ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ཀྱིས་བཙུགས་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་སྤྱི་ཁྱབ་འགན་འཛིན་བཅས་འགན་འཁུར་བ་གཙོ་བོ་ལྔ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
དེ་རིང་ཐོ་རངས་ཙམ་ནས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་བའི་མིང་ཐོག་ནས་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་སྦྲེལ་བྱས་པའི་དོགས་གཞིའི་འོག ད་ལྟ་བཙོན་ཁང་དུ་ཡོད་པའི་ཧོང་ཀོང་གི་ཕྱུག་བདག་དང་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མི་ལའེ་(Jimmy Lai) ལགས་ཀྱི་སྒེར་གཉེར་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ (Apple Daily) གི་ལས་ཁུངས་ལྟེ་བར་ཉེན་རྟོག་པས་སྔོག་བཤེར་བྱས་པ་མ་ཟད། གསར་ལས་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་རེ་ཡན་ལོ་ (Ryan Law)དང་། སྤྱི་ཁྱབ་འགན་འཛིན་ཁྲེང་ཀིམ་ཧང་ (Cheung Kim Hung)། དོ་དམ་འགན་འཛིན་ཁྲོ་ཏེད་ཀུན་ (Chow Tat Kuen)། གཞན་ཡང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་དྲ་ལམ་རྩོམ་སྒྲིག་པ་བཅས་ཁྱོན་འགན་འཁུར་བ་ལྔ་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག་ལ། ཉེན་རྟོག་པ་ ༥༠༠ ལྷག་དེ་རིང་གི་འགུལ་སྐྱོད་དེའི་ནང་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་ཉེན་རྟོག་པ་ ༢༠༠ ལྷག་གིས་ཚགས་པར་ཁང་དེར་སྔོག་བཤེར་བྱས་ཡོད་འདུག
ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཚན་པའི་ཉེན་རྟོག་མགོ་དཔོན་གྱིས་གནད་དོན་དེའི་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་པའི་ནང་། ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཕྱི་ལོ་ ༢༠༡༩ ནས་ད་བར་དབྱིན་ཡིག་དང་རྒྱ་ཡིག་ཐོག་སྤེལ་བའི་རྩོམ་ཡིག་ ༣༠ ལྷག་གི་ནང་། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཧོང་ཀོང་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་པའི་བརྗོད་དོན་བཀོད་ཡོད་པ་དང་། དེ་ནི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གཞིར་བཟུང་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་སྦྲེལ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། ད་ལན་གྱི་འཛིན་བཟུང་དོན་རྐྱེན་དེ་ཧོང་ཀོང་གི་གསར་འགོད་ཚན་པར་འཐབ་རྒོལ་བྱས་པ་ཞིག་མིན་སྐོར་འགྲེལ་བརྗོད་བྱས་ཡོད་ནའང་། སྐུ་ཞབས་ཇི་མི་ལའེ་ཡི་སློབ་སྟོན་པ་མཱག་སི་མོན་ (Mark Simon) གྱིས། ད་ལན་ཉེན་རྟོག་པས་ཆེད་དུ་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་སྡེ་ཚན་ལ་དམིགས་ཡོད་སྐོར་སྐྱོན་བརྗོད་བྱས་འདུག ད་ཐེངས་ཧོང་ཀོང་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད། འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་ཚགས་པར་ཁང་དེའི་ལས་ཁུངས་ལྟེ་བར་སྔོག་བཤེར་བྱས་པ་མ་ཟད། ཇི་མི་ལའེ་དང་ཁོ་པའི་བུ་གཙོས་པའི་ཁྱོན་ལས་བྱེད་ ༡༠ འཛིན་བཟུང་བྱས་ཡོད་པ་མ་ཟད། ཚགས་པར་ཁང་དེའི་གློག་ཀླད་སོགས་ཅ་དངོས་མི་ཉུང་བ་ཞིག་བཙན་འཕྲོག་བྱས་ཡོད་པ་རེད།
དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་འཛུགས་ཤུགས་ཆེར་བྱེད་མཁན་གྱི་ཀུ་ཤུ་ཉིན་རེའིི་ཚགས་པར་ཁང་གསར་འཛུགས་པ་དང་སྦྱིན་བདག་ཇི་མི་ལའེ་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་དང་། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་ཞིང་། འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱིའི་རྒྱལ་ཁབ་དང་ངན་སྦྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདས་ལོའི་ཕྱི་ཟླ་ ༦ པའི་ནང་དངོས་སུ་ལག་བསྟར་མགོ་འཛུགས་བྱས་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དེ། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་ནས་གཏན་འབེབ་ཡོངས་བསྒྲགས་བྱས་པ་ཞིག་ཡིན་ཞིང་། ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་ཧོང་ཀོང་ནང་གི་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་ (Hong Kong extradition Bill) ཞིག་བཏོན་པའི་རྐྱེན་གྱིས་རིམ་པས་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་མི་མང་གི་གཞུང་རྒོལ་ལས་འགུལ་ཞིག་བྱུང་བ་དེར་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེར་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་ལག་བསྟར་བྱས་པ་ནས་བཟུང་ད་བར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ ༡༠༠ ལས་མང་བ་འཛིན་བཟུང་བྱས་ཟིན་པ་མ་ཟད། འདས་པའི་ལོ་གཅིག་ནང་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གཙོས་པའི་ཧོང་ཀོང་གི་སྒེར་གཉེར་ཚགས་པར་ཁང་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱལ་སྤྱིའི་སྟེང་གདེང་འཇོག་མཐོན་པོ་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters without Border) ལྟར་ན། ཕྱི་ལོ་ ༢༠༠༢ ལོར་ཧོང་ཀོང་དེ་འཛམ་གླིང་སྟེང་གི་གསར་འགོད་རང་དབང་ཅན་གྱི་ཨང་རིམ་ ༡༨ པ་དེ་ཡིན་ནའང་། འདི་ལོར་ཧོང་ཀོང་ཨང་རིམ་ ༨༠ ནང་མར་ཟགས་ཡོད་འདུག