༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོ་མིའི་རིགས་འདི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་སྐྱེས་མ་ཐག་པ་ནས་བྱམས་བརྩེའི་རང་བཞིན་ལྡན་པའི་ཐོག་རྣམ་དཔྱོད་ཡོད་པ་དེ་བེད་སྤྱོད་བྱས་ནས་ཇི་ལྟར་བདེ་སྐྱིད་ལྡན་པའི་མིའི་རིགས་དང་། ཁྱིམ་ཚང་། མི་སྒེར་བཅས་བསྐྲུན་དགོས་པར་བསམ་བློ་གཏོང་དགོས་སྐོར་བཀའ་སློབ་སྩལ།
དེ་རིང་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་ལོན་ཏོན་གྱི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་གི་བདེ་སྐྱིད་ལག་ལེན་ཐོབ་ཐབས་ཀྱི་ལས་འགུལ་ཚོགས་པའི་(Action for Happiness) ཚོགས་གཙོ་སློབ་དཔོན་ལོར་ཌི་རིས་ཆར་ཌི་ལཱ་ཡར་ཌི་ ( Lord Richard Layard )ལགས་དང་། སྤྱི་ཚོགས་ནང་དུ་ལུས་སེམས་ཀྱི་བདེ་ཐང་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་གྱི་ཚོགས་པའི་ངེས་སྟོན་པ་དང་ལྷན་དུ། འཛམ་གླིང་དུ་སྔར་ལས་ལྷག་པའི་བདེ་སྐྱིད་ཇི་ལྟར་སྐྲུན་དགོས་ཚུལ་སྐོར་ལ་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་མཛད་ཡོད་པ་དང་། བགྲོ་གླེང་གི་ཐོག་མར་སློབ་དཔོན་ ( Lord Richard Layard )ལགས་ཀྱིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ང་ཚོས་ནང་སེམས་ཀྱི་སྙིང་རྗེ་དེ་ཇི་ལྟར་གོང་འཕེལ་གཏོང་དགོས་མིན་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར། ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ནང་སེམས་ཀྱི་ཞི་བདེ་དང་དེས་ཀུན་ནས་བསླངས་པའི་བྱམས་བརྩེ་ནི་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པ་དང་། ལྷག་པར་མིའི་རིགས་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པས། སྤྱི་ཚོགས་ལ་བརྟེན་ནས་འཚོ་བ་རོལ་དགོས་པས། ང་ཚོ་གང་ཟག་སྒེར་གཅིག་གི་བདེ་སྐྱིད་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཔེར་ན། ང་ཚོ་མ་ཡི་མངལ་ནས་སྐྱེས་མ་ཐག་མ་ཡིས་བྱམས་བརྩེས་བསྐྱངས་བས་མ་ཡི་བྱམས་བརྩེ་ནི་འཚོ་གནས་ཀྱི་སྙིང་པོར་གྱུར་ཡོད། དེ་ལས་ལྡོག་ནས་མ་ཡི་མངལ་ལས་བཙས་མ་ཐག་པའི་བྱིས་པ་དམར་ཧྲེང་ཞིག་ལ་མ་ཡི་བརྩེ་འདང་མ་ཐོབ་ཚེ། བྱིས་པ་དེ་ཉིད་འཚོ་ཐབས་གཏན་ནས་མེད་པ་རེད། བྱིས་པ་ཞིག་བཙས་པ་ནས་མ་ཡི་འོ་མ་ལ་བརྟེན་ནས་བྱམས་བརྩེས་བསྐྱངས་བ་དང་། དེ་བཞིན་ནང་མི་ཚོས་སེམས་གཤིས་འཇམ་པོས་བསྐྱངས་བས། ང་ཚོའི་རང་གཤིས་ལ་ལྷན་སྐྱེས་ཀྱི་བྱམས་བརྩེའི་འདུ་ཤེས་ཡོད་ནའང། བྱམས་བརྩེའི་ཉམས་ལེན་བྱེད་པར་གེགས་རྐྱེན་མང་པོ་ཞིག་ཡོང་གི་ཡོད་པ་ལས། ངོས་ཀྱིས་བསམ་ན། ང་ཚོའི