ཊོག་ཡོ་ཨོ་རྩལ་འགྲན་ཚོགས་མགོ་འཛུགས་རྒྱུར་ཟླ་བ་གཅིག་ཏག་ཏག་ལས་མེད་པའི་མཚམས་འདིར་ཉི་ཧོང་གཞུང་ནས་འདི་ལོའི་ཨོ་རྩལ་འགྲན་ཚོགས་བསྡུ་ཐུབ་པ་དང་ཏོག་དབྱིབས་གཉན་རིམས་འགོག་སྲུང་བྱེད་ཐུབ་པ་ཞིག་ཡོང་རྒྱུར་སེམས་ཐག་བཅད་འདུག
ཉི་ཧོང་དུ་ཨོ་ལིམ་པིག་འགྲན་ཚོགས་ད་ལྟའི་བསྡུ་ཐུབ་མིན་བརྒྱ་ཆ་བརྒྱ་ངེས་གཏན་མི་འདུག ཊོག་ཡོ་ཨོ་རྩལ་འགྲན་ཚོགས་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༣ ནས་ཟླ་ ༨ ཚེས་ ༨ བར་འཚོག་གཏན་འཁེལ་བ་ཡོངས་བསྒྲགས་བྱས་ཡོད་པ་ལྟར། ད་ལྟ་འགྲན་ཚོགས་བསྡུ་བར་ཟླ་གཅིག་ཏག་ཏག་ལས་མེད་པའི་མཚམས་འདིར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཉི་ཧོང་གི་སྲིད་བློན་ཡོ་ཤི་ཧི་ཌི་སུ་གྷ་( Yoshihide Suga) མཆོག་གིས། ཊོག་ཡོ་ཛ་དྲག་གི་གནས་སྟངས་སུ་འགྱུར་རུང་ལྟད་མོ་བ་མེད་པའི་ཐོག་ནས་འགྲན་ཚོགས་བསྡུ་དགོས་ཡོད་ཅེས་ཁ་མཚོན་བཅད་ནས་བཤད་དཀའ་ནའང་། མི་མང་གི་བདེ་འཇགས་དང་ཉེན་སྲུང་ནི་གལ་གནད་ཆེ་ཤོས་དེ་ཡིན། ཞེས་གསུང་འདུག
ཁེ་ཉིན་ཊོག་ཡོ་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས། ཏོག་དབྱིབས་ཛ་དྲག་གི་གནས་སྟངས་འོག་ལྟད་མོ་བའི་གྲངས་ཚད་བརྒྱ་ཆ་ ༥༠ དང་། ཆེས་མང་ནའང་མི་གྲངས་ ༡༠༠༠༠ ལས་བརྒལ་རྒྱུ་མིན་ལ། ཏོག་དབྱིབས་འགོས་ཁྱབ་སྔོན་འགོག་སླད་དམ་དྲག་རིགས་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཧཱ་སི་མོ་ཊོ་སེ་ཁོ་( Hashimoto Seiko)ལགས་ཀྱིས། ལྟད་མོ་བ་མེད་པའི་ཐོག་ནས་རྩེད་འགྲན་འཚོག་དགོས་སྲིད་པ་དང་། དེ་འདྲ་དགོས་མིན་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ལ་རག་ལས་ཡོད། ཅེས་བརྗོད་ཡོད་པ་རེད།
ཉི་ཧོང་གི་ཏོག་དབྱིབས་གཉན་རིམས་སློབ་སྟོན་པ་གཙོ་བོ་ཤི་ཇི་རུ་ཨོ་མི་( shigeru omi )ལགས་ཀྱིས་ཨོ་ལོམ་པིག་རྩེད་འགྲན་དེར་ལྟད་མོ་བ་མེད་པའི་ཐོག་ནས་འཚོག་ན་མོས་མཐུན་ཡོད་པ་དང་། དེ་ནི་ཏོག་དབྱིས་གཉན་རིམས་ཁྱབ་བརྡལ་མི་འགྲོ་བའི་ཐབས་ལམ་ཡག་ཤོས་དེ་ཡིན། ཞེས་བརྗོད་འདུག དེ་བཞིན་ཏོག་དབྱིབས་སློབ་སྟོན་པ་གཙོ་བོ་དང་སྨན་པ་གཞན་འགའ་ཡིས། གལ་ཏེ་ཨོ་རྩལ་འགྲན་ཚོགས་དེར་ལྟད་མོ་བ་ཡོང་ཆོག་ཚེ། ལྟད་མོ་བ་ཚོར་ཉི་ཧོང་ནང་གི་བྱེད་སྒོ་གཞན་ལས་དམ་དྲག་ཆེ་བ་དགོས་སྐོར་ནན་བསྐུལ་བྱས་འདུག
