༧གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་བཀའ་ཤག་གི་གསུང་འཕྲིན་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལ་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་ཞུས་ཏེ་ལྷ་དགོངས་འཁྲུག་གཞིའི་ལས་ངན་མི་གསོག་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དོན་མེད་ཁ་འཛིང་དང་ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར་སྤྱི་ཚོགས་བདེ་དོན་ལ་བསམ་ཤེས་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསེར་ལྟ་བུའི་གོ་སྐབས་དམ་འཛིན་དགོས་སྐོར་གསུངས་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་སྲུང་གཙིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པའི་ཐོག མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་མཆོག་གི་དབུས་མཛད་གཙོ་རྣམ་པ་བཅས་ཕེབས་འདུག ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་སྦྲེལ་པོ་བཅས་རྒྱུན་ལས་བསྐོ་བཞག་བྱུང་མེད་པར་བརྟེན། དེ་རིང་གི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཀྱི་གཞུང་འབྲེལ་གསུང་འཕྲིན་མི་འདུག
མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་ལོའི་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། ཡངས་པའི་འཇིག་རྟེན་སྤྱི་དང་བྱི་བྲག་བོད་མིའི་འཕྲལ་ཕུགས་ཀྱི་ཕན་བདེ་མཐའ་དག་ས༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྩེ་ཆེན་མཛད་འཕྲིན་དང་། སྐུ་ཆེ་བསྐལ་བརྒྱར་རྟག་ཏུ་བརྟན་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལ་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་ཞུས་ཏེ། ལྷ་དགོངས་འཁྲུག་གཞིའི་ལས་ངན་མི་གསོག་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དོན་མེད་ཁ་འཛིང་དང་། ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར་སྤྱི་ཚོགས་བདེ་དོན་ལ་བསམ་ཤེས་དང་། ད་ལྟའི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསེར་ལྟ་བུའི་གོ་སྐབས་དམ་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་རས་དུས་རྟག་ཏུ་ཡིད་ལ་ཤར་བའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་ཡིན་པ་གདོན་མི་ཟ་བས། རང་ཅག་ཚང་མས་ཁེ་ཉེན་དགེ་སྡིག་གི་སྤང་བླང་ཚུལ་བཞིན་གནང་སྐྱོང་གི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ཡང་གསུང་འཕྲིན་ནང་། ད་ཆ་ལས་ངན་སྨོན་ལམ་ལོག་པ་རེ་ཟུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་ལན་ལོག་འཇལ་གྱིས་གཞི་མེད་སྒྲོ་སྐུར་མངོན་སུམ་འཛེམས་མེད་དུ་ཡོང་བཞིན་པ་འདི་དག་ནི། དེ་སྔོན་ཡང་དང་ནན་གྱིས་བརྗོད་ཟིན་པ་ལྟར་ཡན་པོར་མི་གཏོང་བར་མ་ཟད། མཐའ་གཅིག་ཏུ་གདོང་ལེན་བྱ་རྒྱུ་དང་། གཞུང་བསྟེན་དགྲ་ལྷའི་གཙོ་བོ་སྲུང་མ་དམར་ནག་གཉིས་ཀྱིས་གཙོས་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན་རྣམས་ཀྱིས་ཀྱང་ལས་ངན་འདི་དག་གི་བསམ་ངན་སྦྱོར་རྩུབ་མི་མངོན་དབྱིངས་སུ་ཉེ་བར་ཞི་བའི་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་འཕྲིན་བསྐུལ་ཡང་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན། ཞེས་དང་། ང་ཚོ་ཚང་མས་ཁ་གཏད་ངོ་ངོས་ཟིན་པའི་ཐོག་ནས་རང་གཞན་རོགས་གསུམ་གྱི་མི་མཐུན་པའི་ཆ་རྣམས་གོ་བསྡུར་སྦྱངས་བཤད་ཀྱི་ལམ་ནས་མཐུན་པ་བཟོས་ཏེ། རྩ་དོན་དང་སྤྱི་པའི་བདེ་དོན་ཐོག་ཚང་མའི་ནུས་པ་མཉམ་སྤུངས་བྱ་རྒྱུ་ནི། ལོ་རྒྱུས་ཀྱིས་བཙན་བྱོལ་བོད་མི་ཚོར་བཀུར་བའི་ལས་འགན་ལྡོག་ཏུ་མེད་པ་དེ་ཡིན། རྒྱུ་མཚན་ནི་ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་མི་རབས་ཤིག་ཡིན་པ་ལས། ལྟོ་གོས་གཏམ་གསུམ་འཚོལ་སྒྲུབ་བྱེད་མཁན་ཞིག་མིན་པས། འཐབ་རྩོད་ཀྱི་གོང་བུའི་ནུས་ཤུགས་གཅིག་ཏུ་བསྒྲིལ་སླད་ཚང་མས་རང་ནུས་གང་ཡོད་སྤྱི་དོན་ཐོག་མཉམ་སྤུངས་གནང་རྒྱུ་ནི་ང་ཚོའི་འཐབ་རྩོད་ནུས་ལྡན་འབྱུང་བའི་གཞི་རིམ་གྱི་དགོས་མཁོ་ཞིག་ཡིན།
