དེ་རིང་སྤྱི་འཐུས་ཀྱི་དམ་འབུལ་གནང་ཕྱོགས་མི་འདྲ་བ་གཉིས་ནས་སྔ་གཞུག་ཏུ་གསར་འགོད་གསལ་བསྒྲགས་རེ་གནང་སོང་།
ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྐབས་ ༡༧ པའི་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ཞུ་ཕྱོགས་གཉིས་ཆགས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་བྱེད་ཐུབ་མེད་པར་ཉིན་གྲངས་ ༤ ཙམ་འགྲོ་བཞིན་ཡོད་པ་དང་བསྟུན། དེ་རིང་ཕྱི་ཚེས་ ༡༢ ཉིན། ༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་བཅའ་འབུལ་མཁན་གྱི་འདེམས་ཐོན་སྤྱི་འཐུས་ ༢༠ དང་། བར་བརྒལ་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའ་འབུལ་མཁན་གྱི་འདེམས་ཐོན་སྤྱི་འཐུས་ ༡༩ བཅས་ཕྱོགས་གཉིས་ཀྱིས། སྔ་གཞུག་ཏུ་གྲོས་ཚོགས་ཀྱི་མདུན་ཐང་ནས་དྷ་སའི་གསར་འགོད་པ་རྣམས་ལ་རང་གི་ལངས་ཕྱོགས་དང་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ནས་གསར་འགོད་གསལ་བསྒྲགས་སྤེལ་གནང་སོང་ལ། ཕྱོགས་གཉིས་ནས་འོས་བསྡུ་ལས་ཁང་གི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ནང་ཞུགས་རྒྱུར་གྲ་སྒྲིག་ཨང་གསར་ཡོད་གསུང་གི་འདུག་ཀྱང་། ཕྱོགས་གཉི་ག་མོས་མཐུན་ཡོད་པའི་ཐབས་ལམ་ཞིག་ད་ལྟའི་ཆར་རག་མི་འདུག
༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་བཅའ་འབུལ་མཁན་གྱི་གསལ་བསྒྲགས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྐབས་ ༡༧ པའི་འདེམས་ཐོན་ཆོས་བརྒྱུད་སྤྱི་འཐུས་དང་། འདེམས་ཐོན་མདོ་སྟོད་སྤྱི་འཐུས་ ༢༠ ཐུན་མོང་ནས་དོན་ཚན་ ༥ ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འོས་བསྡུའི་འགན་འཛིན་སར་བཅར་སྐབས་ཕྱི་ཚེས་ ༨ ཉིན་དམ་འབུལ་ཞུས་པའི་ཡིག་ཆ་རྣམས་ཚད་ལྡན་འདུག་ཅེས་གསུངས་པ་ལྟར། ད་ལྟའི་གནས་བབ་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་ངོས་འཛིན་ཡིན་མཉམ་དང་། ཡང་ན་མིན་མཉམ་དགོས་པ་ལས་བཅའ་ཁྲིམས་དོན་ཚན་ ༤༧ གྱི་གནས་བབ་ལུང་འདྲེན་བྱས་པ་གཅིག་པུས་དཀའ་རྙོག་འདི་སེལ་དཀའ་བ་ས་རིས་ཐང་གསལ་ཡིན་པ་ངོས་འཛིན་གསལ་པོ་ཐུབ་དགོས། སླད་མར་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་དུས་ཚོད་ག་དུས་གཏན་ཁེལ་བྱས་ཀྱང་། དུས་ཐོག་བཅར་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད། ཅེས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཕན་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༢ པའི་དགོངས་དོན་བཞིན། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན། མདོ་སྟོད་ཆོལ་ཁ་བཅས་ཀྱི་སྤྱི་འཐུས་རྒྱུན་ལས་ཀྱི་མི་འགྲོ་གཏན་འཁེལ་བྱས་ཟིན་པ་ཡིན། ཞེས་བཀོད་འདུག
ཡང་ཁོང་ཚོའི་གསལ་བསྒྲགས་ནང་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་རྣམས་ཀྱིས་ཁྲིམས་ལུགས་སུ་གཏན་འབེབ་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའ་ཞུས་ཟིན་ཀྱང། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གིས་དབུས་འོས་བསྡུ་ལས་ཁང་དུ་མི་གྲངས་ ༢༡ ཁོ་ནའི་མིང་གཞུང་ཕུལ་བ་དང་། འོས་བསྡུའི་འགན་འཛིན་གྱིས་དེ་ལ་ཁ་གཡར་ནས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱ་རྒྱུ་མཚམས་འཇོག་བྱས་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་དང་པོའི་དགོངས་དོན་བཞིན། འོས་བསྡུའི་སྒྲིག་གཞི་ལེའུ་ལྔ་པའི་ནང་གསལ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱ་རྒྱུ་འོས་བསྡུ་ལས་ཁང་གི་ལས་འགན་ཡིན་པ་ལས། ཕྱོགས་གཅིག་ཁོ་ནར་བབས་བསྟུན་གྱིས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུ་མཚམས་འཇོག་དང་། གཞན་ལ་ཁག་དཀྲི་དང་ལས་འགན་གཡོལ་ཐབས་ཁོ་ན་བྱས་ནས་ཉིན་འགྱང་ཞག་ཕུད་དུ་མ་སོང་བར་འགན་ཁུར་ངེས་པར་དུ་བཞེས་དགོས། ཞེས་གནས་སྟངས་མུ་མཐུད་འདི་ལྟར་ལྷག་ཚེ་སྒྲིག་འཛུགས་ཀྱི་འགྲོ་སོང་དང་། མི་སྒེར་གྱི་དུས་ཚོད་ཆུད་ཟོས་ཁོ་ན་ལས་མེད་པས་ཡུན་རིང་ངང་སྒུག་བྱེད་ཐབས་མེད་སྐོར་དང་། བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བར་བརྒལ་ཚོགས་གཙོ་ཞེས་པ་ནི། སྤྱི་འཐུས་རེ་རེས་ལས་ཁུར་དུ་མ་ཞུགས་གོང་དམ་འབུལ་ཞུ་ཡུལ་ཙམ་ལས་གཞན་ལས་དོན་བྱེད་ཆོག་པའི་ཐོབ་ཐང་བཅའ་ཁྲིམས་ཀྱི་ཚིག་དོན་གང་དུའང་གསལ་མེད་ནའང་། ཟླ་བ་ཚེ་རིང་གིས་སྔར་མེད་གསར་སྤྲོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་བེད་སྤྱོད་བཏང་སྟེ་ཡི་གེ་འདྲ་མིན་བཏང་དང་གཏོང་བཞིན་པ་རྣམས་ནི། ཁྲིམས་སྒྲིག་དང་ལམ་ལུགས་གང་དུའང་བྱེད་སྲོལ་རྩ་བ་ནས་མེད་པ་མ་ཟད། ཕྱོགས་གཅིག་གི་བྱེད་ཕྱོགས་འདིའི་རྐྱེན་པས་སྤྱི་ཚོགས་ནང་བདེན་རྫུན་གོ་འཛོལ་ཐོག་བརྡབ་གསིག་དང་། ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་གང་བྱུང་བའི་འགན་ཆ་ཚང་ཟླ་བ་ཚེ་རིང་གིས་ཁུར་དགོས། ཞེས་བཀོད་འདུག
