ཐའེ་ཝན་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་བརྒྱུད་བཙན་བྱོལ་བོད་མི་རྣམས་ལ་ཧིན་སྒོར་འབུམ་གཉིས་བརྒྱ་ལྷག་གི་ཏོག་ནད་དང་འབྲེལ་བའི་སྨན་ཆས་སོགས་ཀྱི་རོགས་སྐྱོར་གནང་ཡོད་པ་རེད།
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་ཛ་དྲག་གི་གནས་སྟངས་འོག བཙན་བྱོལ་བོད་མི་མང་པོར་ཏོག་ནད་འགོས་ཁྱབ་བྱུང་སྟེ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་དང་བསྟུན། ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་བརྒྱུད། བཙན་བྱོལ་བོད་མིའི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་སྨན་ཆས་སོགས་ཀྱི་སླད་དུ་ཐའེ་ཝན་གྱི་ཚོགས་སྡེ་ཁག་ལ་རེ་སྐུལ་ཞུས་པ་བརྒྱུད་ཁ་རས་དང་སྨན་ཆས། དངུལ་སྨར་སོགས་ཁྱོན་ཧིན་སྒོར་འབུམ་གཉིས་བརྒྱ་ལྷག་གི་རོགས་སྐྱོར་གནང་ཡོད་པ་རེད།
དེ་ཡང་ཉེ་ལམ་བཙན་བྱོལ་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག གཞིས་ཆགས་དང་ཁ་འཐོར་ས་གནས་ཁག་སོགས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཤུགས་ཆེན་བྱུང་སྐབས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་གནང་བ་བརྒྱུད། ཁ་ཚ་དགོས་གཏུག་གི་མཐུན་འགྱུར་རོགས་རམ་གྱི་ཐོ་གཞུང་ཕེབས་དོན་ལྟར། སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཐའེ་ཝན་གྱི་ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་གཙོས་པའི་ཚོགས་སྡེ་ཁག་བཞི་ལ་རེ་སྐུལ་ཞུས་ཏེ། མཐུན་འགྱུར་རོགས་རམ་ཐོབ་པའི་དངོས་ཆས་རྣམས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ཆེད་མངགས་གནམ་གྲུ་བརྒྱུད་གཏོང་ཐུབ་པ་བྱུང་ཡོད་འདུག
བཙན་བྱོལ་བོད་མིར་རོགས་རམ་གནང་མཁན་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ནང་། ཐའེ་ཝན་གྱི་ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་ལགས་ནས་སྨན་ལས་ཁ་རས་ཁྱོན་འབུམ་གཅིག་དང་། ནམ་རྒྱུན་དུ་དོན་གཅོད་ལས་ཁུངས་ལ་རོགས་པ་རྒྱ་ཆེ་གནང་མཁན་སྦྱིན་བདག་ཨ་མ་ཝོང་ལགས་ནས་སྔ་རྗེས་སུ་ཁྱོན་ཁ་རས་གྲངས་འབུམ་ལྔ་ལྷག་བཏང་ཡོད་པ་དང་། དགའ་ལྡན་ཤར་རྩེ་ཆོས་ཚོགས་ནས་གཙོ་འགན་བཞེས་ཏེ་དད་ལྡན་ཐའེ་ཝན་མི་མང་ཁག་ཅིག་ལ་ཞལ་འདེབས་བསྡུས་པ་བརྒྱུད། སྨན་ལས་ཁ་རས་ཁྱོན་བསྡོམས་གྲངས་ ༡༣༧༥༥༠ དང་། ཁ་རས་(N95) གྲངས་ ༡༠༠༠ ། འགོག་སྲུང་གྱོན་ཆས་(PPE Kits)གྲངས་ ༡༩༠༠ ། དེ་བཞིན་སྲོག་རླུང་བཟོ་སྐྲུན་འཕྲུལ་ཆས་(Oxgyen Concerntrator) དང་དེའི་གློག་ཤུགས་བརྗེ་པོ་བརྒྱབ་ཆེད་འཕྲུལ་ཆས་གྲངས་ ༡༤ རེ་བཅས་ཁྱོན་ཐའེ་སྒོར་ ༡༤༩༦༢༠༠ ཡི་རོགས་སྐྱོར་གནང་ཡོད་པ་དང་། གོང་གསལ་གྱི་སྨན་བཅོས་ཡོ་ཆས་ཁག་བསྐུར་གླ་དང་ཁྲལ་སོགས་ཁྱོན་ཐའེ་སྒོར་ ༢༣༦༢༤༦༤ ཙམ་གྱི་ཅ་དངོས་དང་གཏོང་གླ་སོགས་ཀྱི་འགྲོ་གྲོན་མཐུན་འགྱུར་སྦྱོར་སྤྲོད་གནང་ཐུབ་ཡོད་པ་རེད།
དེ་བཞིན། ཐའེ་ཝན་དགེ་རྩ་ཚོགས་པ་ཞིག་གིས་རྒྱ་གར་ནང་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཛ་དྲག་ཚོགས་ཆུང་གི་ཚོགས་མི་གཉིས་དང་། དགེ་རྩ་ཚོགས་པའི་ཚོགས་མི་གཉིས། ཅ་དངོས་གཏོང་ཡུལ་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་། ལྷོ་སྤྱི་ལས་ཁུངས་ཀྱི་ལྷོ་སྤྱི་དང་ལས་དྲུང་། དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དང་རྩིས་པ་བཅས་དྲ་ཐོག་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས། རྒྱ་གར་དུ་མཁོ་སྒྲུབ་ཐུབ་པའི་ཅ་དངོས་རྣམས་ཀྱི་ཆེད་དུ་ཐད་ཀར་ཕྱག་དངུལ་གཏོང་རྒྱུ་དང་། གཞན་ཅ་དངོས་རིགས་སིང་གྷ་པོ་ནས་གཏོང་རྒྱུའི་ཐག་གཅོད་བྱུང་བ་ལྟར། སིང་གྷ་པོ་བརྒྱུད་རྒྱ་གར་དུ་ཁྱོན་ཨ་སྒོར་ ༤༡༨༠༡ གི་ས་གནས་ཟིན་པའི་སྲོག་རླུང་བཟོ་སྐྲུན་འཕྲུལ་ཆས་(Oxgyen Concerntrator) གྲངས་ ༤༥ དང་། སྲོག་རླུང་ཡོ་ཆས་(Oxgyen Concentrator Nasal Tubes) གྲངས་ ༩༠༠ བཅས་གཏོང་ཐུབ་ཡོད་པ་རེད་ལ། རྒྱ་གར་ནས་མཁོ་སྒྲུབ་ཐུབ་པའི་སྨན་བཅོས་ཡོ་ཆས་སླད་ཁྱོན་ཧིན་སྒོར་ ༦༨༣༡༡༠༩ ཡི་རོགས་དངུལ་ཐད་གཏོང་གནང་ཡོད་འདུག
དེ་བཞིན་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གཙོས་པའི་རིས་མེད་ཆོས་ཚོགས་དང་། ཚོགས་སྒེར་ཁག་ནས་ཀྱང་སྨན་བཅོས་ཡོ་ཆས་དང་། རོགས་དངུལ་ཕོན་ཆེ་གནང་ཡོད་ཅིང་། ད་རེས་ཐའེ་ཝན་ནས་མཐུན་སྦྱོར་གནང་བའི་སྨན་བཅོས་ཡོ་ཆས་ཁག་འཕྲོད་བསྟེན་ལས་ཁུངས་ཀྱི་ཛ་དྲག་ཚོགས་ཆུང་གི་གོ་སྒྲིག་འོག ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ལྷོ་སྤྱི་ལས་ཁུངས་སུ་བཏང་སྟེ་བོད་མིའི་གཞིས་ཆགས་ཁག་ལ་བགོ་འགྲེམས་གནང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།