དེ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ རིང་སྐུ་ངལ་ཚད་མེད་བསྐྱོན་ནས་མང་གཙོའི་གོམ་སྟབས་བཞི་ལ་བརྟེན་ནས་གསར་འཛུགས་དང་འཐུས་ཚང་བཟོས་པའི་སྒྲིག་འཛུགས་འདི་ནི། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་སྒྲིག་འཛུགས་ཤིག་ཡིན་ལ། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་སྒྲིག་འཛུགས་འདི་ཁ་ལོ་བསྒྱུར་དགོས་པ་དང་། སྒྲིག་འཛུགས་འདིའི་སྒྲུབ་བྱ་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་ཁེ་ཕན་ཡིན་པས། སྒྲིག་འཛུགས་འདི་ཚགས་ཚུད་ཡར་རྒྱས་ཡོང་བ་ལ། གང་ཟག་གིས་དབང་བསྒྱུར་མ་ཡིན་པར། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་ཤིང་། ཁྲིམས་ཀྱིས་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་གྱི་དམ་བཅའ་དང་པོ་དེ་ཡིན་ཞེས་གསལ་བསྒྲགས་རིམ་པར་ཞུས་ཟིན་པ་ཡིན་སྟབས། རྩ་དོན་འདི་དང་འགལ་བའི་ཆ་གང་ལའང་གོམ་བཤོལ་དང་། བསྟུན་འགྲིག་གི་ལམ་ཁ་བཙལ་ན་མང་གཙོའི་གཞི་རིམ་ལྟ་གྲུབ་དང་འགལ་བ་མ་ཟད། མིང་དོན་མཚུངས་པའི་མང་གཙོ་ཡོང་ཐབས་མེད། ཅེས་གསུངས་འདུག
མཛད་སྒོའི་སྟེང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་གྲངས་ ༦ ལ་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་སོང་། འདི་ལོར་གཟེངས་རྟགས་ཐོབ་པའི་ཁྲོད་དུ། ཨོ་གླིང་གི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བདེ་སྐྱིང་ཁང་གསར་དོན་གྲུབ་ཚེ་རིང་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་བསམ་ཁང་ཚེ་རིང་ལྷ་མོ་ལགས། བཀའ་དྲུང་ཡིག་ཚང་གི་ལས་བྱ་ཚུལ་ཁྲིམས་རྡོ་རྗེ་ལགས་བཅས་ཡིན་འདུག དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འགན་འཛིན་སྡེ་ཚན་ཁོངས་ནས་མོན་གྷོ་ས་གནས་མགོ་འཛིན་དྲུང་གཞོན་ཆུ་བསམ་ལྷག་པ་ཚེ་རིང་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་ལྡི་ལི་ས་གནས་མགོ་འཛིན་སྡེ་འགན་ཕུན་ཚོགས་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ལ་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཕུལ་གནང་སོང་། ད་ལན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་གསོལ་འདེབས་ཞུས་པ་ལྟར། ༸ས་སྐྱ་ཁྲི་འཛིན་མཆོག་དང་། ༸རྒྱལ་དབང་ཀརྨ་པ་མཆོག དགའ་ལྡན་ཁྲི་པ་མཆོག སྨན་རི་ཁྲི་འཛིན་མཆོག ཇོ་ནང་རྒྱལ་ཚབ་མཆོག འབྲི་གུང་སྐྱབས་མགོན་མཆོག རྒྱལ་དབང་འབྲུག་པ་མཆོག་བཅས་ནས་བརྙན་ལམ་དང་ཡིག་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག
དེ་རིང་སང་ཉིན་བཞུགས་སྒར་དྷ་ས་གཙོས་པའི་འཛམ་གླིང་གི་བོད་མི་འདུས་སྡོད་ཁུལ་ཚང་མའི་ནང་བོད་མི་སོགས་དད་ལྡན་དོན་གཉེར་ཅན་མང་པོས་རྣམ་པ་འདྲ་མིན་གྱི་ཐོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་དང་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོར་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ལྔ་ཐུན་མོང་གིས་རྒྱལ་བའི་ཕོ་བྲང་གི་ཉེ་འདབས་ལྷ་རྒྱལ་རི་ལ་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་།