ཡང་གསར་འགོད་བསྒྲགས་ཡིག་དེའི་ནང་། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད། ཅེས་བཀོད་འདུག
བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་འབུལ་མཁན་གྱི་གསལ་བསྒྲགས།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པ་ཙམ་གྱི་ཐོག་སྐབས་ ༡༧ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ ༩ དང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ ༡༠ བཅས་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ། བར་བརྒལ་ཚོགས་གཙོ་མཆོག་གི་མདུན་དུ་སྐབས་ ༡༧ པའི་དབུས་གཙང་འདེམས་ཐོན་སྤྱི་འཐུས་ ༨ དང་མདོ་སྨད་སྤྱི་འཐུས་ ༡༠། ཡུ་རོབ་སྤྱི་འཐུས་ ༢། བྱང་ཨ་རིའི་སྤྱི་འཐུས་ ༡ བཅས་ནས་དམ་འབུལ་ཞུས་རྗེས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་བར་བརྒལ་ཚོགས་གཙོ་མཆོག་གི་གཏམ་བཤད་ནང་གསལ་བ་ལྟར། སྤྱི་འཐུས་ ༢༡ གི་མཚན་གཞུང་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ཏེ། ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གི་གཙོས་ཁྱོན་སྤྱི་འཐུས་གྲངས་ ༢༢ ཀྱིས་བཅའ་ཁྲིམས་དགོངས་དོན་ཚུལ་བཞིན་ཉམས་ལེན་དམ་འབུལ་ཞུས་ཡོད། ཅེས་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུས་འོས་བསྡུ་ལས་ཁང་གིས་བཅའ་ཁྲིམས་དོན་ཚན་ ༤༥ པའི་དགོངས་དོན་འོག སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས། འོས་བསྡུའི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་པ་དང་། ཚོགས་གཙོ་གཞོན་འོས་བསྡུ་གནང་བར་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་དགོས་སྟབས། འདེམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་དང་བཅས་ཕྱིར་ཕེབས་རྗེས། བར་བརྒལ་ཚོགས་གཙོ་མཆོག་གི་མདུན་ནས་དམ་བཅའ་འབུལ་མཁན་སྤྱི་འཐུས་རྣམས་ཀྱང་རང་གནས་སུ་ལོག་དགོས་བྱུང་ཡོད་སྐོར་བཀོད་འདུག
དེ་བཞིན་གསར་འགོད་བསྒྲགས་ཡིག་དེའི་ནང་། འདེམས་ཐོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་བཅས་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་བཀའ་འཁྲོལ་མེད་པར་སྤྱི་འཐུས་ལྷན་ཁང་གི་མཚན་རྟགས་དང་། ༢༠༢༡།༥།༢༩ ཉིན་གྱི་འབྱོར་ཐོ། ༢༠༢༡།༦།༧ དགོང་མོའི་ཁྲིམས་འགལ་ལས་རིམ་གསུམ་འོས་བསྡུ་ལས་ཁང་ལ་ཕུལ་བ་ནི། ཁྲིམས་སྒྲིག་ལམ་ལུགས་གང་གི་ཆ་རྐྱེན་ཡང་མི་ལྡན་པ་མ་ཟད་འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་ཁྲིམས་མཐུན་དམ་འབུལ་ཞུས་པའི་དཔང་རྟགས་ཀྱང་མི་ཉན། ཞེས་བཀོད་འདུག
ཡང་གསལ་བསྒྲགས་ནང་འདེམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ང་རང་ཚོགས་དྲུང་གི་མདུན་ལ་བཅར་བའི་མཐའ་མར་ཚོགས་དྲུང་མཆོག་ཤུམ་གྱི་ཡོད་གནས་དྲ་ལམ་ཐོག་གསུངས་པའི་ཐད། ཁྲིམས་མཐུན་དམ་འབུལ་ཞུ་མཁན་སྤྱི་འཐུས་སུ་གང་ཡང་ཤན་པ་ལུག་རྭར་རྒྱུག་པ་ལྟར། ཚོགས་དྲུང་ལས་ཁུངས་ལ་འཛུལ་ཏེ་ཁྲིམས་སྒྲིག་རྩ་འགལ་གྱི་བཀའ་བཏང་བ་དང་སུན་པོ་བཟོས་རིགས་བྱུང་མེད་ཅེས་ཚིག་ཐག་བཅད་དེ་ཞུ་རྒྱུ་ཡིན་པ་དང་། འདེམས་ཐོན་སྤྱི་འཐུས་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དམ་འབུལ་ཞུས་དོན་ཕྱི་རྒྱལ་འདེམས་ཐོན་སྤྱི་འཐུས་རྣམ་པས་གྲོས་མགོ་བཏོན་པར་མོས་མཐུན་བྱས་ཚུལ་བསྒྲགས་པ་དེ་བདེན་པ་མ་རེད། ཁྲིམས་འགལ་གདམ་ཀ་དེ་ཐོག་མ་ནས་འདེམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་བཅས་ནས་ཚུར་ཨུ་ནན་བྱས་ཀྱང་ལྷན་འཛོམས་རིམ་པའི་ཐོག་སུས་ཀྱང་ངོས་ལེན་ཐག་གཅོད་བྱུང་རིགས་མེད། ཅེས་བཀོད་འདུག
གསར་འགོད་པས་འདེམས་ཐོན་སྤྱི་འཐུས་ཕྱོགས་གཉིས་ཀར་ད་ལྟའི་གྲོས་ཚོགས་ཀྱི་དཀའ་རྙོག་དེ་སེལ་ཐབས་དང་མདུན་སྐྱོད་བྱེད་ཐབས་གང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་ཚོས། བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་འབུལ་མཁན་རྣམ་པ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐོག་ནས་ཕྱོགས་གཉིས་དབར་བཀའ་མོལ་གནང་ནས་གནད་དོན་སེལ་རྒྱུའི་གྲ་སྒྲིག་ཡོད་པ་མ་ཟད། དབུས་འོས་བསྡུ་ལས་ཁང་གི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ནང་ཞུགས་རྒྱུའི་གྲ་སྒྲིག་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཡང་ཁོང་ཚོས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་སྟེང་གི་ཁྲིམས་འགལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་ནུས་མེད་ཡོང་ཐབས་དང་། སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ལེགས་འགྲུབ་འབྱུང་ཐབས་བཅས་ལ་འབད་བརྩོན་ཅི་གནང་གི་ཞིབ་ཕྲའི་གནས་ཚུལ་དོན་ཚན་ ༡༥ ཅན་ཞིག་ཀྱང་མཉམ་སྦྱར་གནང་འདུག
གསར་འགོད་པ། པ་སངས་ཚེ་རིང་།
༄༅།། སྐབས་ ༡༧ པའི་སྤྱི་འཐུས་དམ་འབུལ་གནད་དོན་གསལ་བཤད།
ཕྱི་ལོ་ ༢༠༢༡།༦།༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར། སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྤྱི་མོས་བར་བརྒལ་ཚོགས་གཙོ་འདེམས་ཐོན་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུ་བཞིན་པའི་སྐབས། ཆོས་བརྒྱུད་དང་མདོ་སྟོད་འདེམས་ཐོན་སྤྱི་འཐུས་ཁག་ཅིག་ཉིན་སྔོན་མར་ཚོགས་དྲུང་ལས་ཁུངས་ལ་ངོ་བཅར་གྱིས་བཀའ་བཏང་སྟེ་ལས་རིམ་བཟོ་བཅུག་པ་ལྟར། ཆོས་བརྒྱུད་འདེམས་ཐོན་སྤྱི་འཐུས་ ༡༠ དང་མདོ་སྟོད་འདེམས་ཐོན་སྤྱི་འཐུས་ ༡༠ ། དབུས་གཙང་གི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། བྱང་ཨ་རིའི་བསྟན་འཛིན་འཇིགས་མེད་ལགས་བཅས་སྤྱི་འཐུས་ཚོགས་ཁང་དུ་ཁྲིམས་སྒྲིག་ལམ་ལུགས་གང་ལའང་ལྟོས་མེད་ཐོག་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་དམ་འབུལ་ཞུས་ཚུལ་གསར་འགོད་པར་བསྒྲགས་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ། བར་བརྒལ་ཚོགས་གཙོ་མཆོག་གི་མདུན་དུ་སྐབས་ ༡༧ པའི་དབུས་གཙང་འདེམས་ཐོན་སྤྱི་འཐུས་ ༨ དང་མདོ་སྨད་སྤྱི་འཐུས་ ༡༠། ཡུ་རོབ་སྤྱི་འཐུས་ ༢། བྱང་ཨ་རིའི་སྤྱི་འཐུས་ ༡ བཅས་ནས་དམ་འབུལ་ཞུས་རྗེས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་བར་བརྒལ་ཚོགས་གཙོ་མཆོག་གི་གཏམ་བཤད་ནང་གསལ་བ་ལྟར་སྤྱི་འཐུས་ ༢༡ གི་མཚན་གཞུང་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ཏེ། ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གི་གཙོས་ཁྱོན་སྤྱི་འཐུས་གྲངས་ ༢༢ ཀྱིས་བཅའ་ཁྲིམས་དགོངས་དོན་ཚུལ་བཞིན་ཉམས་ལེན་དམ་འབུལ་ཞུས་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུས་འོས་བསྡུ་ལས་ཁང་གིས་བཅའ་ཁྲིམས་དོན་ཚན་ ༤༥ པའི་དགོངས་དོན་འོག སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས། འོས་བསྡུའི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་པ་དང་། ཚོགས་གཙོ་གཞོན་འོས་བསྡུ་གནང་བར་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་དགོས་སྟབས། འདེམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་དང་བཅས་ཕྱིར་ཕེབས་རྗེས་སྤྱི་འཐུས་རྣམས་ཀྱང་རང་གནས་སུ་ལོག་དགོས་བྱུང་ཡོད།
གསལ་བཤད་ཁག་ཅིག་ཞུ་རྒྱུར། གཅིག བར་བརྒལ་ཚོགས་གཙོ་མཆོག་གི་མདུན་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་གྲངས་ ༢༡ བྱུང་བའི་མཚན་གཞུང་འོས་བསྡུ་ལྷན་ཁང་ལ་ཕུལ་བ་ཁྲིམས་འགལ་ཡིན་གནས་ཐད། མཚན་གཞུང་དེ་སྤྱི་འཐུས་ལྷན་ཁང་གི་ལས་ཤོག་ཐོག་ཚོགས་དྲུང་ལས་ཁུངས་ཀྱིས་འོས་བསྡུ་ལས་ཁང་ལ་ཕུལ་བ་ཞིག་ཡིན་པ་ལས་བར་བརྒལ་ཚོགས་གཙོ་ངོ་བཅར་གྱིས་འོས་བསྡུ་ལས་ཁང་ལ་ཕུལ་བ་ཞིག་མིན། འདེམས་ཐོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་བཅས་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་བཀའ་འཁྲོལ་མེད་པར་སྤྱི་འཐུས་ལྷན་ཁང་གི་མཚན་རྟགས་དང་། ༢༠༢༡།༥།༢༩ ཉིན་གྱི་འབྱོར་ཐོ། ༢༠༢༡།༦།༧ དགོང་མོའི་ཁྲིམས་འགལ་ལས་རིམ་གསུམ་འོས་བསྡུ་ལས་ཁང་ལ་ཕུལ་བ་ནི། ཁྲིམས་སྒྲིག་ལམ་ལུགས་གང་གི་ཆ་རྐྱེན་ཡང་མི་ལྡན་པ་མ་ཟད་འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་ཁྲིམས་མཐུན་དམ་འབུལ་ཞུས་པའི་དཔང་རྟགས་ཀྱང་མི་ཉན། གཉིས། འདེམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ང་རང་ཚོགས་དྲུང་གི་མདུན་ལ་བཅར་བའི་མཐའ་མར་ཚོགས་དྲུང་མཆོག་ཤུམ་གྱི་ཡོད་གནས་དྲ་ལམ་ཐོག་གསུངས་པའི་ཐད། ཁྲིམས་མཐུན་དམ་འབུལ་ཞུ་མཁན་སྤྱི་འཐུས་སུ་གང་ཡང་ཤན་པ་ལུག་རྭར་རྒྱུག་པ་ལྟར། ཚོགས་དྲུང་ལས་ཁུངས་ལ་འཛུལ་ཏེ་ཁྲིམས་སྒྲིག་རྩ་འགལ་གྱི་བཀའ་བཏང་བ་དང་སུན་པོ་བཟོས་རིགས་བྱུང་མེད་ཅེས་ཚིག་ཐག་བཅད་དེ་ཞུ་རྒྱུ་ཡིན། གསུམ། འདེམས་ཐོན་སྤྱི་འཐུས་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དམ་འབུལ་ཞུས་དོན་ཕྱི་རྒྱལ་འདེམས་ཐོན་སྤྱི་འཐུས་རྣམ་པས་གྲོས་མགོ་བཏོན་པར་མོས་མཐུན་བྱས་ཚུལ་བསྒྲགས་པ་དེ་བདེན་པ་མ་རེད། ཁྲིམས་འགལ་གདམ་ཀ་དེ་ཐོག་མ་ནས་འདེམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་བཅས་ནས་ཚུར་ཨུ་ནན་བྱས་ཀྱང་ལྷན་འཛོམས་ཐེངས་རིམ་པའི་ཐོག་སུས་ཀྱང་ངོས་ལེན་ཐག་གཅོད་བྱུང་རིགས་མེད།
མཐའ་དོན། འོས་བསྡུའི་འགན་འཛིན་མཆོག་གིས་གསལ་བསྒྲགས་གནང་དོན་ལྟར་འབྱུང་འགྱུར་འདེམས་ཐོན་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་དམ་འབུལ་ཞུས་ཏེ། བཅའ་ཁྲིམས་དོན་ཚན་ ༤༩ པའི་ཆ་རྐྱེན་མ་ལོང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་མཚོན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་གང་ལའང་མཉམ་ཞུགས་གནང་ཐབས་བྲལ་བའི་གསལ་བསྒྲགས་དང་། གནས་ཚུལ་ཞིབ་ཕྲ་དོན་ཚན་ ༡༥ ཅན་མཉམ་སྦྱར་བཅས། དབུས་གཙང་སྤྱི་འཐུས་ ༩ དང་མདོ་སྨད་སྤྱི་འཐུས་ ༡༠ ཐུན་མོང་ནས་ ༢༠༢༡།༦།༡༢ ཉིན་ལ།
