བོད་རིགས་མགོ་ཁྲིད་བཀྲ་ཤིས་ནོར་བུ་ཡིས་རང་ཉིད་ཀྱི་གོ་གནས་བེད་སྤྱད་པ་བརྒྱུད་དངུལ་འབོར་ཆེན་ལྐོག་ཟ་བྱས་པའི་ནག་ཉེས་འོག་ལོ་བཅུ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། ཉེ་སྔོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྩིས་པ་བཀྲ་ཤིས་ནོར་བུ་ཡིས། རྒྱ་སྒོར་ཁྲི་ ༦༢༠ ཙམ་ཧམ་བཟུང་བྱས་པའི་ནག་ཉེས་འོག བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་རིགས་མགོ་ཁྲིད་བཀྲ་ཤིས་ནོར་བུར་ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ཁྲི་ ༡༨༠ ཆད་པ་བཅད་ཡོད་སྐོར་བསྒྲགས་འདུག
དེ་འབྲེལ་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༩ བར་རྩིས་པ་བཀྲ་ཤིས་ནོར་བུ་ཡིས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་གྱི་རྩིས་པ་དང་དངུལ་གཏོང་ལེན་པའི་དབང་ཆ་བཀོལ་སྤྱོད་ཀྱིས། དངུལ་སྨར་རྩིས་ཁྲར་མི་འགོད་པ་དང་ཡོང་འབབ་རྩིས་ཁྲར་མི་འགོད་པ། རྩིས་ཁྲ་རྫུན་མ་བཟོས་པ། རྩིས་ཁྲ་བསྐྱར་ཟློས་འགོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན། ཁྱོན་གཞུང་དངུལ་ཁྲི་ ༦༢༠ ཙམ་ཧམ་བཟུང་བྱས་ཏེ་རྒྱན་འགྱེད་དང་། མི་སྒེར་གྱི་ཁང་པ་དང་མཛོད་ཁང་འཛུགས་སྐྲུན། རླངས་འཁོར་ཉོས་པ་དང་མི་གཞན་ལ་གཡར་བ་སོགས་བྱས་ཡོད་སྐོར་བརྗོད་འདུག
ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བཀྲ་ཤིས་ནོར་བུ་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ཆ་ནས། ལས་ཀའི་སྟབས་བདེ་སྤྱད་ནས་ཁྱོན་མི་དམངས་ཤོག་སྒོར་ཁྲི་ ༦༢༠ ལྷག་ཙམ་ཟིན་པའི་སྤྱི་པའི་རྒྱུ་ནོར་ཧམ་བཟུང་བྱས་པ་དང་། གྲངས་འབོར་དེ་ཤིན་ཏུ་ཆེན་པོ་ཡིན་ཞིང་། ཁོ་པའི་བྱ་སྤྱོད་དེ་ལྐོག་ཟའི་ཉེས་བསགས་ཀྱི་ཁོངས་སུ་གཏོགས་པ། འགན་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་དངུལ་ནང་ནས་ཁྱོན་མི་དམངས་ཤོག་སྒོར་ཁྲི་ ༩༩ འཐེན་ཏེ་མི་གཞན་ལ་ཁེ་གཉེར་བྱ་རྒྱུར་གཡར་བ་དང་། དེའི་གྲངས་འབོར་ཤིན་ཏུ་ཆེ་བས། བྱ་སྤྱོད་དེ་གཞུང་དངུལ་གཞན་སྤྱོད་ཀྱི་ཉེས་བསགས་ཀྱི་ཁོངས་སུ་གཏོགས་པ་སོགས། བཀྲ་ཤིས་ནོར་བུ་མི་གཅིག་གིས་ཉེས་པ་མང་པོ་བསགས་པས་ནག་ཉེས་དུ་མའི་ཉེས་ཆད་སྡེབ་གཅོད་བྱ་དགོས་པའི་ངོས་འཛིན་བྱས་ཡོད་པ་དང་། བཀྲ་ཤིས་ནོར་བུ་ཁྲིམས་ལ་སྦྱར་རྗེས། ཁོ་པས་ལྐོག་ཟ་བྱས་པ་དང་གཞུང་དངུལ་གཞན་སྤྱོད་བྱས་པའི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཁས་ལེན་བྱས་ཡོད་སྟབས། ཉེས་ཆད་ཡང་དུ་བཏང་ནས་ཁྲིམས་ཐག་བཅད་ཡོད་སྐོར་སོགས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།