་སློབ་གསོའི་ལམ་ལུགས་ནི་ནུབ་ཕྱོགས་ནས་དར་བ་ཡིན་པས། སློབ་གསོའི་ཁ་ཕྱོགས་དེ་གཙོ་བོ་ཕྱིའི་དངོས་པོའི་ཡར་རྒྱས་གཙོ་བོར་དམིགས་འབེན་དུ་བཟུང་བ་ཡིན། སྤྱིར་བཏང་སེམས་ཀྱི་བདེ་སྐྱིད་དང་། ཕྱིའི་ལུས་པོའི་བདེ་སྐྱིད་གཉིས་ཡོད་པས། ལུས་སེམས་གཉིས་ཀྱི་ཐད་ནས་བདེ་སྐྱིད་སྐྲུན་པར་ཆོས་ལ་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད། དེར་བརྟེན་ང་ཚོས་སློབ་གྲྭ་དང་མཐོ་སློབ་འགྲིམ་མུས་ཡིན་པའི་སློབ་གཉེར་བ་ཚོར་བྱམས་སྙིང་རྗེ་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་སྤྲད་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད། སློབ་གྲྭ་ཞིག་ལ་མཚོན་ནའང་དགེ་རྒན་གྱི་ཞལ་རས་འཛུམ་གྱིས་ཕྱུག་པ་དང་ཆོབ་ཚ་པོ་ཡོད་མཁན་ཞིག་ཡིན་ན། སློབ་མ་ཚོ་སློབ་གྲྭར་ཡོང་བར་སྤྲོ་སྣང་གིས་ཁེངས་ཐུབ། འོན་ཀྱང་། དགེ་རྒན་ཁོང་ཁྲོ་ཚ་བོ་དང་གདོང་པ་ཀློད་སྡོད་མཁན་ཞིག་ཡིན་ན། སློབ་མ་རྣམས་སློབ་གྲྭར་ཡོང་བར་སྤྲོ་སྣང་མེད་པ་དང་འཚེར་སྣང་སྐྱེས་ཀྱི་ཡོད་པ་རེད། དེ་བཞིན་སེམས་ཅན་རྣམས་ལ་ཕར་བྱམས་ཀྱིས་བསྐྱངས་ཚེ་ཚུར་དགའ་མོས་བྱེད་ཀྱི་ཡོད་པ་རེད། བྱམས་བརྩེ་ནི་སྤྱི་ཚོགས་བདེ་སྐྱིད་སྐྲུན་བྱེད་ཀྱི་གཞི་རྩ་ལྟ་བུ་ཞིག་ཡིན། དེ་ནི་ཆོས་ལུགས་མིན་ལ་ངོས་ནས་གསར་དུ་བཅོས་བཞག་པ་ཞིག་མིན། དེ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་ཡིན་པ་རེད། དེར་བརྟེན་ཤེས་ཡོན་བསླབ་གཞིར་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་གྱི་བསླབ་གཞི་བསྐྱར་སྣོན་བྱ་དགོས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེ་ནི། ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པ་མ་ཡིན་པ། སྤྱི་ཚོགས་ཀྱི་དམའ་ས་དང་། དེ་ནས་སྤྱི་ཚོགས་ཡོངས། རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་གི་སྤྱི་ཚོགས་ཡོངས་ལ་གནས་པའི་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ལྟར། ངོས་ནས་འཛམ་གླིང་གི་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུར་དམ་བཅའ་ཡོད། ང་ཚོ་མི་རིགས་མི་འདྲ་བ་དང་། ཚོན་མདོག་མི་འདྲ་བ་སོགས་ནི་གཞི་རྩའི་ཁྱད་པར་གཉིས་པ་ཡིན་པ་ལས། ང་ཚོ་མི་ཡིན་པ་གཅིག་མཚུངས་ཡིན་པ་རེད་ལ། འཇིག་རྟེན་དུ་ཡོད་པའི་མི་ཐེར་འབུམ་༧ ཚང་མར་གཅིག་འགྱུར་གྱི་འདུ་ཤེས་དགོས་པ་གལ་འགངས་ཆེན་པོ་རེད། ཅེས་གསུངས་སོང་།