༄༅།། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་སྟེང་གི་ཁྲིམས་འགལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་ནུས་མེད་ཡོང་ཐབས་དང་།
སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ལེགས་འགྲུབ་
འབྱུང་ཐབས་བཅས་ལ་འབད་བརྩོན་ཅི་གནང་གི་གསལ་བཤད།
༡ ༽ བོད་པའི་གཏམ་དཔེར་ “མེ་མདུན་ནས་བཏང་། དུ་བ་བརྒྱབ་ནས་ཐོན།” ཞེས་པ་ལྟར། ༢༠༢༠།༨།༢༡ ནས་ ༢༠༢༠།༩།༢༥ ཉིན་བར་གྱི་བཅའ་སྒྲིག་དང་འབྲེལ་བའི་རྩོད་ཉོག་རིམ་པ་དང་པོ་དང་། ༢༠༢༡།༣།༢༥ ཉིན་ནས་དེ་རིང་བར་གྱི་རྩོད་ཉོག་རིམ་པ་གཉིས་པ་བཅས་ཀྱི་འབྱུང་རྩ་རྒྱ་ནག་ཝུ་ཧཱན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུར་ཐུག་ཡོད་པ་གསལ་བོ་མཁྱེན་དགོས། འོན་ཀྱང་ཐོག་མ་སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པར་ “ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།” ཞེས་པར་ལྟོས་མེད་ཐོག་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱང་བཏང་བ་དང་། ༢༠༢༠།༨།༡༠ ཉིན་ཀང་རཱ་རྫོང་གི་ (ADM) ལགས་ཀྱིས་ “རྩ་བའི་གྲོས་ཚོགས་ཚོགས་པར་སྐྱོན་མེད་ཀྱང་། ལས་ཁུངས་གཡས་གཡོན་དང་ཞབས་ཀྱག་བཅས་དུག་སེལ་བྱ་དགོས་པ་དང་། ཁ་རས་ངེས་པར་གྱོན་དགོས།” ཞེས་གསུངས་པ་དང་། ༢༠༢༠།༨།༡༣ ཉིན་ཀང་རཱ་རྫོང་དཔོན་(DC)མཆོག་དང་སྐོར་སྲུང་མགོ་བ་(SP)རྣམ་གཉིས་ནས་“གྲོས་ཚོགས་དེ་བཞིན་ཆབ་སྲིད་གནད་འགག་ཆ་ནས་མངའ་གཞུང་ནས་འཕར་འགྱངས་སོགས་ཀྱི་ལམ་སྟོན་ཞུ་བདེ་མ་མཆིས་་་” ཞེས་གྲོས་ཚོགས་བཀའ་འཁྲོལ་སྤྲད་འདུག་ཀྱང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་རྒྱུན་ལས་ཚོས་བཅའ་ཁྲིམས་དོན་ཚན་ ༦ དང་ ༤༩ ནང་གསེས་ ༢ པར་འབྲེལ་བ་བཏགས་ཏེ། གྲོས་ཚོགས་ཕར་འགྱང་གསལ་བསྒྲགས་སྤེལ་ཏེ་མང་ཚོགས་ལ་དབུ་སྐོར་ཞུས་པ། དེ་བཞིན། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེའང་བྱ་རིམ་གང་ལའང་མ་བསྟུན་པར་ལྐོག་ལྐོག་སུད་སུད་ཀྱིས་གྲོས་ཚོགས་ནང་འཁྱེར་ཡོང་སྟེ། སྤྱི་འཐུས་རྣམ་པར་གོ་བསྡུར་སྦྱངས་བཤད་ཀྱི་གོ་སྐབས་འདང་ངེས་མ་སྤྲད་པར་ཡ་ཡུད་ཆེན་པོས་ཐག་གཅོད་གནང་བ། གྲོས་ཚོགས་འཕར་མ་གཙོས་པའི་རྗེས་འབྲེལ་ལས་དོན་དག་ཀྱང་ཁྲིམས་སྒྲིག་དགོངས་དོན་ཚུལ་བཞིན་ལག་བསྟར་མ་ཐུབ་པ་བཅས་ལ་བརྟེན་ཏེ་དཀའ་རྙོག་ད་ལྟ་མུ་མཐུད་ལྷག་པའི་རྐྱེན་ངན་ཆགས་ཡོད།
༢ ༽ ༢༠༢༡།༣།༢༥ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བཞག་སྟེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་ཐད། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་ ༡༠ ཡིས་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་བསྐྱངས་པ་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲིའི་ལན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཅའ་ཁྲིམས་འགྲེལ་བརྗོད་གནང་བ། དེ་བཞིན། བཀའ་བློན་ཁྲི་ཟུར་དང་བཀའ་ཟུར་ ༢༡ དང་སྤྱི་ཟུར་ ༢༤ བཅས་ཀྱིས་གྲོས་ཆོད་དེ་ཕྱིར་བསྡུ་དང་རྗེས་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་རྣམས་ཀྱང་ཕྱིར་བསྡུ་དགོས་པའི་རེ་སྐུལ་གནང་པ་བཅས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་དངོས་དོན་དང་བྱ་རིམ་ཡོངས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ དང་ ༥༤ ། དོན་ཚན་ ༦༣ ནང་གསེས་ ༤ བཅས་དང་འགལ་ཡོད་པ་ར་སྤྲོད་གསལ་བོ་བྱུང་ཡོད་པ་མ་ཟད། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་གྲངས་ ༡༠༨ དང་། གཞུང་ཞབས་ཟུར་པ་ ༡༥༩། གཞོན་ནུའི་དབུས་རྒྱུན་ཟུར་པ་ ༤༧། ཌལ་ཧོར་ས་གནས་མི་མང་ ༡༤༥། ལྷོ་ཁ་རིག་གཞུང་དང་སྤྱི་ཚོགས་བདེ་དོན་ཚོགས་པའི་ཚོགས་མི་ ༦༡། དབུས་གཙང་དང་མདོ་སྨད་དྷ་སར་རྟེན་གཞི་བྱེད་པའི་མདོ་སྟོད་ཆོལ་ཁ་བཅས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུར་སྟོད་སྲོང་བཙན་སྐྱིད་སྡུག སྟོད་པའི་དབུས་སྤྱི་ཁྱབ་ལྷན་ཚོགས། ཕན་པོ་དང་རྒྱང་རྩེ། བྱང་པ། སྐྱིད་གྲོང་བཅས་ཀྱི་སྐྱིད་སྡུག ཝཱར་ཎ་སློབ་ཟུར་ཚོགས་པའི་རྒྱུན་ལས་ཐུན་མོང་། བལ་ཡུལ་དགེ་ལྡན་ལྷན་ཚོགས། ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པ་གཙོས་པའི་ཨོ་སི་ཊི་ལི་ཡ་དང་ནོས་ཛུར་ལན་ཌའི་བོད་རིགས་ཚོགས་པ་ཁག་ཡོངས། དབྱིན་ཡུལ་བོད་རིགས་ཚོགས་པ། བྱང་ཨ་རི་ཁུལ་གྱི་བོད་རིགས་ཚོགས་པ་མང་པོ་ཞིག དེ་བཞིན་ཆོལ་གསུམ་མི་མང་ ༥༠༣ ཙམ་གྱིས་མཚན་རྟགས་འཁོད་པའི་སྙན་ཞུ། མི་སྒེར་བཅས་ནས་ཡིག་ཆ་ཨང་ ༣༩ དེ་འཕྲལ་དུ་ཕྱིར་འཐེན་ནུས་མེད་གཏོང་དགོས་པའི་ཞུ་འབོད་གནང་འདུག་པར་སྤྱི་འཐུས་རྒྱུན་ལས་ཀྱིས་བདག་སྤྲོད་གནང་མེད་པ་ནི། མི་མང་གི་སྐུ་ཚབ་ཀྱིས་མི་མང་གི་མངོན་འདོད་ལ་འགན་འཁུར་མ་གནང་བ་ཆགས་ཡོད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ཀྱི་སྒྲིག་གཞི་དོན་ཚན་ལྔ་པའི་ནང་གསེས་ ༢ པར་ “བོད་བསྟན་སྲིད་བདེ་ཐབས་ཁོ་ནར་སྨན་པའི་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་དགོས་ཞུ་མི་བྱུང་ཚེ་རྒྱུན་ལས་ནས་དགོངས་བཞེས་བཀའ་བསྡུར་དང་འབྲེལ་ངོས་བཞེས་གནང་འོས་གནང་རྒྱུ།” ཞེས་འཁོད་པར་ཡང་བརྩི་བཀུར་མ་ཞུས་པ་ཞིག་དང་། དཀའ་རྙོག་འདི་སེལ་ཐབས་བསྟེན་འདོད་མེད་པའི་རྣམ་འགྱུར་ཞིག་ཆགས་ཡོད།
༣ ༽ ༢༠༢༡།༤།༢༢ ཉིན་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་ ༡༧ གྱིས་རྒྱུན་ལས་ལ་ཞུ་སྙན་ཕུལ་ཏེ། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེར་མང་ཚོགས་བློ་ཕམ་དང་། གནད་ཡོད་མི་སྣ་མང་པོས་ཡིག་ཆ་དེ་ཁྲིམས་མཐུན་བྱུང་མེད་པའི་ངོས་འཛིན་གཅིག་གྱུར་ལ་སོང་། བཅའ་ཁྲིམས་འགལ་མེད་གྲོས་ཚོགས་འཚོགས་ཐུབ་གྱུར་ཚེ་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བསྣམ་དགོས་པ་དང་། གལ་སྲིད་ཚོགས་ཐུབ་མ་གྱུར་ཚེ་བཅའ་ཁྲིམས་དོན་ཚན་དང་པོའི་འོག་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་༧གོང་ས་མཆོག་ལ་བར་བརྒལ་ཁྲིམས་ཞིབ་པ་ཞིག་བསྐོ་བསྩལ་ཡོང་བའི་གསོལ་འདེབས་ཞུ་དགོས་པའི་འབོད་སྐུལ་ཞུས་ཀྱང་། ཚོགས་འདུ་འཕར་མ་དེ་ཁྲིམས་མཐུན་ཡིན་མིན་ལ་མ་ལྟོས་པར་ཚོགས་གཞོན་མཆོག་གཙོས་པའི་རྒྱུན་ལས་ཚོས་ཡ་ལན་གནང་མེད།
༤ ༽ ༢༠༢༡།༤།༢༧ ཉིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༡ པའི་དགོངས་དོན་ཡིན་གནས་ཐོག སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ ༢༠༢༡།༥།༢༠ ཉིན་འཚོགས་རྒྱུའི་བརྡ་ཐོ་འབྱོར་བའི་ནང་ “ད་རེས་ཀྱི་གྲོས་ཚོགས་འཕར་མ་དེ་བཞིན་གལ་འགངས་ཆེ་བར་སོང་སྤྱི་འཐུས་རྣམ་པ་ཚང་མ་གྲོས་ཚོགས་སུ་ངེས་ཕེབས་དགོས་པ་དང་། གལ་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་ཚེ་དེའི་འགན་འཁྲི་ཡོངས་རྫོགས་གྲོས་ཚོགས་སུ་བཅར་མ་ཐུབ་མཁན་སྤྱི་འཐུས་རྣམས་ནས་བཞེས་དགོས་ཆགས་རྒྱུར་དེ་དོན་ཚང་མས་དགོངས་པ་བཞེས་གནང་ཡོང་བ་ཞུ་” ཞེས་སྤྱི་འཐུས་རྣམ་པར་གནོན་ཤུགས་སྤྲད་འདུག་པ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧༨ ནང་གསེས་ ༡ པོར་ “སྤྱི་འཐུས་སུ་ཞིག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་ཚོགས་བཅར་དགོངས་འཁྲོལ་ཞུ་དགོས་བྱུང་ཚེ་ཚོགས་གཙོའི་མཚན་ཐོག་རང་ཉིད་ཀྱི་མིང་རྟགས་འཁོད་པའི་དགོངས་ཤོག་འབུལ་དགོས་” ཞེས་པར་འགལ་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཚང་མ་གལ་འགངས་ཆེན་པོ་ཡིན་པ་གཅིག་མཚུངས་ཡིན་ལ། གལ་སྲིད་ཁྲིམས་འགལ་གྲོས་ཆོད་ཡིག་ཨང་ ༣༩ པ་དང་འབྲེལ་བའི་གནད་དོན་ཁག་གལ་ཆེར་བརྩི་ཡི་ཡོད་ཚེ། ཚོགས་འདུ་སྔ་མ་ ༢༠༢༡།༣།༡༥ ནས་ཚེས་ ༣༡ ཉིན་བར་འཚོགས་རྒྱུ་སྔོན་ཚུད་ནས་གཏན་འབེབས་ཡོད་བཞིན་དུ་ལས་དོན་འཕྲོ་སྐྱོང་མ་གནང་བར་ ༢༠༢༡།༣།༢༧ ཉིན་གློ་བུར་མཇུག་བསྡོམས་གནང་འབྲས་ཡིན་སྟབས། དེའི་ལེ་ཁག་ཡོངས་རྫོགས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་གྲོས་ཚོགས་ར་བར་བཞུགས་པའི་བཀའ་སྤྱི་ལྷན་རྒྱས་ལ་ཡོད་པའི་གསལ་བཤད་ཞུས་ཡོད།
༥ ༽ ༢༠༢༡།༥།༡༤ ཉིན་སླར་ཡང་གོང་གསལ་སྤྱི་འཐུས་ ༡༦ གིས་ཛ་དྲག་ཐོག་ཕྱག་ཡིག་དོན་ཚན་ ༡༠ ཅན་ཞིག་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ཏེ། ཚོགས་འདུ་འཕར་མ་དེ་བཅའ་སྒྲིག་དང་མཐུན་གྱི་ཡོད་མེད་དང་། སྔ་ལོར་ཚོགས་དུས་བཅུ་པ་ཕར་འགྱང་སྐབས། དྷ་ས་༧རྒྱལ་བའི་བཞུགས་གནས་ལ་འགན་འཁུར་དགོས་པ་དང་ཕྱི་རྒྱལ་ཁག་གི་སྤྱི་འཐུས་ཕེབས་ཐབས་མེད་པ། ལྷག་པར་བཅའ་ཁྲིམས་དོན་ཚན་ ༦ པ་ལུང་འདྲེན་གྱིས་གནས་ཡུལ་གཞུང་གི་ཡུལ་ཁྲིམས་བརྩི་དགོས་ཚུལ་སོགས་གསུངས་ཡོད་པ་དང་། ད་ལྟ་ནད་ཡམས་སྔར་ལོ་ལས་ཛ་དྲག་ཆགས་བཞིན་ཡོད་སྟབས། ཚོགས་འདུ་འཕར་མར་གནས་ཡུལ་གཞུང་གི་བཀའ་འཁྲོལ་ཐོབ་ཡོད་མེད་བཅས་ལ་བཀའ་ལན་གསལ་བོ་བྱུང་ན། ཚོགས་འདུ་འཕར་མར་བཅར་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་གནས་ཞུས་པར། སྤྱི་འཐུས་རྒྱུན་ལས་ཀྱིས་ “བློ་ངེས་བྱུང་།” ཞེས་པ་ཙམ་ལས་འགན་འཁུར་གྱི་ལན་གསལ་གང་ཡང་བྱུང་མེད།
