བཟང་ཕྱོགས་ཀྱི་རེ་འདོད་ཆགས་ཀྱི་ཡོད་པ་རེད། དཔེར་ན་ལོ་ཆུང་དུས་སྐབས་སུ་ཨ་མ་ཚེ་མ་ཟིན་པ་དེ་འདྲ་བྱུང་ན། འཚར་ལོངས་སྐབས་སུ་དཀའ་ངལ་ཡོང་གི་ཡོད་པ་རེད་བསམ་གྱི་འདུག དེ་ལས་ལྡོག་སྟེ་མའི་བརྩེ་བས་བསྐྱངས་པ་ཡིན་ན་མི་ཚེའི་ནང་བཟང་ཕྱོགས་ཀྱི་རེ་བ་བཅངས་པ་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་སྩལ།
ཡང་༧གོང་ས་མཆོག་གིས། ང་ཚོའི་མི་ཚེ་དེ་རེ་བའི་སྒང་ལ་འཚོ་ཡི་ཡོད་པ་རེད་མ་གཏོགས་འབྱུང་འགྱུར་གྱི་གནས་ཚུལ་གང་ཡིན་པ་ང་ཚོས་ཤེས་ཐུབ་ཀྱི་མེད་པ་རེད། དཀའ་ངལ་ཡོད་ཀྱང་སེམས་ནང་རེ་བ་བཅངས་པ་ཡིན་ན་དཀའ་ངལ་གདོང་ལེན་བྱེད་ཐུབ་ཀྱི་རེད། དཀའ་ངལ་ཆུང་ཆུང་ཞིག་ཡོད་རུང་སོ་སོའི་སེམས་ནང་སེམས་ཤུགས་ཆགས་པ་ཡིན་ན་དཀའ་ངལ་གདོང་ལེན་བྱེད་པའི་སྙིང་སྟོབས་མེད་པའི་རྐྱེན་གྱིས་དཀའ་ངལ་ཇེ་ཆེར་འགྲོ་བའི་ཉེན་ཁ་ཡོང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཞུས་ན་རེ་བ་ནི་བྱམས་སྙིང་རྗེ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། འདི་ནི་ངོས་རང་གི་ལྟ་ཚུལ་ཆགས་ཀྱི་ཡོད་རེད། ངོས་རང་གི་མི་ཚེའི་ཉམས་མྱོང་དང་བསྟུན་ནས་བསྒྲུབས་པའི་བསམ་ཚུལ་ཆགས་ཀྱི་ཡོད། ངོས་རང་གི་མི་ཚེ་ནི་དཀའ་ངལ་མང་པོའི་སྒོ་ནས་འཚོ་བ་ཞིག་ཡིན། འོན་ཀྱང་དཀའ་ངལ་མང་པོ་ཡོད་རུང་བསམ་བློའི་ནང་དུ་རེ་བ་བློས་བཏང་བ་རྩ་བ་ཉིད་ནས་བྱས་མེད། རེ་བ་རྒྱག་སའང་བདེན་པའི་དཔང་པོ་ཡོད་པའི་དབང་གིས་རེ་བ་བཅངས་པ་ཞིག་ཡིན། མི་གཞན་གྱི་བསམ་ཚུལ་དང་བྱེད་ལུགས་བྱེད་སྟངས་གང་འདྲ་ཡོད་རུང་སོ་སོའི་ངོས་ནས་དྲང་པོ་ལ་གཞི་བཞག་ནས་རེ་བ་བཅངས་ཀྱི་ཡོད་པས་སེམས་སུ་གདེང་སྤོབས་ཡོང་གི་འདུག ངོས་རང་གི་མི་ཚེའི་ནང་དཀའ་ངལ་མང་པོ་འཕྲད་ཀྱང་བསམ་བློའི་ནང་དུ་དྲང་པོ་དང་ཁ་ཞེ་གཉིས་མེད། མ་འོངས་པའི་མདུན་ལམ་གྱི་ཐོག་ལ་བཟང་ཕྱོགས་ཀྱི་རེ་བ་བཅངས་པའི་རྐྱེན་གྱིས་འཚོ་ཡི་ཡོད་པ་རེད། བདེན་པའི་སྒོ་ནས་རེ་བ་བཅངས་པ་ཡིན་ན་རེ་བ་དེ་ལ་ནུས་པ་ཆེ་བ་ཡོད་པ་རེད། ང་ཚོ་མི་ཡིན་པ་གཅིག་གྱུར་རེད། དེ་ཡང་དཀའ་ངལ་འཕྲད་པའི་སྐབས་སུ་གཞན་ལ་རེ་བ་རྒྱག་གི་ཡོད་པ་རེད། ང་ཚོ་ལ་དཀའ་ངལ་འཕྲད་པའི་སྐབས་སུ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་ཡོད་པ་མངོན་གསལ་དུ་མཐོང་གི་ཡོད་རེད། འཛམ་གླིང་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་བཅངས་པ་ཡིན་ན། ཕྱོགས་རིས་དང་འཁྲུག་རྩོད་ཀྱི་རྣམ་འགྱུར་སྟོན་དགོས་པ་ཡོང་གི་མ་རེད། ང་ཚོ་གསོན་པའི་རིང་ལ་ཕན་ཚུན་མཛའ་བཤེས་ཀྱི་འདུ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
བཀའ་འདྲི་བཀའ་ལན་གནང་བའི་ལས་རིམ་ནང། ང་ཚོའི་འཛམ་གླིང་གི་ཚ་དྲོད་གོང་འཕེལ་དུ་ཕྱིན་པའི་དཀའ་ངལ་ལ་བསམ་བློ་གཏོང་དུས་མི་མང་པོའི་སེམས་ནང་ལ་དངངས་འཚབ་ཡོང་གི་ཡོད་པའི་སྐབས་སུ། འཛམ་གླིང་སྤྱི་ལ་ཁྱབ་པའི་དཀའ་ངལ་དེ་ལ་གདོང་ལེན་བྱེད་པའི་ཐབས་ཤེས་གང་འདྲ་གཏོང་དགོས་རེད་ཅེས་བཀའ་འདྲི་ཞུས་པར༧གོང་ས་མཆོག་གིས། དམག་འཁྲུག་རྒྱག་དགོས་པ་ལ་རྒྱུ་མཚན་ཡོད་མ་རེད། དེར་བརྟེན་ཤར་ནུབ་ལྷོ་བྱང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་འཛམ་གླིང་འདིའི་ནང་དུ་ང་ཚོ་གནས་དགོས་ཡོད་དུས། ངའི་རྒྱལ་ཁབ་དང་ང་ཚོའི་སྡེ་ཚན་ཟེར་བ་ཕྱོགས་རིས་བྱེད་པའི་དུས་ཚོད་ཡོལ་ཟིན་པ་རེད། དེང་སང་འཛམ་གླིང་དེ་ང་ཚོ་གཅིག་གྱུར་ཡིན་པའི་འདུ་ཤེས་བཅངས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་བཀའ་ལན་གནང་།
དེ་བཞིན་ད་ལོ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་སོགས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པས་དེར་གདོང་ལེན་གང་འདྲ་བྱེད་དགོས་རེད་ཅེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ང་ཚོའི་ཚན་རིག་པ་དང་སྨན་པ། སྨན་ཞབས་པ་ཚང་མས་དེ་ལ་གདོང་ལེན་བྱེད་པའི་དོན་དུ་སྐུ་ངལ་ཚད་ལས་འདས་པ་བསྐྱོན་པར་ཡི་རང་ཞུ་ཡི་ཡོད། སྤྱིར་བཏང་ང་ཚོའི་གཟུགས་པོ་དེ་སྡུག་བསྔལ་གྱི་གཞི་རྟེན་ཆགས་ཀྱི་ཡོད་པ་རེད། ནང་པའི་སེམས་ཁམས་རིག་པའི་སྒོ་ནས་ཞུས་ན། ནད་ཡམས་འགོས་མ་འགོས་དང་ནད་ཡམས་གདོང་ལེན་བྱེད་པའི་སྐོར་ལ་སེམས་ཀྱི་ཞི་བདེ་དེ་ཞེ་དྲགས་གལ་ཆེན་པོ་རེད། ནད་ཡམས་འགོས་པའི་སྐབས་སུ་སོ་སོའི་སེམས་འཁྲུག་པ་ཡིན་ན་ན་ཚ་ཡོང་བ་ལས་སླ་བ་ཡོད་པ་རེད། དེ་ལས་ལྡོག་སྟེ་སེམས་ཞི་བདེ་ཡོད་ན་གདེང་ཚོད་མི་བརླག་པའི་ཐོག་ནས་གནས་ཐུབ་ཀྱི་རེད། དེར་བརྟེན་སེམས་ཀྱི་ཞི་བདེ་དེ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།