སློབ་དཔོན་ལོར་ཌི་རིས་ཆར་ཌི་ལཱ་ཡར་ཌི་ ( Lord Richard Layard ) ལགས་ཀྱིས། རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་ནས་བཟུང་༧གོང་ས་མཆོག་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱང་། དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་གནང་མིན་དང་། ཉིན་ལྟར་ཞལ་རས་འཛུམ་གྱིས་ཁེངས་ནས་བཞུགས་ཀྱི་ཡོད་པ་དེའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་བར། ༧མགོན་པོ་གང་གིས། ང་ཚོའི་རིག་གཞུང་གི་གསེབ་ནས་བརྡོལ་བའི་གོམས་གཤིས་ཤིག་ཏེ། གཞན་ལ་ཕན་མ་ཐོགས་ནའང་གནོད་མི་བྱ་བ་དང་། ལྷག་པར་གཞན་ལ་འཚེ་བ་སྤང་གི་ཡོད་པ་ཡིན། ཕྱོགས་གཅིག་ནས་ང་ཚོ་བོད་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཆགས་ཡོད་དུས། ནང་པ་གཙོས་ཡི་ཤུ། ཁ་ཆེ་སོགས་ཀྱི་ཉམས་ལེན་གཙོ་བོ་ནི་བྱམས་དང་སྙིང་རྗེའི་ཉམས་ལེན་ཡིན་པ་རེད། ངོས་རང་རིག་གཞུང་དེ་འདྲ་ལྡན་པའི་ཁྱིམ་ཚང་དུ་སྐྱེས་པ་དང་། ངོས་ཀྱི་ཡུམ་ཆེན་ནི་བྱམས་བརྩེ་ཅན་ཞིག་ཡིན་པས་རེད། ངོས་རང་༧རྒྱལ་བའི་ཡང་སྲིད་ལ་ངོས་འཛིན་བྱུང་ནས་ལྷ་སར་འབྱོར་རྗེས། སྔར་གྱི་རིག་གཞུང་བཟང་པོའི་བག་ཆགས་དང་། དེའི་སྟེང་དུ་ནང་ཆོས་སོགས་ལ་སློབ་གཉེར་བྱས་པས་ཕན་ཐོགས་ཆེན་པོ་བྱུང་། དེ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བ་དེས་ངོས་ཀྱི་མི་ཚེར་ཕན་ཐོགས་ཆེན་པོ་བྱུང་། རྒྱ་གར་ནི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་ནང་གི་ཆེས་ཆེ་བའི་ཆོས་ལུགས་མང་པོ་ཞིག་འདིར་མཉམ་སྡོད་བྱེད་ཀྱི་ཡོད། དེ་བཞིན་རྒྱ་གར་ནང་ཡོད་པའི་ཆོས་ལུགས་ཕན་ཚུན་བར་ལ་གུས་བརྩི་བྱེད་པའི་གོམས་གཤིས་བཟང་པོ་ཞིག་དང། ལྷག་པར་ངོས་ནི་རྒྱ་གར་གྱི་མགྲོན་པོ་ཞིག་ཡིན་པས། ངོས་རང་རྒྱ་གར་དུ་གནས་སྡོད་བྱེད་པར་སྐྱིད་པོ་དང་བདེ་འཇགས་ཡོད་པ་རེད། ཅེས་དང་། འགྲོ་བ་མིའི་རིགས་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་བཟུང་སྟེ་འཆམ་མཐུན་བྱ་དགོས་པ་ལས། ཆོས་ལུགས་དང་། མི་རིགས་སོགས་དབྱེ་འབྱེད་བྱེད་པའི་དུས་ཚོད་རྫོགས་ཟིན་པས། དངོས་ཡོད་དང་མཐུན་པའི་ཐོག་ནས་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་བཟུང་ནས། ང་ཚོས་མཉམ་རུབ་ཀྱིས་མདུན་སྐྱོད་བྱ་དགོས་པ་རེད། དེང་སྐབས་འཛམ་གླིང་སྤྱི་ཡོངས་ཀྱི་ཚ་དྲོད་འཕེལ་ནས་གནམ་གཤིས་འགྱུར་ལྡོག་འགྲོ་མུས་ཡིན་པས། དེ་ལུགས་ཚང་མས་གཅིག་འགྱུར་གྱི་འདུ་ཤེས་བཟུང་ནས་མཉམ་རུབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཨེ་ལེག་སི་ནོན་ (Alex