༦ ༽ ཁྲིམས་ཞིབ་པ་གསུམ་མཉམ་དུ་ལས་གནས་ནས་བཤོལ་བ་དང་། སྤྱི་འཐུས་ཚོགས་གཙོས་རྩ་དགོངས་ཞུས་ཏེ་གོ་ཡུལ་སྟོང་པ་ཆགས་པ། བོད་མིའི་སྒྲིག་འཛུགས་ལ་མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཚང་མེད་པ་བཅས་ཀྱི་གནས་སྟངས་འོག དཔལ་ལྡན་ཚོགས་གཞོན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ནས་སྡིག་པ་མིག་བཙུམས་ཐོག་ཁྲིམས་ཞིབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བསྐོ་འཛུགས་གནང་ཡོད་ཀྱང་། འདེམས་སྒྲུག་ཚོགས་ཆུང་དེར་ཁྲིམས་ཞིབ་པའི་འོས་མི་མ་རེག་པར་ ༢༠༢༡།༥།༡༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕྱག་ཡིག་སྟོང་པ་ཕུལ་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་མུ་མཐུད་ཁྲིམས་སྒྲིག་ཟུར་དུ་བཞག་སྟེ་གྲོས་ཚོགས་འཕར་མ་འཚོགས་ཐབས་ཨུ་ནན་སྔ་རྗེས་གནང་འདུག་པའི་རྒྱབ་ལྗོངས་རྒྱུ་མཚན་གང་ཡིན་ཤེས་རྟོགས་དཀའ།
༧ ༽ ༢༠༢༡།༥།༢༣ ཉིན་སྤྱི་འཐུས་ ༡༩ ཡིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་ཏེ། ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་གཏོང་བ་དེ་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ དང་འགལ་ཡོད་པ་ར་འཕྲོད་གསལ་བོ་བྱུང་ཞིང་། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་གྲོས་ཚོགས་ནང་ཕེབས་སྟངས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༤ དང་། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༨༠ བཅས་དང་འགལ་ཡོད་སྟབས། བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ ༡ པོར་ “ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།” ཞེས་འཁོད་པ་ལྟར་བཅའ་ཁྲིམས་དང་འགལ་བའི་གྲོས་ཆོད་དེ་དེ་བས་ཀྱང་རྩ་འཛིན་མེད་པ་ཆགས་དགོས་པར་སོང་། ཁྲིམས་ཞིབ་པ་རྣམ་པས་ད་ལྟའི་ཛ་དྲག་གཉན་འཕྲང་གི་སྐབས་འདིར་སྤྱི་ཚོགས་ལྷིང་འཇགས་ཡོང་ཐུབ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ། ལྷག་དོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་མི་འབྱུང་བ། སྐབས་གསར་པའི་སྲིད་སྤྱིའི་དམ་འབུལ་ལེགས་འགྲུབ་འབྱུང་ཐབས་བཅས་ལ་དགོངས་པ་ཆེ་བཞེས་ཀྱིས་ལས་ཁུར་རྒྱུན་སྐྱོང་ཡོང་བའི་རེ་སྐུལ་མི་ཞུ་ཐབས་མེད་བྱུང་ཡོད།
༨ ༽ སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༡ པའི་དགོངས་དོན་ཡིན་གནས་ཐོག སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ ༢༠༢༡།༥།༢༠ ཉིན་འཚོགས་རྒྱུའི་བརྡ་ཐོ་བཏང་བ་དེར་སྤྱི་འཐུས་ལྷན་ཚོགས་ནས་ཞུ་སྐུལ་གནང་མེད་པ་མ་ཟད། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཞུ་སྐུལ་བྱུང་མེད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༡ པར་ “སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ། བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས།” ཞེས་པ་དང་འགལ་ཡོད་པ་མ་ཟད། དོན་ཚན་དེར་ “ ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས།” ཞེས་ཚོགས་གཙོ་ཚོགས་གཞོན་ལྷན་རྒྱས་ཡོད་དགོས་པ་ལས་ཚོགས་གཙོ་མེད་པར་ཚོགས་གཞོན་གཅིག་པོས་ཚོགས་འདུ་འཆར་འཕར་གང་ཡང་བསྡུ་བསྐོང་གནང་ཐབས་མེད་པ་དང་། སྐབས་དེར་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཛ་དྲག་ཆགས་ཏེ་མི་ ༥ ལྷག་འཛོམ་ཆོག་གི་མེད་ཀྱང་ཚོགས་འདུ་ཕར་འགྱང་གིས་ཕྱི་ཚེས་ ༢༤ ཉིན་འཚོགས་གཏན་ཁེལ་སྟབས། གྲོས་ཚོགས་འཕར་མར་སྤྱི་འཐུས་དང་བཀའ་བློན། ཚོགས་དྲུང་བཅས་མི་ ༥༤ འཛོམ་འཆར་ཡོད་པ་ནི་བཅའ་ཁྲིམས་དོན་ཚན་ ༦ པར་ “བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།” ཞེས་འཁོད་པ་དང་འགལ་ཡོད་སྟབས། ཁྱོན་སྤྱི་འཐུས་གྲངས་ ༢༢ ཀྱིས་དགོངས་ཞུ་གནང་པ་དང་། སྤྱི་འཐུས་ ༢ ཀྱི་གནས་སྟངས་གསལ་བོ་མ་ཆགས་པར། ཚོགས་འདུའི་གྲུབ་ཆ་མ་ལོན་པར་ཚོགས་འདུ་འཕར་མ་དེ་ཡང་ཚོགས་ཐུབ་མེད།
༩ ༽ ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་ལས་བཤོལ་གནང་རྗེས་བོད་མི་མང་སྤྱི་འཐུས་དང་ཚོགས་སྒེར་རེ་ཟུང་བཅས་ནས་༧གོང་ས་མཆོག་ལ་ལམ་སྟོན་ཞུ་དགོས་པའི་དགོངས་འཆར་གནང་པ་དང་། ༢༠༢༡།༥།༢༢ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སྟེང་བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༢ པའི་དགོངས་དོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་བཀའ་སློབ་ལན་སྟོན་གནང་སྐྱོང་ཡོང་བའི་མཚན་འཁོད་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་གནང་ཡོད་ཀྱང་། ༢༠༢༡།༥།༢༤ ཉིན་རྒྱུན་ལས་ལྷན་ཚོགས་སྟེང་མཚན་འཁོད་སྙན་ཞུ་འབུལ་རྒྱུ་དེའང་ཕྱིར་འཐེན་གནང་འདུག
༡༠ ༽ བོད་མི་མང་སྤྱི་འཐུས་ ༢༡ གིས་གྲོས་ཆོད་ཡིག་ཨང་ ༣༩ པ་བཅའ་ཁྲིམས་དང་འགལ་བར་ངོས་འཛིན་ཐོག་ཁྲིམས་ཞིབ་པ་རྣམ་པའི་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་པ་དང་། གྲོས་ཆོད་དེ་འཇོག་སྐབས་ཀྱི་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་གཅིག་གིས་རྩ་དགོངས་ཞུས་ཏེ་གྲོས་ཆོད་དེར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་བྱས་ཚུལ་དེའང་རང་བཤིག་ཏུ་ཕྱིན་པ་བཅས་ལ་བརྟེན། ༢༠༢༡།༥།༢༤ ཉིན་གྱི་ཞོགས་པ་ཁྲིམས་ཞིབ་པ་གསུམ་ཀྱིས་ལས་ཁུར་རྒྱུན་སྐྱོང་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ “ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག” ཅེས་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེར་མཇུག་སྐྱོང་བྱ་ཐབས་བྲལ་བའི་གསལ་བསྒྲགས་གནང་ཡོད།
༡༡ ༽ ༢༠༢༡།༥།༢༤ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སྟེང་། བཅའ་ཁྲིམས་དོན་ཚན་ ༤༧ པར་ “ སྤྱི་འཐུས་ཀྱི་དམ་འབུལ། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས།” ཞེས་འཁོད་པའི་དགོངས་དོན་འོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་སྤྱི་འཐུས་ལས་ཡུན་རིང་ཤོས་ཆགས་ཡོད་པ་ལྟར། ཁོང་སྐབས་ ༡༧ པའི་བོད་མི་མང་འདེམས་ཐོན་སྤྱི་འཐུས་ལས་འཁུར་དམ་འབུལ་གྱི་བར་བརྒལ་ཚོགས་གཙོར་སྤྱི་མོས་བསྐོ་བཞག་གནང་ཡོད་པ་ནི། ཁྲིམས་ཞིབ་པ་རྣམ་པས་ལས་འཁུར་རྒྱུན་སྐྱོང་གནང་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཡིག་ཆ་ཨང་ ༣༩ པར་མཇུག་སྐྱོང་བྱ་ཐབས་བྲལ་བའི་གསལ་བསྒྲགས་སྤེལ་རྗེས་ཀྱི་ཁྲིམས་མཐུན་ཐག་གཅོད་དང་པོ་དེ་ཆགས་ཡོད།
༡༢ ༽ ༢༠༢༡།༥།༢༦ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སྟེང་། རྒྱུན་ལས་ཁག་ཅིག་གིས་སླར་ཡང་དེ་སྔའི་ཁྲིམས་འགལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བསྐྱར་སློག་བརྒྱབ་སྟེ། འདེམས་ཐོན་སྲིད་སྐྱོང་གི་ལས་འཁུར་གསང་རྒྱའི་དམ་འབུལ་མཛད་སྒོར་རྒྱུན་ལས་སྐུ་ཚབ་བཅར་རྒྱུ་བཀག་འགོག་བྱས་ཡོད་སྟབས། མདོ་སྨད་རྒྱུན་ལས་གཉིས་དང་དབུས་གཙང་རྒྱུན་ལས་གཅིག་བཅས་ནས་ཐག་གཅོད་དེའི་ཆ་ཤས་ལེན་ཐུབ་ཐབས་བྲལ་ཏེ། རྒྱུན་ལས་ཚོགས་འདུ་ནས་ཕྱིར་ཐོན་ཡོད་པ་མ་ཟད། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བཅའ་ཁྲིམས་དང་འགལ་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ “གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག” ཅེས་གསལ་བསྒྲགས་ཟིན་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་གཙོས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་ཀྱི་ལས་ཁུར་དམ་འབུལ་མཛད་སྒོར་སྤྱི་འཐུས་སྐུ་ཚབ་བཅར་མིན་གྲོས་གླེང་གཏན་འབེབས་ཀྱི་ལམ་སྲོལ་མེད་པ། ལྷག་པར་སྲིད་སྐྱོང་དམ་འབུལ་མཛད་སྒོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆ་ཤས་བཞེས་འཆར་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་སྐུ་ཚབ་བཀག་པ་དེར་གོང་གསལ་སྤྱི་འཐུས་གསུམ་ནས་བཟོད་ཐབས་བྲལ་བའི་གསལ་བསྒྲགས་སྤེལ་ཡོད།
༡༣ ༽ མདོ་སྟོད་འདེམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ཁག་ཅིག་ལ་ཞལ་པར་གནང་བ་དང་། བྱང་ཨ་རི་དང་ཡུ་རོབ་སྤྱི་འཐུས་རྣམ་པར་དངོས་སུ་ཐུག་འཕྲད་གནང་སྟེ། སྐབས་ ༡༧ པའི་སྤྱི་འཐུས་དམ་འབུལ་ཞུ་ཕྱོགས་གྲོས་མོལ་དགོས་པའི་རེ་སྐུལ་ཡང་ཡང་ཞུས་སྐབས། ཁོང་ལ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་རྩོད་ཉོག་སྐབས་བཅུ་བདུན་པའི་ནང་འཁྱེར་ན་ཡག་པོ་མེད་ལུགས་ཞུས་ཀྱང་གསན་འཇོག་མ་གནང་སྟབས། དབུས་གཙང་གི་འདེམས་ཐོན་སྤྱི་འཐུས་སྐུ་ཚབ་ ༢ དང་མདོ་སྟོད་ཀྱི་སྐུ་ཚབ་ ༢། ཆོས་བརྒྱུད་སྐུ་ཚབ་ ༢། མདོ་སྨད་ཀྱི་སྐུ་ཚབ་ ༢། དེ་བཞིན། བྱང་ཨ་རི་དང་ཡུ་རོབ་ཀྱི་སྐུ་ཚབ་ ༡ རེ་བཅས་འདེམས་ཐོན་སྤྱི་འཐུས་ ༡༠ ཡིས་ ༢༠༢༡།༥།༣༡ དང་ ༢༠༢༡།༦།༢ ཉིན་བཅས་སུ་ལྷན་འཛོམས་ཐེངས་གཉིས་གནང་ཐོག དབུས་གཙང་དང་མདོ་སྨད། ཕྱི་རྒྱལ་བཅས་ཀྱི་སྐུ་ཚབ་རྣམས་ཁ་གཅིག་གྲགས་ཐོག་སྤྱི་འཐུས་དམ་འབུལ་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་འགྲོ་དགོས་པ་ལས་གདམ་ཀ་གཞན་མེད་པ་ནན་གྱིས་ཞུས་ཀྱང་། མདོ་སྟོད་དང་ཆོས་བརྒྱུད་སྐུ་ཚབ་ཚོས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་འདོད་མེད་ལུགས་དང་། ༧གོང་ས་མཆོག་གི་སྐུ་པར་མདུན་དམ་འབུལ་ཞུ་རྒྱུ་ཡིན་ཚུལ་གསུངས་ཏེ་ལྷན་འཛོམས་ལ་དོན་འབྲས་གང་ཡང་མེད་པ་ཆགས་ཤིང་། ༢༠༢༡།༦།༤ ཉིན་བྱང་ཨ་རི་དང་ཡུ་རོབ་འདེམས་ཐོན་སྤྱི་འཐུས་རྣམ་པས། དབུས་གཙང་དང་མདོ་སྟོད་སྐུ་ཚབ་གཅིག་རེ་ཆེད་བསྐོང་གནང་ཐོག སྐབས་བཅུ་དྲུག་པའི་རྙོག་གླེང་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམས་ཟུར་དུ་འཛོམས་ཏེ་སེལ་ཐབས་གནང་རྒྱུ་དང་། ཡང་ན། འདེམས་ཐོན་སྤྱི་འཐུས་ཡོངས་ཀྱིས་རང་མོས་ལྟར་བར་བརྒལ་ཚོགས་གཙོ་དང་༧གོང་ས་མཆོག་གི་སྐུ་པར་སོ་སོར་དམ་འབུལ་ཞུ་རྒྱུ་བཅས་ཀྱི་བསམ་ཚུལ་ཙམ་བཤད་པར་ཡང་། སྐབས་དེར་ཕྱོགས་གཉིས་ཀས་མོས་མཐུན་མ་གནང་སྟབས་ལྷན་འཛོམས་སྔ་ཕྱི་ངལ་བ་འབྲས་མེད་ཆགས་ཡོད། ལྷན་འཛོམས་དེ་དག་གི་གནས་ཚུལ་གསར་ལམ་དང་སྤྱི་ཚོགས་དྲ་ལམ་ཐོག་མི་གསུང་རྒྱུའི་ཐག་གཅོད་གནང་ཡོད་ཀྱང་། འདེམས་ཐོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་བཅས་ནས་སྒྲོ་འདོགས་ཀྱིས་བདེན་པ་མིན་པའི་གནས་ཚུལ་མང་དག་ཅིག་གསར་ལམ་ལ་བཤད་ཡོད།
