རྒྱ་ནག་དབུས་གཞུང་ནས་མགོ་ལོག་ཁུལ་གྱི་སྒེར་གཉེར་སློབ་གྲྭ་བདུན་སྒོ་བརྒྱག་དགོས་པའི་བཀའ་ཕབ་ཡོད་པ་ལྟར། ད་ལྟའི་ཆར་སྒེར་གཉེར་སློབ་གྲྭ་གཅིག་སྒོ་བརྒྱབ་ཟིན་པའི་གནས་ཚུལ་ཞིབ་ཕྲ་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཤེས་རྟོགས་བྱུང་།
མགོ་ལོག་ཁུལ་གྱི་སྒེར་གཉེར་སློབ་གྲྭ་བདུན་སྒོ་བརྒྱག་པར་མི་སྣ་གཉིས་ཆེད་བསྐོས་བྱས་ཏེ་ལས་མགོ་བརྩམས་ཟིན།
རྒྱ་ནག་དབུས་གཞུང་ནས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཅན་ཅིན(王建军)ལ་ཐད་ཀར་ལག་བསྟར་གྱི་བཀའ་མངག་བཏང་སྟེ། མགོ་ལོག་ཁུལ་དུ་དམངས་སྒྲུབ་སློབ་གྲྭ་དང་། ལྷག་པར་དུ་བླ་མ་དང་སྤྲུལ་སྐུས་བཙུགས་པའི་སློབ་གྲྭ་མང་པོ་ཡོད་པ་དང་། སྤྱིར་བཏང་བླ་མ་གྲྭ་ཚང་གིས་ཆོས་སྒྲུབ་དགོས་པ་དང་། སློབ་གྲྭ་ནི་སྲིད་གཞུང་གི་སྒྲུབ་བྱ་འབའ་ཞིག་ཡིན་པས་ཆོས་སྲིད་གཉིས་ངེས་པར་དུ་སོ་སོར་ཕྱེ་དགོས་སྐོར་བརྗོད་དེ། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ། དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་དགོས་པའི་ཐག་གཅོད་བྱས་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣ ཉིན་དམར་ཤོག་དྲུང་ཆེ་ཝང་ཅན་ཅིན་གྱིས་ཚོགས་འདུ་བསྐོངས་ཏེ་མགོ་ལོག་ཁུལ་གྱི་ཁུལ་དཔོན་མི་གཉིས་ལས་དོན་དེའི་ཆེད་དུ་བསྐོས་བཞག་བྱས་ཡོད་འདུག
རྒྱ་ནག་དབུས་གཞུང་གི་དེ་འབྲེལ་གྱི་བྱ་རིམ་བཀའ་རྒྱའི་ནང་དུ། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༥ བར་ཆེད་བསྐོས་མི་སྣས་སློབ་གྲྭ་ཁག་སྒོ་རྒྱག་པར་གྲ་སྒྲིག་གི་བྱ་རིམ་ཆ་ཚང་བ་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་དང་། ཕྱི་ཟླ་ ༠༦ ཚེས་ ༠༡ ནས་ ༠༧ ཚེས་ ༡༥ བར་སློབ་གྲྭ་སོ་སོ་སྒོ་བརྒྱག་རྒྱུ་དངོས་སུ་ལག་བསྟར་དགོས་པ། ཕྱི་ཟླ་ ༠༩ ཚེས་ ༠༡ ནང་ཚུད་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་སྒོ་བརྒྱག་ཚར་བ་བྱས་ཏེ་ ༩ ཚེས་༡ ནས་དབུས་གཞུང་གི་ཆེད་མངགས་མགོ་ཁྲིད་ཚོས་དངོས་སུ་ལྟ་ཞིབ་བྱས་ཏེ་དྭང་ལེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག
ས་གནས་ཀྱི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་གནང་སྐབས། སློབ་གྲྭ་དེ་དག་གི་སློབ་མ་རྣམས་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་འགྲོ་དགོས་ཀྱི་ཡོད་པ་དང་། འདོད་མོས་ཡོད་ཚེ་དགེ་རྒན་རྣམས་ཀྱང་གཞུང་གཉེར་སློབ་གྲྭ་ཁག་ཏུ་བགོ་འགྲེམས་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།
སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དངོས་སུ་སྒོ་བརྒྱབ་ཟིན།
ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ དང་ ༦ གཉིས་སུ་དར་ལག་རྫོང་སྲིད་གཞུང་གི་དམར་ཤོག་རྒྱུན་ལས་ཀྱི་ཚོགས་འདུ་བསྡུས་པ་དང་། དེ་ནས་ས་གནས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་བསྡུས་ཏེ་སྔ་རྗེས་ཀྱི་རྒྱུན་ལས་གཉིས་ནས་དབུས་གཞུང་གི་བཀའ་བཀོད་ལ་མོས་མཐུན་ཡོད་པའི་སྙན་ཞུ་བཏང་། ཕྱི་ཟླ་ ༥ ཚེས་ ༨ ཉིན་དར་ལག་རྫོང་དམར་ཤོག་རྒྱུན་ལས་དང་རྫོང་སྲིད་གཞུང་གཉིས་ནས་སྐུ་མཁར་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པའི་བཀའ་རྒྱ་དང་པོ་དེ་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་སུ་འབྱོར་ཡོད་འདུག་ལ། མཁན་པོ་ལགས་ནི་སློབ་གྲྭ་དེ་གསར་འཛུགས་གནང་མཁན་གྲས་ཡིན་འདུག དེ་ནས་མཁན་པོ་ལགས་ཀྱིས་དུས་ཡུན་གང་ཙམ་རིང་གོང་རིམ་གྱི་བཀའ་རྒྱ་དེ་ཕྱི་ལ་མ་བསྒྲགས་པའི་ཐོག་ནས་སློབ་གཙོ་ཀུན་སྐྱབས་དང་ཁོང་གཉིས་ནས་སྔ་གཞུག་ཏུ་ཐེངས་ལྔར་རྫོང་སྲིད་གཞུང་ལ་ཡར་ཞུ་གནང་སྟེ། སློབ་གྲྭ་དེས་ད་ལྟ་བར་དུ་རྒྱལ་ཁབ་ཀྱི་བཀའ་བཞིན་རིག་གནས་སློབ་གསོའི་བྱ་བཞག་ལ་ཧུར་ཐག་བྱེད་བཞིན་ཡོད་ལ། ཁྲིམས་དང་འགལ་བའི་བྱ་བ་སྣ་གཅིག་ཀྱང་སྤེལ་མྱོང་མེད་སྐོར་དང་། མུ་མཐུད་སློབ་གྲྭ་དེ་གནས་ཐུབ་དགོས་པའི་གལ་ཆེའི་རང་བཞིན་དང་། ཁྱིམ་བདག་དང་སློབ་མའི་རེ་བ་སོགས་ཡར་ཞུ་གནང་བ་མ་ཟད། གལ་སྲིད་དེ་ལྟར་གནང་བར་མོས་མཐུན་མེད་ཚེ། སློབ་གསོའི་ལམ་ལུགས་རང་འཁུར་རང་བདག་གི་ཐོག་གཏོང་ཆོག་པའི་རེ་བ་ཞུས་ཡོད་ཀྱང་། རྫོང་སྲིད་གཞུང་གི་མི་སྣས་ཐག་གཅོད་དེ་ནི་རྒྱ་ནག་དབུས་གཞུང་ནས་བཏང་བའི་བཀའ་རྒྱ་ཞིག་ཡིན་ལ། གོང་མའི་བཀའ་འོག་མས་བསྒྲུབ་རྒྱུ་དེ་འོས་འགན་པས། ཐག་གཅོད་ལ་འགྱུར་བ་འགྲོ་ངེས་མ་རེད་ལ། དུས་ཚོད་ལའང་འགྱུར་བ་འགྲོ་ཐབས་མེད་སྐོར་བརྗོད་དེ་ཕན་འབྲས་གང་ཡང་སོན་མེད་པ་མ་ཟད། དར་ལག་རྫོང་དམར་ཤོག་དྲུང་ཆེ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཉིས་ཀྱིས། བཀའ་འདི་ང་ཚོས་མ་སྒྲུབ་ན་ང་ཚོ་ཁྲིམས་དང་འགལ་འགྲོ་བ་དང་། ཁྱེད་ཚོས་མ་སྒྲུབ་ན་ཁྱེད་ཚོ་ཁྲིམས་དང་འགལ་འགྲོ་རྒྱུ་ཡིན་པས། ཁྲིམས་འགལ་ནག་ཉེས་རིགས་འགེལ་མི་དགོས་པར་རང་འགན་རང་འཁུར་གྱི་ཐོག་ནས་དྭང་དུ་བླངས་ན་ལེགས་པའི་ལམ་བསྟན་པ་ལྟར་སྒོ་བརྒྱབ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭའི་བགྲང་བྱ་ ༢༣ རིང་གི་བྱ་བའི་སྤྱི་བསྡོམས་དང་ཞལ་གྱེས་ཁའི་ཚོགས་འདུ་ཞེས་པའི་དགེ་སློབ་དང་ཁྱིམ་བདག་རྣམས་ལྷན་འཛོམས་ཀྱི་སློབ་ཕྲུག་མཐར་ཕྱིན་དང་སློབ་གྲྭ་སྒོ་རྒྱག་པའི་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་ཆུ་ཚོད་གཅིག་ལྷག་རིང་གསུང་བཤད་ཅིག་གནང་སྐབས་ཁོང་གིས། སྐུ་མཁར་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་ད་ལོར་མཇུག་རྫོགས་དགོས་པའི་རྒྱུ་མཚན་དེ་ཚང་མས་གསལ་པོ་ཤེས་ཀྱི་ཡོད་པ་དང་། སློབ་གྲྭ་ཞིག་བསྡུས་ན་བསྡུ་ལུགས་ཤིག་དང་། སྟོང་ན་སྟོང་ལུགས་ཤིག བསྒྱུར་ན་སྒྱུར་ལུགས་ཤིག་ཡོད་དགོས་ཀྱང་། དར་ལག་རྫོང་ཁོངས་སུ་སློབ་གྲྭ་ཁག་བཅུ་གཉིས་ཡོད་པའི་ཁྲོད་ནས་སེང་འབྲུག་སྟག་རྩེའི་སློབ་གྲྭ་དགེ་རྒན་གྱི་དཔུང་སྡེ་དང་སློབ་གསོ་སོགས་ཕྱོགས་ཀུན་ནས་ཤིན་ཏུ་དར་རྒྱས་འབྱུང་བཞིན་པའི་དུས་སྐབས་འདིར་རྒྱག་དགོས་པའི་དུས་ཀྱི་དཀྱོག་མཚམས་ཤིག་ཏུ་བསླེབས་ཡོད་ལ། སྐབས་འདིར་དགེ་སློབ་དང་ཁྱིམ་བདག་ཚང་མ་དགའ་དགོས་པ་ཞིག་ལ་ད་བར་དུ་ཤེས་ཡོན་སློབ་གསོའི་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་རག་སྟེ་སློབ་ཕྲུག་རྣམས་ཀྱིས་སློབ་གླིང་གསར་པ་འགྲིམ་རན་པ་དང་། སྐྱོ་དགོས་པ་ཞིག་ལ་མ་ཡུམ་སློབ་གླིང་གི་སློབ་གསོའི་བྱ་བ་མཚམས་འཇོག་དགོས་བྱུང་བར་བརྟེན། ཁྱིམ་བདག་རྣམས་སེམས་འཁུར་ཆེ་ཞིང་སློབ་མ་རྣམས་རང་དབང་མེད་པར་མིག་ཆུ་ཤོར་བཞིན་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་འདུག
སེང་འབྲུག་སྟག་རྩེའི་སློབ་གྲྭ་ཅིའི་ཕྱིར་སྒོ་བརྒྱབ་པ།
ཞལ་གྱེས་པའི་ཚོགས་འདུའི་ཐོག་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས། ཏང་ཀྲུང་དབྱང་གི་ལས་སྒྲུབ་རུ་ཁག་དེ་ས་གནས་སོ་སོར་སྐྱོད་དེ། ཏང་ཀྲུང་དབྱང་གི་དངོས་ཐོག་བདེན་འཚོལ་གྱི་བྱ་བར་ཞིབ་ཅིང་ཕྲ་པོ་ལྟ་རུ་བསླེབས་སྐབས། ཞིང་ཆེན་སོ་སོའི་ནང་ལག་བསྟར་ཅུང་ཙམ་ཐེབས་མེད་སའི་གནད་འགག་གི་ས་ཆ་དེ་མཚོ་སྔོན་ཞིང་ཆེན་རེད། འོན་ཀྱང་རང་སྐྱོང་ཁུལ་ནང་དུ་ཆེས་ལག་བསྟར་ཐུབ་མེད་ས་དང་བྱ་བཞག་གིས་འདང་མེད་ས་དེ་མགོ་ལོག་རེད། མགོ་ལོག་ལ་བྱ་བཞག་སྣ་ཁ་གཉིས་ཀྱི་ཐོག་ནས་འདང་གི་མེད་པ་རེད། དེ་རིང་ངས་སྣ་ཁ་གཅིག་དེ་བཤད་ཀྱི་མིན། མགོ་ལོག་ནང་དམངས་སྒྲུབ་སློབ་གྲྭ་དང་། ཁྱད་པར་དུ་བླ་མ་དང་སྤྲུལ་སྐུས་བསྒྲུབས་པའི་སློབ་གྲྭ་མང་པོ་ཡོད་པ་རེད། ཆོས་སྲིད་གཉིས་ལོགས་སུ་ཕྱེས་ནས་རིག་གནས་དེ་རིག་གནས་བྱས། ཆོས་དེ་ཆོས་བྱས། བླ་མ་གྲྭ་ཚང་གིས་ཆོས་སྒྲུབ། ཆོས་པ་འདུག་ས་དེ་དགོན་པ་རེད། རིག་གནས་དེ་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་གཉེར་འབའ་ཞིག་སྒྲུབ་རྒྱུ་དེ་ཡིན་ཟེར་གྱི་ཡོད་པ་རེད། ད་ཐེངས་འདང་མེད་སའི་མགོ་ལོག་གི་སློབ་གྲྭ་བདུན་ལ་ད་ལོར་བསྒྱུར་བཅོས་བྱ་དགོས་ཟེར་བ་དེ་རེད། རྨ་ཆེན་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས། དར་ལག་སེང་འབྲུག་སྟག་རྩེའི་སློབ་གྲྭ་བཅས་སློབ་གྲྭ་བདུན་པོ་འདི་དག་མཐའ་གཅིག་ཏུ་བསྒྱུར་བཅོས་བྱ་དགོས་ཟེར་གྱི་ཡོད་པ་རེད། སྐད་ཆ་དེ་ཏང་ཀྲུང་དབྱང་གིས་རྩྭ་མི་ཤིང་མི་ཞིག་ལ་འགན་བཞག་པ་ཞིག་མ་རེད། བྱ་བ་འདི་ཏང་ཀྲུང་དབྱང་གིས་གཏད་པ་རེད། ཅེས་བརྗོད་འདུག
གཞན་ཡང་། སློབ་གྲྭའི་བགྲང་བྱ་ ༢༣ རིང་གི་བྱ་བའི་སྤྱི་བསྡོམས་དང་ཞལ་གྱེས་ཁའི་ཚོགས་འདུ་དེའི་ཐོག་སློབ་གྲྭ་དེ་གསར་འཛུགས་གནང་མཁན་གྲས་ཐུབ་ནོར་རིན་པོ་ཆེ་ཕེབས་ཐུབ་མེད་ཀྱང་། དགེ་སློབ་དང་ཁྱིམ་བདག་རྣམས་ལ་གསུང་འཕྲིན་ཐུང་ངུ་ཞིག་གནང་ཡོད་པ་དེ་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་ནས་ཀློག་འདོན་གནང་བའི་ནང་། འདས་པའི་ལོ་ངོ་ ༢༣ རིང་ངལ་བ་དཔག་ཏུ་མེད་པ་ཁྱད་དུ་བསད་དེ་སློབ་གསོའི་བྱ་བཞག་ཐད་ངོ་གནོང་མི་དགོས་པའི་གཞན་ཕན་གྱི་ལས་དོན་བསྒྲུབས་ཐུབ་ཡོད་པ་དང་། ད་ལྟ་དུས་ཀྱི་དཀྱོག་མཚམས་ཤིག་ལ་བསླེབས་ཏེ་རྔ་སྐད་ལ་ཉན་ནས་འཆམ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་ཀྱང་། ཚང་མས་ལྷག་བསམ་གཙང་མའི་ཐོག་ནས་གཞན་ཕན་གྱི་ལས་ལ་གཞོལ་བ་ཡིན་ན། སླར་ཡང་མདུན་ལྗོངས་ལ་འོད་སྣང་འཚེར་བར་ཡིད་ཆེས་ཡོད་ཅེས་གསུངས་འདུག
མགོ་ལོག་ཁུལ་དར་ལག་རྫོང་གི་ཁོངས་སུ་ཡོད་པའི་སྐུ་མཁར་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་ནི། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༥ ཉིན་མགོ་ལོག་ཁུལ་སྲིད་གཞུང་དང་དར་ལག་རྫོང་སྲིད་གཞུང་གཉིས་ནས་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་ཆོག་མཆན་ཐོབ་པ་བརྒྱུད། ས་གནས་ཀྱི་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་དང་ཐུབ་ནོར་རིན་པོ་ཆེ་རྣམ་གཉིས་ནས་ས་གནས་བོད་མིའི་སློབ་གསོ་ཡར་སྐུལ་ཆེད་གསར་འཛུགས་གནང་ཡོད་པ་དང་། ཐོག་མར་ཁུལ་དང་རྫོང་སྲིད་གཞུང་ནས་སློབ་འབྲིང་གི་ཆོག་མཆན་སྤྲད་པ་དང་། ཕྱི་ལོ་ ༢༠༠༥ ལོར་དམའ་འབྲིང་གི་ཆོག་མཆན་སྤྲད་ཡོད་འདུག ད་བར་དུ་སློབ་གྲྭ་དེ་ནས་ཁྱོན་སློབ་མ་ ༧༠༠ ལྷག་མཐར་ཕྱིན་ཡོད་འདུག་ལ། སློབ་གྲྭའི་ནང་བོད་ཡིག་དང། རྒྱ་ཡིག ཨང་རྩིས། དངོས་ལུགས། རྫས་འགྱུར། ཆབ་སྲིད། རི་མོ་སོགས་སློབ་ཁྲིད་གནང་ཡོད་པ་མ་ཟད། འཛམ་གླིང་ཡོངས་སུ་སྙན་པའི་གྲགས་པ་འབར་ཞིང་། བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་སྙིང་བཅུད་དུ་གྱུར་བའི་གླིང་གེ་སར་གྱི་ལོ་རྒྱུས་སྐོར་ལ་ཆེད་སྦྱོང་གནང་སྟེ། བོད་རིགས་རྒྱ་ཆེ་མང་ཚོགས་དང་ས་གནས་སྲིད་གཞུང་སོགས་ནས་སྔ་གཞུག་ཏུ་བསྔགས་བརྗོད་དང་དགའ་མགུ་ཆེན་པོ་ཐོབ་ཡོད་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ནས་ཉིན་གྲངས་གཉིས་རིང་། རྒྱ་ནག་དམར་ཤོག་ཚོགས་པའི་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དེ་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་བསྡུས་ཏེ། ཞི་ཅིན་ཕིང་གིས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱ་ནག་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་སྐོར་སོགས་བརྗོད་དེ་བོད་ལ་སྔར་ལས་དམ་དྲག་དང་དོགས་ཟོན་གྱི་ལས་དོན་མང་དག་ཅིག་སྤེལ་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད་ལ། ཉེ་བའི་ལོ་ཤས་ནས་བཟུང་བོད་ནང་གི་ཤེས་ཡོན་སློབ་གསོའི་སྡེ་ཁག་དང་ཤེས་ཡོན་པའི་སྡེ་ལའང་སྔར་ལས་དམ་དྲག་བྱས་ཏེ། རྒྱ་བསྒྱུར་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་དང་གཏོང་བཞིན་ཡོད། བོད་ཀྱི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་བཅས་ཀྱི་ལྟེ་གནས་སུ་གྱུར་བའི་དགོན་པ་ཁག་དང་དགེ་འདུན་པའི་སྡེ་ནས་དབྱར་གནང་དགུན་གནང་གི་སྐབས་སུ་སློབ་མ་ཚོར་ཟུར་སྦྱོང་སྤྲོད་མི་ཆོག་པ་དང་། བོད་ཁུལ་གྱི་བོད་སྐད་ཡིག་ཆེད་གཉེར་གྱི་སྒེར་བཙུགས་སློབ་གྲྭ་ཁག་རིམ་གྱིས་སྒོ་རྒྱག་པའི་སྐད་ཡིག་བཙན་གནོན་གྱི་སྲིད་ཇུས་སྔོན་མ་ནས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད།
གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།