nunn) ཞེས་པའི་སྐྱེས་པ་ཞིག་གིས། ད་ལྟ་འཛམ་གླིང་འདིར་མི་རིགས་དབྱེ་འབྱེད་དང་གོ་ལའི་གནམ་གཤིས་འགྱུར་འགྲོས་ཀྱིས་མཚོན་པའི་དཀའ་རྙོག་ཇི་སྙེད་ཅིག་འཕྲད་བཞིན་པའི་སྐབས་འདིར་ཡིད་ཞུམ་པའི་ཚོར་བ་སླེབ་ཀྱི་འདུག་པས། གནས་སྟངས་འདི་འདྲའི་འོག་ལ་རང་ཉིད་བྱམས་སེམས་ལྡན་པ་ཞིག་དང་རེ་བ་མི་བརླག་པ་ཇི་ལྟར་བྱ་དགོས་པའི་སྐོར་བཀའ་འདྲི་ཞུས་པར་༧མགོན་པོ་ཁོང་གིས། ང་ཚོ་མིའི་རིགས་འདི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་སྐྱེས་མ་ཐག་པ་ནས་ང་ཚོར་བྱམས་བརྩེའི་རང་བཞིན་ལྡན་ཡོད། དེའི་ཐོག་ང་ཚོ་ལ་རྣམ་དཔྱོད་ཟེར་བ་དེ་ཡོད་པ་རེད། ང་ཚོས་རྣམ་དཔྱོད་དེ་བེད་སྤྱོད་བྱས་ཏེ་ཇི་ལྟར་བདེ་སྐྱིད་ལྡན་པའི་མིའི་རིགས་དང་། ཁྱིམ་ཚང་། མི་སྒེར་བཅས་བསྐྲུན་དགོས་པར་བསམ་བློ་གཏོང་དགོས། གོ་ལའི་གནམ་གཤིས་འགྱུར་ལྡོག་དེ་ང་ཚོའི་སྟངས་འཛིན་ལས་བརྒལ་བ་ཞིག་ཡིན་ནའང་། སྤྱི་ཚོགས་ཐད་ནས་བཤད་ན་ཕན་ཚུན་དབར་གཅེན་གཅུང་གི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉེ་ཆར་འཇར་མ་ནི་གཙོས་པའི་ཡུ་རོབ་ཀྱི་རྒྱལ་ཁབ་རེ་ཟུང་ནང་ཆུ་ལོག་བྱུང་སྟེ་དཀའ་ངལ་ཆེན་པོ་འཕྲད་སྐབས། མི་མང་རྣམས་མར་ཐོན་ཏེ་ཕན་ཚུན་ལ་རོགས་རམ་བྱས་པ་རེད། དེ་ནི་མིའི་རིགས་ཀྱི་རང་བཞིན་ཁྱད་དུ་འཕགས་པ་ཞིག་རེད། དེར་བརྟེན་ང་ཚོས་རང་གི་རྣམ་དཔྱོད་དེ་བྱམས་བརྩེ་དང་ཟུང་འབྲེལ་བྱས་ཏེ། ང་ཚོས་སྔར་བས་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ངེས་རེད་བསམ་གྱི་འདུག ཅེས་གསུངས་སོང་།
བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་རྰ་ཧི་ན་ཧཱ་རི་ལཱ(Rehena harilall) ཡིས། ༧གོང་ས་མཆོག་དང་ཡི་ཤུ་ཆོས་དཔོན་ཀྲུ་ཀྲུ་གཉིས་ཆོོས་ལུགས་ཐ་དད་ཡིན་ཡང་། གྲོགས་འདྲིས་ཧ་ཅང་ཆེན་པོ་ཡོང་བའི་རྒྱུ་མཚན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གཙོ་བོ་ཕན་ཚུན་ལ་ཡིད་ཆེས་དགོས་གལ་ཆེན་པོ་རེད། ངོས་ནས་ཆོས་དཔོན་ཁོང་ཉིད་ཆོས་གྲོགས་རྒན་པའི་འདུ་ཤེས་བཞག་གི་ཡོད། ངེད་གཉིས་ཀྱི་ཆོས་ལུགས་མི་འདྲ་བ་དང་། ལུགས་སྲོལ། གོམས་གཤིས་སོགས་མི་འདྲ་ན་ཡང་། དེ་ནི་རིམ་པ་གཉིས་པའི་ཁྱད་པར་ཙམ་ལས། ངེད་གཉིས་ཀྱིས་བྱམས་དང་སྙིང་རྗེའི་ཉམས་ལེན་གཙོ་བོ་བྱེད་ཀྱི་ཡོད་པ་དང། དཀའ་ཁག་རིགས་དང་འཕྲད་ཚེ་ཇི་ལྟར་གདོང་ལེན་བྱ་དགོས་པའི་ཉམས་ལེན་ཡང་བྱེད་ཀྱི་ཡོད། གཞི་རྩའི་ང་ཚོ་མི་ཡིན་པ་གཅིག་པ་རེད། ངོས་རང་ཡི་ཤུ་ཡི་ཆོས་དཔོན་ཀྲུ་ཀྲུ་མཆོག་དང་སེམས་ཐག་ཉེ་པོ་ཡོད། སྐབས་ཤིག་ཁོང་གིས་མི་མང་ལ་གསུང་བཤད་ཅིག་གནང་སྐབས་ངོས་ལ་བསྟོད་བསྔགས་གནང་བ་དང་། དེ་ནས་ཁོང་གིས་ངས་བསྟོད་བསྔགས་བྱ་ཡུལ་དེ་ཡི་ཤུ་ཆོས་པ་ཞིག་མ་རེད་ཅེས་བརྗོད་པ་བཞིན། ཆོས་ལུགས་ཀྱི་ཁྱད་པར་ནི་གལ་ཆེན་མིན་པར། ང་ཚོ་མི་ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དཔལ་ལྡན།