ཨོ་ལིམ་པིག་རྩེད་འགྲན་འཚོག་མིན་ཐད་ཉི་ཧོང་གི་མང་ཚོགས་ཁྲོད་དུ་དྲང་ལྡོག་གཉི་ཀའི་བསམ་ཚུལ་མང་པོ་ཡོང་གི་ཡོད་འདུག བདུན་ཕྲགཏ་སྔོན་མའི་རེས་གཟའ་ལྷག་པར་ཨོ་ལིམ་པིག་གི་དྭང་བླང་མི་མང་ ༨༠༠༠༠་ནས་༡༠༠༠༠་གིས་ཨོ་རྩེད་མཚམས་འཇོག་དགོས་པའི་མིང་རྟགས་བསྡུ་རུབ་སྟེ་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་འདུག་ལ། ཉི་ཧོང་མང་ཚོགས་ཁྲོད་ཨོ་ལིམ་པིག་འགྲན་ཚོགས་ཀྱིས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་རུ་བཏང་སྟེ། ཉི་ཧོང་གི་སྨན་བཅོས་གནས་སྟངས་ཛ་དྲག་གི་གནས་སུ་ལྷུང་རྒྱུ་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་འདུག་ལ། ད་ལྟ་འཛམ་གླིང་ནང་འགོག་ཁབ་བརྒྱབ་པའི་མི་འབོར་མང་ཤོས་ཆི་ལི་སྤྱི་མཐུན་ཁབ་དང་། ཡུ་རོབ། ཨ་རི་སོགས་གཙོ་བོར་གྱུར་བའི་འཛམ་གླིང་མི་གྲངས་དུང་ཕྱུར་ ༢།༧༡ ཡས་མས་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་ཡོད་འདུག ཉི་ཧོང་ནང་ཆ་བཞག་ན། ཁ་སང་ཕྱི་ཚེས་ ༢༢ ཉིན་ཏོག་དབྱིབས་ནད་པ་གསར་པ་ ༡༠༡༡ དང་མི་ ༣༡ འདས་གྲོངས། ད་ལྟ་གཉན་རིམས་ཀྱིས་མནར་བཞིན་པ་ ༡༩༤༡༧ ལྷག་ཡོད་འདུག་ལ། ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ཀྱིས་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་༧.༧ ཙམ་ལས་ཟིན་གྱི་མེད་སྟབས། སྤྱི་དམངས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཐོག་ཞན་ཆ་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཡིན་པའི་སྐྱོན་བརྗོད་ཡོང་གི་ཡོད་འདུག
ཊོག་ཡོ་ཨོ་རྩལ་འགྲན་ཚོགས་དེ་ ༢༠༢༠ ལོའི་ཟླ་ ༧ཚེས་༢༤ནས་ཟླ་བ་༨ཚེས་༩་བར་འཚོག་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་པའི་རྐྱེན་གྱིས། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཚོགས་དང་། ཊོག་ཡོ་ཨོ་རྩལ་གོ་སྒྲིག་ཚོགས་ཆུང་གཉིས་ཀྱིས་ ༢༠༢༠ ལོའི་ཨོ་རྩལ་འགྲན་ཚོགས་དེ་ལོ་གཅིག་ཕྱིར་འགྱང་གནང་དགོས་ཁེལ་ཡོད་འདུག ཉི་ཧོང་གིས་ཕྱི་ལོ་ ༡༩༦༤ དང་ ༡༩༧༢། ༡༩༩༨ བཅས་ཨོ་རྩལ་འགྲན་ཚོགས་ཐེངས་གསུམ་གོ་སྒྲིག་གནང་ཟིན་ཡོད་པ་དང་། ད་ལོ་ཐེངས་བཞི་པ་དེ་ཆགས་ཡོད་འདུག ཕྱི་ལོ་ ༡༩༤༠ ལོའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དེ་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་འཚོག་འཆར་བྱས་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་བྱས་ཏེ་ཚོགས་ཐུབ་མེད་པ་རེད།
དཔལ་ལྡན།