ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཐུན་འགྱུར་འོག་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོའི་གཞིས་གྲོང་ཁག་ ༡༨ ནང་གི་ལོ་ན་ ༡༨ ནས་ ༤༤ བར་གྱི་མི་མང་ལ་ཏོག་དབྱིབས་འགོག་ཁབ་རིམ་པ་དང་པོ་བརྒྱབས།
ཁ་སང་ཕྱི་ཚེས་ ༠༡ ཉིན་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ནས་ས་གནས་གཞིས་ཆགས་ཁག་ལ་ས་བཅུད་བུམ་པ་དང་གཡང་བུམ་སོགས་རིན་ཐང་གཞལ་དུ་མེད་པའི་དམ་རྫས་བུམ་སྒྲུབ་རིགས་མཐུན་འགྱུར་གནང་བའི་མཛད་བཟང་དང་མཐུན་པར། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་རྣམ་གཉིས་ཀྱི་དབུས་ཆེས་མཐོའི་འགན་འཛིན་རྣམ་པའི་བཀའ་སློབ་ལམ་སྟོན་འོག ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ནས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོའི་གཞིས་གྲོང་ཁག་ ༡༨ ནང་གི་ལོ་ན་ ༡༨ ནས་ ༤༤ བར་གྱི་མི་གྲངས་ ༡༦༠༠ ལྷག་ལ་ཏོག་དབྱིབས་འགོག་ཁབ་རིམ་པ་དང་པོ་དེ་སྨན་སྦྱིན་དུ་གནང་འདུག དེ་བཞིན་ཁ་སང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དང་སེ་ར་སོགས་སུའང་ཏོག་དབྱིབས་འགོག་བརྒྱབས་གནང་ཡོད་འདུག
ཉེ་སྔོན་ཟླ་ ༠༥ ཚེས་ ༣༠ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ལོ་ན་ ༡༨ ནས་ ༤༤ བར་གྱི་དགེ་འདུན་པ་དང་བཙུན་མ་ཞལ་གྲངས་ ༡༥༠༠ ལྷག་ལ་ས་གནས་རྫོང་གི་ཆོག་མཆན་འོག་ཏོག་དབྱིབས་འགོག་ཁབ་རིམ་པ་དང་པོ་དེ་བརྒྱབས་ཟིན་ཡོད་པ་དང་། ཉིན་གྲངས་གཉིས་ཀྱི་ནང་དགོན་པ་དང་ས་གནས་གཞིས་གྲོང་ཁག་ནང་ཁྱོན་ཏོག་དབྱིབས་འགོག་ཁབ་ ༣༡༠༠ ལྷག་བརྒྱབས་ཟིན་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།