གནངས་ཉིན་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པ་དང་སྦྲགས་སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་རྒྱུ་ཡིན་འདུག
དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྡ་ཁྱབ་ཅིག་བཏང་སྟེ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༥༥ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལས་འཁུར་དམ་འབུལ་ཞུ་བའི་མཛད་སྒོ་འཚོག་གཏན་འཁེལ་ཡོད་སྐོར་བསྒྲགས་འདུག་པ་དང་། མཛད་སྒོའི་སྟེང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཨརྱཅཱ་ཡེ་ཤེས་ཕུན་ཚོགས་མཆོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཕེབས་ཀྱི་ཡོད་འདུག
དེ་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཁྱབ་ནང་། ཁྲིམས་ཞིབ་པ་ཆེ་བ་དང་སྲིད་སྐྱོང་ལས་ཐོག སྤྱི་འཐུས་ཚོགས་གཞོན། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ཚོམས་ཆེན་དུ་བཞུགས་གྲལ་ལ་འཁོད་རྒྱུ། གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་དྲ་ལམ་བརྒྱུད་ཤིས་བརྗོད་གསུང་རྒྱུ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན། བདམས་ཐོན་སྲིད་སྐྱོང་ནས་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བདམས་ཐོན་སྲིད་སྐྱོང་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གྲུབ་མཚམས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་རྒྱུ་དང་། སྲིད་སྐྱོང་མཆོག་ནས་དམ་འབུལ་མ་དེབ་ཏུ་མཚན་རྟགས་འགོད་རྒྱུ། སྲིད་སྐྱོང་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་ གྲོལ་རིན་པོ་ཆེར་མཇལ་དར་དང་མཎྜལ་རྟེན་དོད་ཕུལ་ཏེ། སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་གྲུབ་བསྟུན། སྲིད་སྐྱོང་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ནས་ལས་ཐོག་སྲིད་སྐྱོང་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་རྒྱུ། བདམས་ཐོན་སྲིད་སྐྱོང་གིས་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བསྩལ་རྒྱུ། རྟེན་འབྱུང་གསོལ་ཇ་དང༌། འབྲས་སིལ་འདེགས་འབུལ་ཞུས་བསྟུན། དམ་འབུལ་མཛད་སྒོ་གྲོལ་རྒྱུ་བཅས་ཀྱི་མཛད་རིམ་དུ། ཞེས་བཀོད་འདུག
ཡང་ཉེ་སྔོན་ཕྱི་ཚེས་ ༡༤ ཉིན་དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་སྔོན་སོང་ལྟར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༢ ནང་གསེས་ ༢ པའི་དགོངས་དོན་འོག ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ནས་དམ་འབུལ་ཞུ་གཏན་འཁེལ་ཡོད་པ་རེད།
གཞན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར། ཁ་སང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་འདེམས་ཐོན་སྤྱི་འཐུས་ཀྱི་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་སམ་ལོ་མཉམ་བྱུང་ཚེ་རང་ལོ་བགྲེས་ཤོས་ཏེ། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་འོག་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱུང་ཡོད་པ་འབྲེལ་ཡོད་ཅིག་གིས་བརྗོད་གནང་བྱུང་།
སྤྱི་འཐུས་དམ་འབུལ་སྐོར་ཚུད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་ནང་། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་བཀོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་ནས་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཉེས་པ་དག་ནས་སྤྱི་འཐུས་གསར་པ་ཚོས་བཅའ་ཁྲིམས་ལ་འགན་ཁུར་ཐུབ་པའི་རེ་བ་དང་བཅས་ད་མི་མང་མདུན་མང་གཙོའི་ཀ་བ་གསུམ་ནས་ཁྲོམས་མ་སྟོན་རོགས་གནང་ཐུགས་རྗེའི་གཟིགས་།