༡༤ ༽ ༢༠༢༡།༦།༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༥༣ སྟེང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་དམ་འབུལ་མཛད་རིམ་ཡིག་ཨང་ ༡༨།༢༠༢༡།༢༨༩༧༦ འབྱོར་བའི་ནང་། “བཀུར་འོས་བདམས་ཐོན་སྤྱི་འཐུས་རྣམ་པ་ཚང་མས་དམ་བཅའ་འབུལ་ཐུབ་ཐབས་སུ་འདི་ནས་མཐུན་འགྱུར་ཞུ་དགོས་བའི་ཕེབས་དོན་བཞིན།” ཞེས་དང་། “༼ ཀ-བར་བརྒལ་ཚོགས་གཙོའི་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུ་རྒྱུ། ༽ དང་། ༼ ཁ-སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུ་རྒྱུ། ༽ གང་གི་འོག་ནས་ཆ་ཤས་བཞེས་རྒྱུ་ཡིན་མིན་གློག་འཕྲིན་བརྒྱུད་དེ་རིང་ཕྱི་དྲོའི་ཚོུད་༨:༣༠ ནང་ཚུན་ལན་གསལ་གནང་སྐྱོང་ཡོང་བ་་་” ཞེས་འཁོད་འདུག་པར་འདེམས་ཐོན་སྤྱི་འཐུས་མང་པོ་ཞིག་ཧང་སང་ཞིང་བློ་ཕམ་སྟེ། དེ་མ་ཐག་སྒེར་སོ་སོས་ཚོགས་དྲུང་ལས་ཁུངས་ལ་ཡིག་ཐོག་ནས། གནང་ཕྱོགས་དེ་བཅའ་ཁྲིམས་དོན་ཚན་ ༤༧ པར་ “ བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌།” ཞེས་འཁོད་པ་དང་རྩ་འགལ་ཆགས་ཡོད་པ་མ་ཟད། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དབང་ཚད་ལས་ཀྱང་བརྒལ་ཡོད་པའི་གསལ་བཤད་ཞུས་ལན་དུ་ཚོགས་དྲུང་ལས་ཁུངས་ནས་ “ད་ཞོགས་འདི་ག་ལས་ཁུངས་སུ་བདམས་ཐོན་སྤྱི་འཐུས་ཁག་ཅིག་ཆེད་ཕེབས་ཀྱིས་གནས་སྟངས་འགྲེལ་བརྗོད་དང་སྦྲགས་ཁོང་རྣམ་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུ་གཏན་འཁེལ་ཡོད་པས་དེ་དོན་དམ་འབུལ་གོ་སྒྲིག་ཞུ་དགོས་ཕེབས་དོན་ལྟར་་” ཞེས་འདེམས་ཐོན་སྤྱི་འཐུས་ཁག་ཅིག་གིས་བཅའ་སྒྲིག་ལམ་སྲོལ་ཡོངས་རྡོག་རོལ་བཏང་ཐོག་ཚོགས་དྲུང་ལས་ཁུངས་ལ་བཀའ་བཏང་བ་ཞིག་ཡིན་པ་ར་འཕྲོད་གསལ་བོ་བྱུང་སྟབས། ༢༠༢༡།༦།༨ ཉིན་གྱི་ཞོགས་པར་འདེམས་ཐོན་སྤྱི་འཐུས་ ༡༨ ཀྱིས་ཚོགས་དྲུང་ལས་ཁུངས་དང་འོས་བསྡུ་ལས་ཁང་། བཀའ་ཤག ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ལ་ཕྱག་ཡིག་ཕུལ་ཏེ། ཚོགས་དྲུང་ལས་ཁུངས་ཀྱི་བཅའ་སྒྲིག་ལམ་ལུགས་ཡོངས་སུ་འགལ་བའི་ལས་རིམ་དེར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། འབྱུང་འགྱུར་དེ་འབྲེལ་གནས་ཚུལ་གང་ཞིག་བྱུང་ཡང་དེའི་འགན་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ལ་བཀའ་གཏོང་མཁན་དང་། ཚོགས་དྲུང་དང་དྲུང་འཕར་བཅས་ནས་འཁུར་དགོས་པའི་གསལ་འདེབས་ཞུས་ཡོད།
༡༥ ༽ ༢༠༢༡།༦།༨ ཉིན་གྱི་ཞོགས་པར་དབུས་གཙང་དང་མདོ་སྨད། བྱང་ཨ་རི་དང་ཡུ་རོབ་བཅས་ཀྱི་འདེམས་ཐོན་སྤྱི་འཐུས་ ༢༡ གིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུས་ཏེ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་ཐོག་སྤྱི་འཐུས་ ༢༡ གི་མཚན་ཐོ་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་འོས་བསྡུ་ལས་ཁང་གིས་བཅའ་ཁྲིམས་དོན་ཚན་ ༤༥ པའི་དགོངས་དོན་འོག སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས། འོས་བསྡུའི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་པ་དང་། ཚོགས་གཙོ་ཚོགས་གཞོན་འོས་བསྡུ་གནང་བར་བཅའ་ཁྲིམས་དོན་ཚན་ ༤༩ པར་ “ སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད།” ཅེས་འཁོད་པ་ལྟར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་དགོས་པར་སོང་། འདེམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་དང་བཅས་ཕྱིར་ཕེབས་རྗེས་སྤྱི་འཐུས་རྣམས་ཀྱང་རང་གནས་སུ་ལོག་དགོས་བྱུང་ཡོད་པ་བཅས།
དབུས་གཙང་སྤྱི་འཐུས་ ༩ དང་མདོ་སྨད་སྤྱི་འཐུས་ ༡༠ ཐུན་མོང་ནས་ ༢༠༢༡།༦།༡༢ ཉིན་ལ།
ཨ་དཀྲུག་དཀྲུག་རིལ་མགོ་དེས།།
བྱ་སྤུ་ཚེ་བརྟན་ཁྲིད་ནས།།
ཚོགས་དྲུང་་བཙན་ད བང་བཏང་ནས།།
བཅའ་ཁྲིམས་རྡོག་བརྫིས་བཏང་སོང་།།
ལུས་ལ་གྱོན་པའི་གྲ་ཆས།
བསྟན་པ་དཀྲུག་པས་རས་གོས།།
ཁོག་ལ་བཅངས་པའི་གཡོ་བྱུས།།
བོད་སྲོག་གཅོད་པའི་བཙན་དུག།།
གོང་གསལ་༢༠༢༡།༦ །༡༢ འཁོད་དབས་གཙང་དང་མདོ་སྨད་འདེམས་ཐོན་སྤྱི་འཐུས་ ༡༩ ཐོུང་ནས་གསར་འགོད་དང་འབྲེལ་བའི་གསལ་བཤད་ཨང་ ༡-༡༥ གནང་བའི་ནང་ཚན་ཨང་ ༦ པའི་ནང་ཁྲིམས་ཞིབ་པ་དང་གཞན་གཉིས་ཀྱི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་ ༢༠༢༡།༤།༡༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱག་ཡིག་སྟོང་པ་ཕུལ་ཚུལ་གསལ་བ་དངོས་བདེན་རེད་མི་འདུག ངས་དྲྭ་ལམ་ནས་མཚན་འཁོད་སྙན་ཞུང་མཐོང་བ་དེ་ལ་ཡིག་ཕྲེང་ ༡༣ དང་དོན་ཚན་གསུམ་ནང་གནས་ཚུལ་སྙིང་བསྡུས་དང་གཤམ་དུ་ཚོགས་མི་གསུམ་གྱི་མཚན་རྟགས་དང་བཅས་ཕུལ་འདུག